༄༅། །སྒོར་མོས་ཉོས་པའི་དཔྱད་རྩོམ་དུས་དེབ་སྟེང་མ་བཀོད་ན་དེའི་རིན་ཕྱིར་ལེན་ཐུབ་བམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 02-16


        བློ་མཐུན་རྩོམ་སྒྲིག་པ།

        ངས་ལས་ཁུངས་ཤིག་ཏུ་བྱ་བ་བསྒྲུབས་ནས་ལོ་གང་མང་འགོར་ཞིང་། ཡིན་ན་ཡང་ད་རག་བར་དུ་ལས་ཐོབ་དཔྱད་བསྡུར་གཏན་འཁེལ་བྱེད་མ་ཐུབ། ད་ལྟ་ལས་ཐོབ་དཔྱད་བསྡུར་གཏན་འཁེལ་བྱེད་པར་དུས་དེབ་ཅིག་གི་སྟེང་དཔྱད་རྩོམ་སྤེལ་དགོས་པས། དྲ་སྟེང་དུ་བཙལ་བའི་མཚམས་སྦྱོར་ལས་ཁུངས་དང་ངེད་གཉིས་ཀྱིས་གྲོས་བྱས་ཏེ། དཔྱད་རྩོམ་ཚབ་སྤེལ་གྱི་རིན་གོང་ལ་སྒོར3200སྟེར་རྒྱུའི་ཐག་བཅད། ཕྱིས་སུ་ངས་ལས་ཁུངས་དེ་གར་སྒོར་ཡོད་ཚད་སྤྲད་རྗེས། ངའི་ཡིག་ཟམ་དུ་དུས་དེབ་ཁང་ཞིག་གིས་དཔྱད་རྩོམ་ཕུད་རྒྱུའི་བརྡ་ཐོ་འབྱོར་ཞིང་། དུས་དེབ་ཁང་དེ་གས་བསྐྱར་དུ་ང་ལ་སྒོར་ཁྲི1སྤྲད་ནས་པར་དབང་བཤུག་སྤྲོད་བྱེད་པའི་ཁག་ཐེག་བྱ་དགོས་ཟེར། ངས་སྒོར་གཅིག་ཀྱང་མ་སྤྲད་པའི་དབང་གིས་དཔྱད་རྩོམ་ད་རག་བར་དུ་སྤེལ་མ་ཐུབ་པར་བསྐྱུར། ཉིན་འགའ་འགོར་རྗེས།དུས་དེབ་རྩོམ་སྒྲིག་ཁང་དེ་གས་ང་ལ་ཁྱོད་ཀྱི་དཔྱད་རྩོམ་ཕྱིར་བསྐུར་ནས་ཉིན་དུ་མ་འགོར་སོང་ཟེར། དེ་བས་ངས་མཚམས་སྦྱོར་ལས་ཁུངས་དེ་གར་འབྲེལ་གཏུག་ཇི་ལྟར་བྱས་ཀྱང་ལན་སྟེར་མཁན་གཅིག་ཀྱང་མ་བྱུང་།འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ངས་ད་ལྟ་མཚམས་སྦྱོར་གྲོན་དངུལ་དེ་ཕྱིར་ལེན་ཐུབ་བམ།

ཞེས་འབུམ་ཁོ་ཡིས།


        བློ་མཐུན་འབུམ་ཁོ་ལགས།

        རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན962པའི་གཏན་འཁེལ་ལྟར་ན།“མཚམས་སྦྱོར་བྱེད་མཁན་གྱིས་གན་རྒྱ་འཇོག་རྒྱུའི་སྐོར་གྱི་དོན་ཚན་མངགས་བཅོལ་བྱེད་མཁན་ལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས་ཤིང་། མཚམས་སྦྱོར་བྱེད་མཁན་གྱིས་བསམ་བཞིན་དུ་གན་རྒྱ་འཇོག་པའི་སྐོར་གྱི་དོན་དངོས་གལ་ཆེན་སྦ་གསང་ངམ་གནས་ཚུལ་རྫུན་མ་མཁོ་འདོན་བྱས་ཏེ། མངགས་བཅོལ་བྱེད་མཁན་གྱི་ཁེ་ཕན་ལ་གྱོང་གུད་བཟོས་ཚེ། གླ་ཆ་སྤྲད་རྒྱུའི་རེ་བ་བཏོན་མི་ཆོག་པར་མ་ཟད་སྐྱིན་ཚབ་གཞལ་འགན་ཡང་འཁུར་དགོས”ཞེས་བཀོད་ཡོད།

        དེར་བརྟེན། ཁྱོད་ཀྱིས་ཐོག་མར་མཚམས་སྦྱོར་ལས་ཁུངས་དེ་ག་ཚད་ལྡན་གྱི་ལས་ཁུངས་ཤིག་ཡིན་མིན་ལ་རྒྱུས་ལོན་བྱ་དགོས། དེ་མིན་ཁྱོད་ཀྱིས་གྱོད་དོན་སྙན་སེང་ཞུས་ནས་ཉེན་རྟོག་པར་ཐག་གཅོད་བྱེད་དུ་འཇུག་དགོས་པར་མ་ཟད། མཚམས་སྦྱོར་ལས་ཁུངས་དེ་ག་གཏོགས་སའི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཐེར་འདོན་ཞུ་གཏུག་ཀྱང་བྱས་ཆོག གལ་ཏེ་མཇུག་འབྲས་ཅི་ཡང་མ་བྱུང་ཚེ། གོང་གསལ་གྱི་བཅའ་ཁྲིམས་གཏན་འཁེལ་དག་གཞིར་བཟུང་སྟེ། དམངས་དོན་ཞུ་གཏུག་བྱས་ནས་མཚམས་སྦྱོར་ལས་ཁུངས་དེ་གར་མཚམས་སྦྱོར་གྲོན་དངུལ་ཕྱིར་བསློག་དགོས་པའི་རེ་བ་བཏོན་ཆོག

ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1