བྱིས་པའི་སློབ་གསོ་སྒོ་ཀུན་ནས་ལེགས་པར་སྨིན་དགོས།
— 《སྦྱངས་ཐོབ་སློབ་གསོའི་མན་ངག》གི་མྱོང་བྱང་།
བསོད་ནམས་སྟོབས།
ཉེ་སྔོན་གཅིག་སྒྲིལ་ལམ་འགྲོ་དཔེ་ཁང་ནས《ཁཱ་ཨར་ཝེ་ཐི་ཡི་སློབ་གསོའི་མན་ངག》ཅེས་པའི་དེབ་ཅིག་བླུས་ཤིང་། དེ་ཉིད་ལྟ་ཀློག་བྱས་མྱོང་མཁན་ཡོད་མེད་ཀྱི་སྐད་ཅིག་སྐད་འཕྲིན་དྲ་རྒྱབ་ནས་དྲིས་པ་ན། བོད་ཀྱི་བྱིས་སྐྱོང་སློབ་གསོ་པ་རླངས་ཚང་བསོད་ནམས་རྡོ་རྗེ་ལགས་ནས“དེའི་འགྱུར་ཡག་མོད། དེ་ལས་སྦྱངས་ཐོབ་སློབ་གསོ་ཡག”ཅེས་པའི་མཆན་ཞིག་བཀོད་འདུག འགྱུར་དེབ་དེ་གཉིས་ཀྱི་གཞུང་ནི་གཅིག་པ་ཡིན་ཡང་། འགྱུར་རྩོམ་རེ་འགའ་ནི་གོ་དཀའ་དོན་ལོག་དང་བསྟན་དོན་ཇི་བཞིན་མ་ཡིན་པ། སྐད་རིགས་གཞན་གྱི་བརྡ་སྤྲོད་ཀྱི་ཤུགས་ཆེ་བའི་འགྱུར་སྐྱོན་ཡོད་པ་ལན་དུ་མར་གོ་མྱོང་མོད། གང་ལྟར་འགྱུར་རྩོམ་དེར་མགོ་ནས་མཇུག་བར་ཞིབ་ཀློག་ཐེངས་གཅིག་བྱེད་པའི་གོ་སྐབས་བྱུང་སོང་།
དེ་ཡང་རྒན་རྒྱ་གྲོལ་ལགས་ཀྱིས“གཞན་གྱི་བྱིས་སྐྱོང་སློབ་གསོའི་ཐབས་ལམ་ཁྱེར་ཡོང་སྟེ། རང་རེའི་བྱིས་སྐྱོང་སློབ་གསོའི་གནད་དོན་ཐག་གཅོད་དགོས་ཞེ་ན་དེ་ནི་དཀའ་བའི་གནས་སོ”ཞེས་གསུངས་པ་ལྟར། གཞན་གྱི་བྱིས་སྐྱོང་སློབ་གསོའི་གཞུང་ལུགས་དང་བྱེད་ཐབས། མན་ངག་དག་མཐའ་གཅིག་ཏུ་ཤ་གཟུག་ཟ་རྐྱང་མ་ཡིན་སྟབས། འདི་དག་དེང་སྐབས་ས་གནས་བྱིས་སྐྱོང་ཁང་གི་དགེ་རྒན་དང་ཁྱིམ་བདག་ཚོས་སྙིགས་དོར་བཅུད་ལེན་གྱིས་བསམ་བློ་ཞིབ་མོ་གཏོང་དགོས།
