༄༅།།གེ་སར་སྒྲུང་དང་ཆོས་ལུགས་བར་གྱི་འབྲེལ་བ་བཤད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 02-21


ད་ལྟ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་བགྲེས་གཞོན་མི་ཉུང་བས་བཞེད་པ་ལྟར་ན།  གླིང་རྗེ་གེ་སར་རྒྱལ་པོ་ནི་བོད་རབ་བྱུང་དང་པོའི་སྐབས་སུ་ཁམས་སྡེ་དགེ་ཕྱོགས་སུ་སྐུ་བལྟམས་པའི་ལོ་རྒྱུས་ཀྱི་དཔྱད་པ་མང་པོ་བཏང་ཡོད།  གལ་སྲིད་གེ་སར་རྒྱལ་པོ་མཆོག་བོད་རབ་བྱུང་དང་པོའི་སྐབས་སུ་འཁྲུངས་པའི་དབང་དུ་བཏང་ན།  བགྲང་བྱ་ཆིག་སྟོང་ཡས་མས་ལས་འདས་མེད་པར་བརྟེན། སྐབས་དེར་ནང་པ་སངས་རྒྱས་ཆོས་ལུགས་ནི་བོད་ལྗོངས་སུ་ཁྱབ་དང་ཁྱབ་བཞིན་མཆིས་པ་མ་ཟད།  བོད་རིགས་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། དམག་དོན།  རིག་གནས་སྒྱུ་རྩལ་བཅས་ལ་ཡང་ཤན་ཤུགས་ཐེབས་བཞིན་པའི་སྒང་ཡིན།   དེ་ཡང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་ཁྱབ་ཏུ་སོང་བའི་བགྲང་བྱ་ཆིག་སྟོང་སུམ་བརྒྱ་ལྷག་གི་རིང་ལ།    བོད་མི་རིགས་འདིར་དཀོན་མཆོག་གསུམ་ལ་དད་མོས་ཟློག་མེད་བགྱིས་པའི་འདུ་ཤེས་དང་བག་ཆགས་ཟབ་མོ་བཞག་ཅིང་།  དུས་དང་རྣམ་པ་གང་ལའང་འབྲལ་ཐབས་མེད་པའི་ཚུལ་དུ་སྣང་འདུག  གླིང་གེ་སར་སྒྲུང་ལ་མཚོན་ན། འདི་འདྲའི་ཆ་རྐྱེན་འོག་ཏུ་གྲུབ་པའི་སྒྲུང་རྩོམ་ཞིག་ཡིན་ཕྱིར།  ཆོས་ལུགས་ཀྱི་ཤན་ཤུགས་མ་ཐེབས་རང་ཐེབས་སུ་གྱུར།   

