ཚེས་16ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུར་ཁེར་ཨ་སྒོར་དུང་ཕྱུར་10ཡི་ཛ་དྲག་རོགས་སྐྱོར་བྱས་ནས་ཡོམ་ཁྲོད་བརྡབ་གསིག་ཆེ་ཤོས་བྱུང་མཁན་ཁྲི་520ལ་རོགས་སྐྱོར་བྱ་རྒྱུའི་རེ་འབོད་བྱས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཁང་གིས་དེ་ཉིན་ཞལ་འདེབས་བསྡུ་བའི་བྱེད་སྒོ་ཛ་དྲག་ངང་སྤེལ་ཞིང་། མ་དངུལ་གྲབས་གསོག་བྱས་པ་དེས་ཟླ་3ནང་ཐུར་ཁེའི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་མང་ཚོགས་ཁྲི་520ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཞིང་། དེའི་ནང་ཡུལ་གྱར་བ་མང་པོ་ཚུད་ཡོད་པ་རེད། མ་དངུལ་དེ་དག་གཙོ་བོ་གནོད་འཚེ་ཕོག་མཁན་ལ་གནས་སྐབས་ཀྱི་སྡོད་གནས་དང་། བཟའ་བཅའ། སྨན་བཅོས་དང་འཚོ་བཅུད་ཐོན་རྫས། འཐུང་ཆུ་དང་འཕྲོད་བསྟེན་སྒྲིག་བཀོད། དེ་བཞིན་སླར་གསོ་སྔ་ཙམ་དང་ཞིག་རོ་གཙང་སེལ་སོགས་ཀྱི་ཐད་སྤྱོད་རྒྱུ་ཡིན་པ་རེད།
ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་གསལ་བསྒྲགས་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུར་ཁེའི་མི་དམངས་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
ཚེས་6ཉིན་སི་རི་ཡཱའི་མཐའ་མཚམས་དང་ཉེ་བའི་ཐུར་ཁེའི་ལྷོ་རྒྱུད་ས་ཁུལ་དུ་ས་ཡོམ་དྲག་པོ་བརྒྱབ་སྟེ། ཐུར་ཁེ་དང་སི་རི་ཡཱ་རྒྱལ་ཁབ་གཉིས་པོར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད། ཀུའུ་ཐེ་ལེ་སིས་ཚེས་14ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཨ་སྒོར་དུང་ཕྱུར་3.97ཞལ་འདེབས་ཕུལ་ནས། སི་རི་ཡའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཕྲལ་མཁོའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱེད་དགོས་པའི་རེ་འབོད་བྱས་པ་རེད།