《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 02-17


《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

མིག་སྔའི་དཔལ་འབྱོར་ལས་དོན་གྱི་གནད་དོན་གལ་ཆེན་འགའ་ཞིག

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཞི་པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2022ལོའི་ཟླ་12ཚེས་15ཉིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་ནང་དོན་ཆ་ཤས《མིག་སྔའི་དཔལ་འབྱོར་ལས་དོན་གྱི་གནད་དོན་གལ་ཆེན་འགའ་ཞིག》ཅེས་པ་བཀོད་ཡོད་པ་རེད།

        གསུང་རྩོམ་ནང་ནན་བཤད་གནང་དོན། 2023ལོའི་དཔལ་འབྱོར་ལས་དོན་སྣ་མང་རྙོག་འཛིང་ཆེ་བས་འཐབ་ཇུས་ཀྱི་སྤྱི་ཡོངས་དང་བསྟུན་ནས་འགལ་ཟླ་གཙོ་བོ་དམ་འཛིན་དང་། སྤྱི་ཚོགས་ཀྱི་སེམས་ཁམས་སྔོན་དཔག་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་གདེང་ཚོད་འཕེལ་བ་དམ་འཛིན་བྱ་གཞིར་བྱེད་པ། འགག་རྩའི་ལྷུ་ཚིགས་གལ་ཆེན་དམ་འཛིན་བཅས་བྱས་ནས་གཙོ་གནད་དམ་འཛིན་གྱིས་ལས་དོན་ཡག་པོ་སྒྲུབ་དགོས།

        གསུང་རྩོམ་ནང་བསྟན་དོན། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བར་ཤུགས་སྣོན་རྒྱག་དགོས། སྤྱིའི་དགོས་མཁོ་མི་འདང་བ་ནི་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ལ་འཕྲད་པའི་མངོན་གསལ་དོད་པའི་འགལ་ཟླ་ཞིག་ཡིན་པས། ངེས་པར་དུ་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་བསྐྱར་མ་འཁོར་སྐྱོད་བཟང་པོའི་ཁྲོད་མངོན་འགྱུར་ཡོང་བར་བྱེད་དགོས། སྲིད་ཇུས་དང་བྱེད་ཐབས་ལེགས་སུ་བཏང་ནས་འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་དང་མ་འཇོག་གི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཅིག་ནས་འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་རྒྱུ་དམིགས་བསལ་གནས་བབ་ཏུ་འཇོག་དགོས། གཉིས་ནས་སྲིད་གཞུང་གི་མ་འཇོག་དང་སྲིད་ཇུས་ཀྱི་ལྕག་སྐུལ་ལ་བརྟེན་ནས་སྤྱི་ཚོགས་ཧྲིལ་པོའི་མ་འཇོག་ལ་སྣེ་ཁྲིད་ནུས་ལྡན་བྱེད་དགོས། ཕྱིར་གཏོང་གིས་དཔལ་འབྱོར་ལ་ཐོན་པའི་འདེགས་སྐྱོར་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་ཚོང་དོན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་དགོས།

        གསུང་རྩོམ་ནང་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་མགྱོགས་སུ་གཏོང་དགོས། ང་ཚོས་ནང་ཤུགས་འཕེལ་བ་བྱས་ནས་རྐང་པ་བརྟན་པོ་འཛུགས་ཐུབ་པ་བྱེད་དགོས། རང་རྒྱལ་ལ་འཛམ་གླིང་ཐོག་འཐུས་སྒོ་ཚང་ཤོས་ཀྱི་ཐོན་ལས་མ་ལག་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་ནང་མཁོའི་ཁྲོམ་ར་ཡོད་པས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་དང་བདེ་འཇགས་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ་ཆད་སྐྱོན་སེལ་བ་དང་ལེགས་ཆ་རྒྱུན་འཁྱོངས་དམ་འཛིན་བྱེད་དགོས། གཅིག་ནས་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་སྐྱོད་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས། རང་རྒྱལ་གྱི་དཔལ་འབྱོར་ངེས་པར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་དང་། གཞི་རྩའི་དམངས་འཚོ་འགན་ལེན། རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་ཐོན་ལས་འགན་ལེན་བཅས་སྤྱི་ཡོངས་ཀྱི་རྒྱུན་གཏན་ཁྲོད་འཁོར་སྐྱོད་ཐུབ་པ་བྱེད་དགོས། གཉིས་ནས་ཐོན་ལས་མ་ལག་རིམ་སྤོར་འཕེལ་རྒྱས་མགྱོགས་མྱུར་མངོན་འགྱུར་བྱེད་དགོས། གཙོ་གནད་ཁྱབ་ཁོངས་སུ་སྔོན་ལ་བཀོད་སྒྲིག་དང་ཐོན་ལས་མ་ལག་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་སྲོལ་རྒྱུན་ལེགས་ཆའི་ཐོན་ལས་ཀྱི་སྔོན་ཐོན་གནས་བབ་བརྟན་དུ་གཏོང་དགོས་ལ། འགྲན་རྩོད་ཀྱི་ལེགས་ཆ་གསར་པའང་གཏོད་དགོས།