གླིང་གེ་སར་སྒྲུང་ནི་བྱུང་བའི་དུས་རབས་སྔ་བ་དང་ཁྱབ་རྒྱ་ཆེ་བ།  དར་ཁྱབ་ཀྱི་རྣམ་པ་ཡང་མང་བ།  བརྗོད་བྱའི་དོན་ཡང་ཁྱབ་ཆེ་ལ་ཕུན་སུམ་ཚོགས་པ་ཞིག་ཡིན་པར་བརྟེན།  གླིང་གེ་སར་སྒྲུང་དང་ཆོས་ལུགས་ཀྱི་འབྲེལ་བ་ཡང་རྙོག་དྲ་ཅུང་ཆེ་བའི་གནས་ཚུལ་མངོན་གསལ་དུ་བྱུང་འདུག  གཞན་ཡང་སྒྲུང་རྩོམ་འདི་དར་ཁྱབ་དང་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ནང་དུ་འཚོལ་སྡུད་མཁན་དང་དག་སྒྲིག་པ། སྒྲུང་པ་བཅས་ཀྱི་ཁ་ལག་བརྒྱུད་ནས་གསར་སྣོན་དང་ཞུ་དག་བགྱིད་པའི་སྐབས་སུ་ཆོས་ལུགས་ཀྱི་ཤན་ཤུགས་རྒྱ་ཆེན་པོ་ཐེབས་ཡོད། འདིར་གདོད་མའི་ཆོས་ལུགས་དང་རྗེས་གྲུབ་ཀྱི་ཆོས་ལུགས་མི་འདྲ་བས་ཤན་ཞུགས་ཡོད་པ་ལས་གཞན།    ཆོས་ལུགས་གཅིག་པའི་ནང་གི་གྲུབ་མཐའ་མི་གཅིག་པས་ཀྱང་ཤན་ཤུགས་ལྕི་ཡང་གང་མང་ཐེབས་འདུག དེའི་ཕྱིར། སྒྲུང་དཔེ་འདིའི་ནང་དུ་བོད་གནའ་རབས་ཀྱི་གདོད་མའི་ཆོས་ལུགས་དང་རང་བྱུང་གི་ལྷ་ལ་དད་མོས་བགྱིད་པའི་ཚུལ་མཐོང་ཐུབ་ལ།  བོད་རིགས་རང་ལས་གྲུབ་པའི་བོན་པོའི་ཆོས་ལུགས་ཀྱང་མཐོང་ཐུབ། དར་རྒྱ་ཤིན་ཏུ་ཆེ་བའི་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་བཀའ་བརྒྱུད་པ་དང་བཀའ་གདམས་པ།   རྙིང་མ། གསར་མ། ས་སྐྱ་པ་བཅས་ཀྱི་ཤན་ཤུགས་ཀྱང་གསལ་པོར་མཐོང་ཐུབ།  

གང་ལྟར་ཀྱང་གེ་སར་སྒྲུང་ལས་མི་སྣའི་ཞིབ་འབྲི་དང་། རྗོད་བྱེད་ཚིག་གི་བཀོད་སྟངས་བཅས་ཐད་དུ་ཆོས་ལུགས་དང་སྒྱུ་རྩལ་བར་གྱི་འབྲེལ་བ་ནི་ཇ་དང་འོ་མ་ཇི་བཞིན་འདྲེས་འདུག་ཅིང་། གླིང་གེ་སར་སྒྲུང་གི་ཐོག་མཐའ་བར་གསུམ་དུ་ལྷ་ཀླུ་གཉན་གསུམ་དང་།  དགྲ་ལྷ་ཝེར་མ།  ཡུལ་ལྷ་གཞི་བདག་བཅས་ལ་མཆོད་བཀུར་བླ་ན་མ་མཆིས་པ་བགྱིད་པ་མ་ཟད། སྤྲུལ་སྒྱུར་སྣ་ཚོགས་དང་དུད་འགྲོ་སྲོག་ཆགས་བཅས་ཀྱིས་མི་སྐད་དང་མི་དོན་སྒྲུབ་པའི་གཟུགས་བརྙན་ཡང་གསར་བཞེངས་བགྱིས་ཡོད།    ད་དུང་བླ་འབྲོང་བླ་ཤིང་བླ་མཚོ་བཅས་ཀྱི་བླ་གནས་མང་པོ་ཡོད་པ་དང་།   གསོལ་འདེབས་བསང་མཆོད་དང་ལྷ་བ་མོ་བ་བཅས་ཀྱི་ཚུལ་ཡང་ཞིབ་འབྲི་གསོན་ཉམས་ལྡན་པ་བགྱིས་འདུག  སྒྲུང་དཔེ་ལ་ལའི་ནང་དོན་གཙོ་བོ་སྟེ།   སངས་རྒྱས་ཆོས་ལུགས་ཀྱི་ཚེ་འདི་ཕྱི་དང་ལས་རྒྱུ་འབྲས།  རྣམ་སྨིན་འཆི་བ་མི་རྟག་པ།  བདེ་འགྲོ་ངན་འགྲོ་བཅས་ཀྱི་ནང་དོན་རིག་པའི་གཞུང་གང་མང་བརྗོད་ཡོད་པའི་དབང་གིས་སྒྲུང་རྩོམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་འདུག  གཤམ་དུ་གླིང་སྒྲུང་ལ་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་པའི་སྐོར་རིགས་འགར་བགོས་ནས་རགས་ཙམ་བརྗོད་པར་བྱ་སྟེ།   