ང་རང་གི་དཔེ་ཀློག་གི་ཆུ་ཚད་ནི་ཉམ་ཆུང་ཟུངས་ཟད་དང་འཕེལ་མེད་རང་སོའི་ལངས་མ་གོག་གི་ཁྱེའུ་ཆུང་ཆུང་ཞིག་གི་ངང་ཚུལ་ལས་མ་འདས། དེ་ཡང་རྫ་དཔལ་སྤྲུལ་ཚང་གི་གསུང་དུམ་ཞིག་ཏུ“ཐོས་བསམ་ལྕོང་མོའི་ལུས་དང་འདྲ།། མགོ་བོ་ཆེ་སྟེ་མཇུག་མ་ཕྲ།།”ཞེས་པ་ལྟར་རང་གི་དཔེ་ཀློག་གི་བྱ་བར་སྡོམ་ཚིག་ཅིག་བཀོད་ན་འདི་ནི་ཤིན་ཏུ་འཕྲོད་པར་འདོད། མགོ་ཡག་རྔ་བཙོག་དང་སྣ་ཟིན་སྤུ་ཟིན་ཙམ་ཡིན། ཡིན་ཡང་། དཔེ་དེབ་འདིའི་གླེང་གཞིར“འདིར་བསྟན་ཐབས་ཤེས་རྣམས་དུས་ད་ལྟར་ཉམས་སུ་མྱངས་ཀྱང་དངོས་ཕན་ཆེ”ཞེས་པ་ལྟར་སེམས་ཤུགས་ཡོད་རྒུ་དང་འབད་པ་ཧུར་ཐག་གིས་བལྟས་པ་དང་། འགྱུར་ཡིག་སྐབས་ཀྱི་ཚིག་དོན་ནི་ནག་པོ་འགྲོ་ཤེས་སུ་བཀོད་པས་བོད་རྩོམ་ཇི་བཞིན་ཀློག་པའི་མྱོང་སྣང་དང་། དཔེ་ཆོས་དང་གཏམ་དཔེ་བཀོལ་བ་མང་བས་ཕལ་བའི་སྐད་བརྡ་ཇི་བཞིན་བློ་དམན་བདག་དང་བདག་ལྟ་བུ་ལ་ཤིན་ཏུ་བདེ་བོ་འདུག
《སྦྱངས་ཐོབ་སློབ་གསོའི་མན་ངག》ཅེས་པའི་དེབ་འདིའི་སྙིང་པོ་གཅིག་ཏུ་བསྡུས་ན་རྩོམ་པ་པོ་ཁོང་གིས་གསུངས་པ་ལྟར“གཤིས་རྒྱུད་དང་འཇོན་ནུས། བདེ་ཐང་སོགས་སྒོ་ཀུན་ནས་ལེགས་པར་སྨིན་ན་ནི་ད་གཟོད་མངོན་འདོད་ཡིད་བཞིན་གྲུབ་པའི་མི་བུ་བྱོན་པ་ལགས”ཞེས་པ་དང་།“སྤྱོད་ཡོན་གཟུགས་པོ་སུམ་ཆ་ནས་ཡར་འཕེལ་འབྱུང་བར་བྱེད་རྒྱུ་ནི་གནད་ཆེན་ལས་ཀྱང་འགངས་ཆེན་ཡིན”དང་།“བློ་རིག་དང་ཡོན་ཏན་ནི་སྦྱངས་པ་ལས་ཐོབ་པ་ཡིན་ལ་དེ་ཡང་ཆུང་བྱིས་པའི་དུས་ནས་སློབ་གསོ་གཏོང་རྒྱུ་གལ་ཆེ”ཞེས་པ་སོགས་ཀྱི་གལ་ཆེན་འགངས་ཆེའི་དགོངས་དོན་ནམ་བྱིས་སྐྱོང་སློབ་གསོའི་སྤང་བླང་འདོར་ལེན་གྱི་གནད་ཀ་རེ་རེ་མ་ལུས་མ་འཛོལ་བར་མྱོང་བ་དངོས་བརྒྱུད་ཀྱིས་གསུངས་ཡོད་དེ། དཔེར་ན། བྱིས་པའི་སློབ་སྦྱོང་གི་དུས་སྐབས་གང་ཞིག་ནས་མགོ་འཛིན་དགོས་ཚུལ་དང་། སྐྱེས་མའམ་ཨ་མའི་སློབ་གསོ་གལ་ཆེན་ཡིན་ཚུལ། སློབ་གསོ་མ་ལུས་པ་སྦྱངས་ཐོབ་ཀྱི་རྗེས་སུ་འགྲོ་ཚུལ། དབང་པོ་ལྔའི་རིག་གནས་ཀྱི་སྒོ་མོ་ཇི་ལྟར་འབྱེད་ཚུལ། བྱིས་པའི་སྐད་བརྡའི་སློབ་གསོ་ཇི་ལྟར་གསོ་སྐྱོང་བྱེད་དགོས་ཚུལ། བྱིས་པའི་ཁམས་མོས་དང་བསྟུན་པའི་རོལ་རྩེད་དང་བཟའ་བཏུང་འཕྲོད་བསྟེན་གྱི་སྐོར། རོལ་རྩེད་གཙོར་གྱུར་པའི་རང་བྱུང་ཁམས་ཆེན་པོ་ནས་སློབ་གསོ་ཇི་ལྟར་མྱོང་ཚུལ། ཐོས་པ་བརྒྱ་ལས་མཐོང་བ་གཅིག་ལྷག་པའི་དཔེ་ལྟར་དུས་དང་གནས་ངེས་མེད་དུ་འགྲོ་བ་ཅི་ཙམ་མང་ན་དེ་ལྟར་ལེགས་ཚུལ། འཇིག་རྟེན་བཟང་སྤྱོད་ཀྱི་དགེ་བའི་ས་བོན་འདེབས་ཚུལ། བྱིས་པའི་དཔྱོད་ཤེས་དང་རང་རྟོན་ལ་བརྩི་བཀུར་དང་གསོ་སྐྱོང་བྱེད་དགོས་ཚུལ། བྱིས་པའི་སེམས་རྒྱུད་ལེགས་ལམ་དང་ངན་གོམས་སུ་སོང་བའི་བྱ་སྤྱོད་ལ་ཇི་ལྟར་ཚོད་འཛིན་བྱེད་དགོས་ལུགས་སོགས་མདོར་ན་ལེའུ་བཅུ་བདུན་གྱི་བདག་ཉིད་དུ་གྲུབ་པའི་སློབ་གསོའི་བསྟན་བཅོས་གྲགས་ཅན་འདི། ཁཱ་ཨར་ནར་སོན་གྱི་གོ་རིམ་ཁྲོད་དངོས་བྱུང་འཚོ་བའི་དོན་རྣམས་ལ་བབ་བསྟུན་ལུགས་མཐུན་དང་ཁ་ཡོད་ལག་ཡོད་ཀྱིས་ཡང་ཡང་གདམས་ཡོད།འདིར་བྱིས་པ་ནར་སོན་གྱི་གོ་རིམ་ཁྲོད་དུ་ལུས་པའི་རྒྱུན་མཐོང་གི་གནད་དོན་རེ་འགའ་རོབ་ཙམ་ཞུས་ན།
1.ཁྱིམ་ཚང་སློབ་གསོའི་གལ་ཆེན་རང་བཞིན་གྱི་སྐོར།
འགྱུར་རྩོམ་གྱི་མཇུག་བྱང་དུ།“གལ་སྲིད་ཁྱིམ་ཚང་སློབ་གསོའི་གཞི་རྩ་མ་ལེགས་ཚེ། སློབ་གསོ་མཁན་རྩེ་གྲ་དག་གིས་སློབ་གསོ་ནན་ཏན་དུ་བཏང་ཡང་། བྱིས་པར་སློབ་གསོ་སྤྲོད་ཐབས་བྲལ”ཞེས་གསུངས་པ་ལྟར། ཁྱིམ་ཚང་སློབ་གསོ་ནི་བྱིས་པ་རེ་རེ་ཡར་འགྲོ་མར་འགྲོའི་ལམ་བྱང་དང་ས་བོན་ལྟ་བུར་ཆགས་ལ། ཕ་མའི་བྱ་སྤྱོད་དང་ཤུགས་རྐྱེན་ནི་ཏིལ་ལ་ཏིལ་མར་དང་ཤ་འདྲེས་པགས་འདྲེས་སུ་ཐོན་པ་ཡིན་པས། ཐལ་དྲགས་ཆེ་བའི་བཙན་སྤྱོད་དང་སྒེར་གཅོད། སྡིགས་དམོད་ལས་རིང་དུ་གྱེས་ནས་སེམས་ཐོག་སེམས་བཞག་དང་སྙན་ནས་སྙན་བརྒྱུད་ཀྱི་ཁྱིམ་ཚང་སློབ་གསོ་སྤུས་ལེགས་གཙང་དག་ཅིག་དངོས་ཤུགས་བརྒྱུད་གསུམ་ནས་སྤྲོད་རྒྱུ་ནི། བྱིས་པར་གཅེས་སྐལ་གྱི་ཚུལ་དུ་གནང་བའི་ཐོག་མའི་ལེགས་སྐྱེས་མ་ཡིན་ནམ།
