སྐྱེ་ཁམས་ཁོར་ཡུག་སྡེ་ཚན་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་ནུས་གང་ལེགས་བཏོན་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་བའི་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་གི་ཉེས་གསོག་གྱོད་གཞི་ཞིབ་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་བཅས་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་གྱི་འབྲེལ་མཐུད་ལས་དོན་གྱི་ལག་བསྟར་ཞིབ་སྲོལ》(གཤམ་དུ《ལག་བསྟར་ཞིབ་སྲོལ》ཞེས་བསྡུ་རྒྱུ)བཏོན་པ་རེད།
《ལག་བསྟར་ཞིབ་སྲོལ》དུ། བོད་ཀྱི་རིམ་ཁག་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྲིད་འཛིན་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་སྐབས། རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་ནས་འགྱེད་འཕྲོའི་ནུས་པ་ལྡན་པའི་ཟོག་རོ་དང་། འགོ་ནད་ཀྱི་ནད་སློང་བའི་ཟོག་རོ། དུག་ལྡན་དངོས་རྫས་སམ་ཡང་ན་གནོད་ལྡན་དངོས་རྫས་གཞན་དག་ཕྱིར་འབུད་དམ་ཐག་གཅོད་བྱེད་པ་དང་། ཉེན་ཆེའི་ཟོག་རོ་གཉེར་སྐྱོང་ཆོག་འཐུས་ཀྱི་ལག་ཁྱེར་མེད་པར་ཉེན་ཆེའི་ཟོག་རོ་བསྡུ་རུབ་དང་། གསོག་ཉར། བེད་སྤྱོད་བཅས་ཀྱི་གཉེར་སྐྱོང་བྱེད་སྒོ་སྤེལ་བ། མི་གཞན་ལ་གཉེར་སྐྱོང་ཆོག་འཐུས་ཀྱི་ལག་ཁྱེར་མེད་པའམ་ཡང་ན་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་གྱི་ཁྱབ་ཁོངས་ལས་བརྒལ་བ་ཤེས་བཞིན་དུ་དེར་ཉེན་ཆེའི་ཟོག་རོ་བསྡུ་རུབ་དང་། གསོག་ཉར། བེད་སྤྱོད་བཅས་བྱེད་དུ་འཇུག་པ་སོགས་བྱས་ནས་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་རིགས་ཤེས་རྟོགས་བྱུང་ཚེ། རིམ་པ་གཅིག་མཚུངས་ཀྱི་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱེད་པར་སྐྱེལ་དགོས་པ་ལས། སྲིད་འཛིན་གྱི་ཆད་པས་ཉེས་དོན་གྱི་ཆད་པའི་ཚབ་བྱེད་མི་རུང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་རྩིས་སྤྲད་པའི་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ཉེས་གསོག་ཁུངས་སྣེ་དང་ལེན་བྱས་ཏེ། གྱོད་དོན་ཐོ་འགོད་བྱེད་པའི་ཆ་རྐྱེན་དང་མཐུན་ན་ཁྲིམས་ལྟར་གྱོད་དོན་ཐོ་འགོད་ཀྱིས་མྱུལ་ཞིབ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ཉེས་གསོག་ཡིན་ཚེ། སྔོན་ལ་བརྟག་དཔྱད་བྱས་ནས་དཔང་རྟགས་བླངས་ཆོག ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་ཡོད་ཀྱི་ཉེས་གསོག་གྱོད་གཞིར་ཁྲིམས་ལྟར་འཛིན་པར་ཞིབ་བཤེར་དང་ཁྲིམས་སྦྱོར་ཞིབ་བཤེར་སོགས་ཀྱི་ལས་དོན་སྤེལ་ཏེ། དཀའ་གནད་ཆེ་ཞིང་རྙོག་འཛིང་ཆེ་བའི་གྱོད་གཞི་སྔ་སྣུར་དུ་མྱུལ་ཞིབ་ཀྱིས་དཔང་རྟགས་ལེན་པར་ཁྲིད་སྟོན་བྱ་ཆོག འདྲི་གཅོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་ཁྲིམས་ལྟར་འདྲི་ཞིབ་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་དམིགས་བསལ་གྱིས་སྔོན་ལ་ཞིབ་གཅོད་དང་། མགྱོགས་མྱུར་སྒྲུབ་པའི་ལས་ཀའི་ལམ་སྲོལ་བཙུགས་ནས། ཁྲིམས་ལྟར་རྒྱུ་ནོར་གྱི་ཁྲིམས་ཆད་སྤྱོད་ཤུགས་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།