དང་པོ། ལྷ་ཀླུ་གཉན་གསུམ་དང་འབྲེལ་བ་དམ་པ།

གླིང་གེ་སར་སྒྲུང་ལས་ནམ་རྒྱུན་མཐོང་བ་ལྟར་ན། གླིང་རྗེ་གེ་སར་རྒྱལ་པོ་ནི་ལྷ་ཀླུ་གཉན་གསུམ་དང་འབྲེལ་འདྲིས་དམ་པོ་མཆིས་པ་སྟེ།   གོང་ལྷ་ཆེན་ཚངས་པ་དཀར་པོ་དང་བར་གཉན་ལྷ་གེར་མཛོ།  འོག་ཀླུ་རྒྱལ་གཙུག་ན་རིན་ཆེན་བཅས་ཀྱི་རྒྱབ་རོགས་དང་ཁྱད་པར་དུ་གནམ་ཨ་ནེ་གོང་སྨན་རྒྱལ་མོས་ཐད་ཀར་ལམ་ཁྲིད་པ་སོགས་ལ་བརྟེན་ནས་ཁོང་གི་མི་ཚེ་གང་གི་རླབས་ཆེན་གྱི་མཛད་རྗེས་བསྐྲུན་པར་བརྗོད་ཅིང་།   གལ་སྲིད་ལྷ་ཀླུ་གཉན་གསུམ་གྱི་རོགས་རམ་དང་བྲལ་བའི་དབང་དུ་བཏང་ན་ཁོང་ལ་ཐབས་ཤེས་ཅི་ཡང་མེད་པས་མཛད་འཕྲིན་རྒྱ་ཆེན་པོ་འགྲུབ་པའི་ནུས་པའང་མེད་པ་ལྟར་སྣང་། གླིང་གེ་སར་སྒྲུང་ལས་བཤད་པ་ལྟར་ན།  ཁོང་ལྷ་ཀླུ་གཉན་གསུམ་ལ་འབྲེལ་བ་ཤིན་ཏུ་དམ་པའི་རྒྱུ་མཚན་ཡང་ཁོང་ལ་རྒྱབ་རོགས་གནང་ནས་མ་རུངས་དགྲ་སྡེ་ཐམས་ཅད་ཕམ་པར་གཏོང་བའི་ལས་དོན་རྐྱང་རྐྱང་མིན་ཏེ།   ཁོང་ཡང་ཐོག་མ་ལྷ་ཡུལ་ཁམས་སུ་འཁྲུངས་ཤིང་མཚན་ལ་ཐོས་པ་དགའ་ཟེར། དེ་ཡང་ལྷ་ཆེན་ཚངས་པ་དཀར་པོ་དང་ཡུམ་ཆེན་མ་གཅིག་ཁྲོ་མོ་ནག་པོའི་སྲས་གསུམ་པ་ཡིན་པར་གྲགས།  སྨན་ཨ་ནེ་གོང་མ་རྒྱལ་མོའི་ཚ་བོ་ཡིན་སྐད།    འཇིག་རྟེན་མི་ཡུལ་ཁམས་སུ་ཕེབས་པ་ཡང་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ལུང་བསྟན་གནང་བ་ལྟར་བསྒྲུབས་པ་ཡིན་པར་བཤད་འདུག  ཁོང་གི་མི་ཡུལ་གྱི་མ་ཡུམ་ཡང་ཀླུ་རྒྱལ་གྱི་སྲས་མོ་ཡིན་པའི་ལོ་རྒྱུས་ཀྱང་《འགོག་གླིང་གཡུལ་འགྱེད་》ལས་འདི་ལྟར་བྲིས་ཡོད།  