2.བྱིས་པའི་ཡིད་རྟོན་གྱི་གལ་ཆེན་རང་བཞིན་གྱི་སྐོར།
དེ་ཡང་ཇི་སྐད་དུ།“བདེན་ཅིང་འཐད་ན་བྱིས་པའི་ངག་ཀྱང་ཉོན།། མི་བདེན་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་ཞོག།”ཅེས་གསུངས་པ་ལྟར། འདིར་བསྟན་གྱི་བྱིས་པ་ནི་ཕྲུ་གུ་དམར་འབྱར་ཡིན་དགོས་པའི་ངེས་པ་མི་འདུག་ཅིང་། བྱིས་པ་ཞེས་པ་རང་སྟེང་ལ་སྦྱར་ན་མི་ཆོག་པ་ཅི་ལ་ཡོད། བྱིས་པ་གཉོམ་ཆུང་ནུས་མེད་དང་བག་འཁུམས་ཤིག་ཏུ་བསམས་ནས། ཐོག་མཐའ་བར་གསུམ་དུ་རང་ཉིད་མངའ་བདག་དང་བྱིས་པ་གཡོག་པོའི་ཚུལ་གྱིས་ཅི་བསམ་འདི་བསམ་མེད་པའི་རིག་རྟུལ་གླེན་ལྐུགས་ཤིག་ཏུ་མི་འཛིན་པར་ཞུ། ཁོང་ཅག་གི་དགའ་མོས་དང་ཡིད་རྟོན་ལ་བརྩི་བཀུར་དང་བཟོད་བསྲན། གཞན་ཡང་ཁོང་ཚོར་དཔའ་སྤོབས་དང་སྙིང་སྟོབས། སྒུལ་ཤུགས་ཀྱི་བྱིན་རླབས་དང་དངོས་གྲུབ་གང་དགོས་ཆར་ལྟར་སྩོལ་བ་དང་། དེ་ནི་བྱིས་པ་ཞིག་ལ་མཚོན་ན། ཁོང་ཅག་གི་མི་ཚེ་ལེགས་གྲུབ་ཀྱི་རྨང་རྡོ་དང་དབུ་ཁྱུད་ལ་ཕྲ་རྒྱན་བཏབ་པ་དང་། དཔའ་མཛངས་རྟུལ་ཕོད་ཀྱི་མི་རབས་ཤིག་རྨོངས་པའི་གཉིད་ལས་སློང་བའི་དུང་སྒྲ་དང་གཉིས་སུ་མེད་དོ།། དེ་ལྟའི་བྱིན་རླབས་ཀྱི་ཚན་ཁ་མེ་ལྟར་འབར་བའི་ཤེས་རབ་ཀྱི་མན་ངག་དག་རང་ཁྱིམ་གྱི་ནང་རྟེན་དང་ཨ་ཕ་ཡི་ངག་སྒོ་དང་ཨ་མ་ཡི་བྱམས་བརྩེ་ན་ལྷང་ངེ་ལྷན་ནེར་བལྟམས་པ་ལས། སློབ་གྲྭ་དང་སློབ་ཁང་ཁྲིད་སྟེགས་ཀྱི་མདུན་རྒྱབ་དང་གཡས་གཡོན་དུ་དཔེ་ངོས་ཀྱི་ཤེས་བྱ་ཐར་ཐོར་ལས་ཡོད་སྲིད་དམ།
