“དཔྱིད་རླུང་བྱ་སྤྱོད”ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ།
སི་ཁྲོན་དང་ཁྲུང་ཆིང་གིས་མཉམ་དུ་ལས་གནས་ཁྲི་1.8 ལྷག་ཙམ་བཀོད་སྒྲིག་བྱས་པ།
འདི་ག་ཚགས་པར་ཁང་དུ་ཁྲུང་ཆིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁྲུང་ཆིང་གིས་སི་ཁྲོན་དང་མཉམ་དུ་2023ལོའི་དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་ཟླ་བའི་ཤེས་ལྡན་མི་སྣ་བསྡུ་བའི་འདུ་ཚོགས་ཆེ་གྲས་གཉེར་བ་རེད། ས་གནས་གཉིས་ཀྱི་ཁེ་ལས་337གྱིས་མང་ཚོགས་ལ་ཐག་ཉེ་སར་ལས་གནས་ཁྲི་1.8ལྷག་ཙམ་མཁོ་འདོན་བྱས་ནས། ལས་ཀ་འཚོལ་མཁན་ཐག་ཉེ་ས་དང་རང་སར་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ་རེད།
“དཔྱིད་གསར་དུས་ཆེན་བཏང་རྗེས། ཅང་པེ་ཆུས་ཀྱི་ངལ་ནུས་ཁྲོམ་ར་མགྱོགས་མྱུར་སླར་གསོ་བྱུང་བ་དང་ལྷག་པར་དུ་རླངས་འཁོར་དང་། དངུལ་རྩ། ཚོང་དོན། སྐྱེ་དངོས་སྨན་རྫས་སོགས་གཙོ་གནད་ལས་རིགས་ལ‘མཁོ་སྤྲོད་གཉིས་དར’བྱུང་ཡོད” ཁྲུང་ཆིང་གྲོང་ཁྱེར་ཅང་པེ་ཆུས་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཆུས་དེའི་ཁེ་ལས་72ཀྱིས་ད་ཐེངས་སྨྱན་སྦྱོར་གསར་པའི་གཉེར་སྐྱོང་དང་། དངུལ་རྩའི་ཞབས་ཞུ་བ། གློག་རླངས་ལག་རྩལ་ཆེ་མོ་བ། མཉེན་ཆས་གསར་སྤེལ། ཆ་འཕྲིན་ལས་གྲྭ་སོགས་ལས་གནས་3947མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།
ཁྲུང་ཆིང་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞ་དབྱང་སུང་གིས་ངོ་སྤྲོད་བྱས་པར། ཁྲུང་ཆིང་གྲོང་ཁྱེར་གྱི“དཔྱིད་རླུང་བྱ་སྤྱོད”ཟླ་གསུམ་པའི་ཟླ་མཇུག་བར་རྒྱུན་མཐུད་སྤེལ་རྒྱུ་ཡིན་པ་དང་། མི་སྤྱི་སྡེ་ཚན་གྱིས་ལས་མི་བསྡུ་བའི་བྱེད་སྒོ་ཐེངས་3000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལས་ཞུགས་ལས་གནས་ཁྲི་100མཁོ་འདོན་བྱས་ནས་གླ་པར་སྐྱོད་མཁན་དང་ལས་ཞུགས་ཐད་དཀའ་ངལ་ཡོད་མཁན་སོགས་ངལ་རྩོལ་པའི་ལས་ཞུགས་ལས་གཏོད་ལ་གཅིག་སྡུད་རོགས་རམ་དང་། ཁེ་ལས་ལས་ཐོན་བསྐྱར་ཚུགས་ཡོང་བར་ཞབས་འདེགས་ཞུས་ནས་ལས་ཞུགས་ལ་རྒྱབ་སྐྱོར་ཡོད་པ་དང་། ལས་མི་སྤྱོད་པར་འགན་ལེན་ཡོད་པ། བློ་ཡིད་ཚིམ་ཚད་མཐོ་རུ་འགྲོ་བ་བཅས་བྱ་རྒྱུ་རེད།
“དཔྱིད་རླུང་བྱ་སྤྱོད”སྤེལ་རིང་། ཁྲུང་ཆིང་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གྲངས་འཛིན་གྱི་བསམ་བློར་བརྟེན་ནས་ངལ་རྩོལ་པར་ལས་ཞུགས་ཀྱི་ཞབས་འདེགས་གནད་སྨིན་ཞུ་བ་དང་། རིག་ལྡན་ལས་ཞུགས་མ་ལག་གཏོད་པ། “ཁྲུང་ཆིང་གི་ལས་ཞུགས་གྲངས་འཛིན་ཀླད་ཆེན”ལ་བརྟེན་པ་བཅས་བྱས་ཏེ། ཕ་ཡུལ་དུ་ལོག་མཁན་གླ་པ་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས་སྟབས་བསྟུན་ལྟ་ཞིབ་ཚད་ལེན་གྱིས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གས་ཕ་ཡུལ་དུ་ལོག་མཁན་གླ་པར་ལས་ཞུགས་ཞབས་ཞུའི“གཉེར་ཐེངས་གཅིག”གི་བྱ་རིམ་ཆུང་གྲས་གསར་གཏོད་གསར་སྤེལ་དང་སྲིད་ཇུས་ཆ་ཚང་ཁག་22གཅིག་སྡུད་བྱས་པས། ལས་འཚོལ་ལས་བསྡུ་དང་གསོ་སྦྱོང་མིང་ཐོ་འགོད་པ་སོགས་ཞབས་ཞུའི་དོན་ཚན་11གཉེར་ཐེངས་གཅིག་ལ་གཉེར་ཐུབ་པ་བྱུང་ཡོད། དུས་མཇུག་ཏུ་ད་དུང་དྲ་ཕྱིར་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་141གཉེར་རྒྱུ་ཡིན་པར་ལས་ཀ་འཚོལ་མཁན་ཞུགས་ཆོག་གི་ཡོད་པ་རེད།