ས་སྐྱིད་པོ་མ་དྲོས་ཀླུ་ཡུལ་ནས།  །ཀླུ་གཙུག་ན་རིན་ཆེན་སྲས་མོ་ཡིན།  །སྲས་མོ་གསུམ་གྱི་ཆུང་ཤོས་ཡིན། །ཀླུ་མོ་ཡལ་ག་མཛེས་ལྡན་ཟེར། །ལྷ་ཨོ་རྒྱན་པད་མའི་དབང་ཡོན་ཡིན།  །གོག་ར་ལོ་ཚང་ལ་གནང་བ་ཡིན།  །ཞེས་བཤད།  འགོག་གླིང་གཡུལ་འགྱེད་ཀྱི་སྐབས་སུ་འགོག་ར་ལོ་ཕམ་པར་བཏང་ནས་འགོག་མོ་གླིང་གིས་འཕྲོག་རྗེས་མིང་ལ་འགོག་བཟའ་མེ་ཏོག་ཐོགས་ཤིང་། གླིང་གི་སེང་བློན་རྒྱལ་པོའི་བཙུན་མོར་བསྐོས། དེ་བས་ངག་རྒྱུན་ལྟར་ན་གེ་སར་མཆོག་གི་ཕ་རི་ནས་མཆེད་པས་རི་ལ་གཡོ་འགུལ་མེད་པ།  མ་མཚོ་ལས་མཆེད་པས་མཚོ་ལ་ཁ་ཞབས་མེད་ཅེས་བཤད་ཅིང་།    《ཧོར་གླིང་གཡུལ་འགྱེད་》ལས་ཀྱང་།  འཛམ་གླིང་སེང་ཆེན་རྒྱལ་པོ་དེ།  །རྩེ་མོ་ཡར་ཟུག་ལྷ་ལ་ཟུག  །ལྷ་ཚངས་པ་དཀར་པོའི་ཐུགས་སྲས་རེད། །སྐེད་པ་བར་ཟུག་གཉན་ལ་ཟུག  །གཉན་སྐུ་ལྷ་གེར་འཛོའི་ཚ་བོ་རེད། །རྩ་བ་མར་ཟུག་ཀླུ་ལ་ཟུག །ཀླུ་གཙུག་ན་རིན་ཆེན་ཡང་ཚ་རེད། །ཅེས་བྲིས་ཏེ་གླིང་རྗེ་གེ་སར་རྒྱལ་པོ་ཁོང་དང་ལྷ་ཀླུ་གཉན་གསུམ་བར་གྱི་འབྲེལ་བ་གསལ་བཤད་གནང་འདུག  

གཞན་ཡང་གླིང་རྗེ་གེ་སར་རྒྱལ་པོ་གཡུལ་འགྱེད་གང་ལ་ཞུགས་པའི་སྐབས་སུ། ལྷ་ཀླུ་གཉན་གསུམ་ལ་འབོད་པ་དང་མཆོད་པ་བགྱིད་པའི་འགྲོ་ལུགས་འདི་ཡང་མེད་དུ་མི་རུང་བར་བརྗོད་དེ།  དཔེར་ན་《བདུད་འདུལ་》ལས།  སྟེང་དག་པ་ལྷ་ཡི་ཞིང་ཁམས་ནས། །ལྷ་ཚངས་པ་དཀར་པོ་དམ་ཚིག་ཅན། །ཐུགས་དགོངས་པ་ག་རེ་གཡེངས་ནས་ཡོད། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། སྤུ་གྲི་རླུང་གི་དབྱིངས་རིམ་ནས། །གཉན་ཆེན་དྲག་རྩལ་འཕྲིན་ལས་ཅན། །དགོངས་པ་གང་དུ་གཡེངས་ནས་ཡོད། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །མ་དྲོས་ཀླུ་ཡི་ཕོ་བྲང་ནས།  །ཀླུ་དུང་སྐྱོང་དཀར་པོ་མཐུ་རྩལ་ཅན།  །དགོངས་པ་གང་དུ་གཡེངས་ནས་ཡོད། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སྟེང་ཨ་ནེ་གོང་སྨན་རྒྱལ་མོ་དང་། །གླིང་གི་གེར་མཛོ་གཉན་པོ་རྣམས། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན།།ཞེས་ལྷ་ཆེན་ཚངས་པ་དཀར་པོ་དང་གཉན་ཆེན་དྲག་རྩལ་འཕྲིན་ལས། ཀླུ་ཆེན་དུང་སྐྱོང་དཀར་པོ། ཨ་ནེ་གོང་སྨན་རྒྱལ་མོ། གླིང་གི་གེར་མཛོ་གཉན་པོ་བཅས་སྐྱེས་བུའི་གྲོགས་སུ་བྱོན་དགོས་པའི་ལྷ་འབོད་ཀླུ་འབོད་བགྱིད་འདུག དེ་བཞིན་དུ་གླིང་གི་དཔའ་རྟུལ་སུམ་ཅུ་དང་སྨན་མཆོག་བཅུ་གསུམ་ཚང་མར་ཡང་རང་རང་གི་གྲོགས་སུ་བྱོན་པའི་ལྷ་དང་ཝེར་མ། ཡུལ་ལྷ་གཞི་བདག་སོགས་ཡོད་པར་བརྗོད་པ་རེད།   