        གསུང་རྩོམ་ནང་བསྟན་དོན། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་ཏན་ཏིག་བྱེད་དགོས། ང་ཚོས་ངེས་པར་དུ་རྣམ་འགྱུར་གསལ་སྟོན་བྱེད་དགོས་པ་ལས་ཟ་རི་ཟི་རི་གཏན་ནས་མི་བྱེད་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་དགོས། གཅིག་ནས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། གཉིས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས།

        གསུང་རྩོམ་ནང་བསྟན་དོན། དེ་བས་ནུས་ལྡན་གྱི་སྒོ་ནས་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་དང་སྤྱོད་ཐུབ་པ་བྱེད་དགོས། ཕྱོགས་ཡོངས་ནས་གོ་ལ་ཧྲིལ་པོར་ལྟ་སྐབས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་དངོས་ཚན་གྱིས་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་དང་སྤྱོད་རྒྱུ་དེ་རྒྱལ་ཇུས་གལ་ཆེན་ཞིག་ལ་བརྩིས་པས་ཚོང་འགུགས་མ་འདྲེན་གྱི་རྒྱལ་སྤྱིའི་འགྲན་རྩོད་དེ་བས་ཛ་དྲག་ཏུ་ཕྱིན་ཡོད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་ལེགས་ཆར་བརྟེན་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོར་བརྟེན་ནས་གོ་ལ་ཧྲིལ་པོའི་ཐོན་ཁུངས་ཀྱི་གཞི་རྒྱུ་ནང་འདྲེན་བཅས་བྱེད་པར་སྤུས་ལེགས་གསོག་འབོར་གྱི་ཕྱི་དངུལ་ཉར་ཐུབ་པ་བྱེད་དགོས་ལ། ད་དུང་སྤུས་ཚད་མཐོ་བའི་ཕྱི་དངུལ་དེ་བས་མང་བ་ནང་འདྲེན་བྱས་ནས་ཚོང་དོན་མ་འཇོག་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། གཅིག་ནས་ཁྲོམ་རའི་འཇུག་འཐུས་རྒྱ་ཆེར་གཏོང་དགོས། གཉིས་ནས་ཚོང་གཉེར་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་དགོས། གསུམ་ནས་དམིགས་ས་ཡོད་པའི་སྒོ་ནས་ཕྱི་དངུལ་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་སྒྲུབ་དགོས།

        གསུང་རྩོམ་ནང་བསྟན་དོན། དཔལ་འབྱོར་གྱི་དངུལ་རྩའི་ཉེན་ཁ་ཆེན་པོ་ནུས་ལྡན་ངང་འགོག་ཟོན་དང་སེལ་དགོས། ངེས་པར་དུ་རྩ་ལག་མཉམ་བཅོས་དང་ཉེ་རིང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་དམ་པོར་སྲུང་དགོས། གཅིག་ནས་ས་ཁང་ཐོན་ལས་སུ་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་ཐོན་རྒྱུར་འགོག་ཟོན་བྱེད་དགོས། གཉིས་ནས་དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་དགོས། གསུམ་ནས་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་སེལ་དགོས།

        གསུང་རྩོམ་ནང་ནན་བཤད་གནང་དོན། 2023ལོར་ད་དུང་ལས་དོན་གལ་ཆེན་མང་པོ་སྒྲུབ་དགོས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་གནས་ཚུལ་ཐོན་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། རེས་སྐོར་གསར་པའི་ཕྱོགས་ཡོངས་ཀྱི་སྒྱུར་བཅོས་ཟབ་གཏོང་ཇུས་འགོད་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1