3. རང་བྱུང་ཁམས་ནས་སློབ་གསོ་འཚོལ་དགོས་པའི་གལ་ཆེན་རང་བཞིན་གྱི་སྐོར།
ཁཱ་ཨར་ནི་ཆུང་དུས་ནས་ཕྱི་སྐད་སྣ་ཚོགས་དང་སྒྱུ་རྩལ། རི་མོ། རོལ་དབྱངས། རྩོམ་རིག གཞན་ཡང་ལྟ་རྒྱ་ཐོས་རྒྱ་དང་དཔའ་ངར་ཞུམ་མེད། གདུང་སེམས་མཉམ་བསྐྱེད་དང་ཁེངས་སྐྱུང་གཤིས་འཇམ་གྱི་བྱིས་པའི་དཔེ་མཚོན་དུ་རླུང་ལྟར་གྲགས་པ་ཡང་། གང་དེའི་འབྱུང་རྩ་དང་མགོ་ཁུངས་ནི་ཡབ་ཆེན་གྱི་བདག་སྐྱོང་སློབ་གསོ་དང་གོ་བསྐོན་བློ་འགུགས་ཀྱི་ཐབས་ཤེས་ལ་བརྒྱུས་པ་ཉག་གཅིག་རེད།
ཡབ་ཆེན་གྱིས་ཁྱིམ་གྱི་འབྱོར་འཁོས་ཞན་པར་ཁག་མ་དཀྲིས་པར། དུས་དང་གནས་ངེས་མེད་དུ་ཁཱ་ཨར་ཁྲིད་དེ་རང་བྱུང་ཁམས་དང་། འཇར་མན་གྱི་གྲོང་ཁྱེར་ཆེ་གྲས་སོགས་སུ་ཕྱིན་ནས་མིང་བརྡ་འཚོལ་ཞིབ་དང་བྱ་དངོས་བརྟག་དཔྱད་བྱས་པ་དང་། མཐོང་ཐོས་མྱོང་གསུམ་ཇི་སྙེད་འབྲི་ཀློག་བཤད་གསུམ་གྱི་སྒོ་ནས་ཁཱ་ཨར་གྱི་རྩལ་ནུས་སྔོག་འདོན་བགྱིས་པས་ལོ་ན14སོན་པའི་བྱིས་པ་ཞིག་གིས་རབ་འབྱམས་པའི་མཚན་གནས་བླངས་པ་རེད། ང་ཚོར་དེ་ལྟར་སྒྲུབ་པའི་མཐུན་རྐྱེན་དང་བློ་སྤོབས་ནི་ཆ་ཤས་ཡང་ཤས་ཙམ་ལས་མེད་ཀྱང་། མགོ་གཡོག་མགོ་བསྐོར་དང་ངན་ལང་སྐྱག་ལང་། གཤིས་ངན་སྤྱོད་ངན་གྱི་མ་རབས་ཐ་ཤལ་དུ་མི་གཏོང་བར། རང་བྱུང་ཁམས་ཆེན་མོ་ནས་ཤེས་བྱའི་གནས་ཇི་སྙེད་ཅིག་གི་སྒོ་འཕར་ཡངས་པོར་འབྱེད་ཐུབ་ན། དེ་ནི་ཤེས་བྱ་རིག་གནས་ཀྱི་སློབ་དེབ་ཅིག་ཡིན་ལ། དེ་ལས་སྔོན་བྱོན་མཁས་པའི་སྙིང་སྟོབས་དང་བློ་གྲོས་ཀྱི་ཞབས་རྗེས་འཚོལ་ཐུབ། ཁཱ་ཨར་ཝེ་ཐི་ན་རེ།“མཐའ་ཀླས་པའི་ཤེས་བྱ་ནི་རང་བྱུང་ཁམས་སུ་ཡོད་ཕྱིར། དེ་ལས་ལྷག་པའི་དགེ་རྒན་ནི་འཇིག་རྟེན་འདིར་རྙེད་དུ་མེད་པ་ཤེས་དགོས”ཞེས་པའི་ཚིག་ཟུར་ཙམ་གྱིས་ཀྱང་རྟོགས་ཐུབ་བོ། །