ལྡོག་ཕྱོགས་ཀྱི་མི་སྣར་མཚོན་ནའང་རང་རང་གིས་མཆོད་བཀུར་བགྱིད་པའི་ལྷ་དང་གཞི་བདག་བཅས་ཡོད་པས་ཁོང་ཚོའི་ཚེ་སྲོག་ལ་སྲུང་སྐྱོབ་བགྱིད་པའི་ནུས་པའང་ཐོན་གྱི་ཡོད་པར་འདོད་དེ།    དཔེར་ན་《ཧོར་གླིང་གཡུལ་འགྱེད་》ལས། གླུ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །ལྕགས་ནག་དམ་པ་དགུ་སྒྲིག་མཁྱེན། །རྒྱལ་པོ་དམར་པོའི་གདུང་རྒྱུད་མཁྱེན། །གཉིད་མེད་ཨ་མཆོད་གུ་རུ་མཁྱེན། །གཟིགས་མེད་མར་མེ་ཚེ་འབར་མཁྱེན། །དེ་ཡན་ལྷ་ལ་འདི་མཆོད་མེད། །ཅེས་ཧོར་གྱི་གུར་དཀར། གུར་ནག གུར་སེར་སོགས་ལའང་མཆོད་སའི་ལྷ་ཡོད་ཅིང་།  ལྷས་མགོན་སྐྱོབ་ལ་བརྟེན་ནས་རང་ལུས་སྲུང་སྐྱོབ་དང་གཞན་སྲོག་གཅོད་པ་སོགས་ལས་ལ་ཞུགས་པ་ལྟ་བུའོ། །  

གཉིས་པ། བླ་གནས་ཀྱི་ནུས་ཤུགས་འབུར་དུ་ཐོན་པ།

གེ་སར་རྒྱལ་པོའི་སྒྲུང་ནང་བཀོད་པ་ལྟར་ན།  གླིང་རྗེ་གེ་སར་དང་དཔའ་རྟུལ་སུམ་ཅུ་དག་ལ་ལྷ་ཀླུ་གཉན་གསུམ་གྱིས་སྡོངས་གྲོགས་མཛད་པ་མ་ཟད། ཁོང་རྣམས་ལའང་བླ་རི་དང་བླ་མཚོ་བླ་རྟ་བཅས་པའི་སྲོག་འཛིན་གྱི་བླ་གནས་ཀྱང་མང་པོ་མཆིས། དཔེར་ན། གླིང་རྗེ་གེ་སར་རྒྱལ་པོའི་བླ་རི་ནི་རྨ་ཆེན་སྦོམ་ར་ཡིན་སྐད།  གལ་ཏེ་གེ་སར་རྒྱལ་པོ་འདུལ་བསམ་ན་ཐོག་མར་རི་རབ་རྨ་ཆེན་སྦོམ་ར་མེད་པར་བཟོ་དགོས་པ་རེད།  དེ་མིན་གེ་སར་རྒྱལ་པོ་ཉིད་འདུལ་བའི་ཐབས་ཤེས་སྤུ་ཙམ་ཡང་མེད།   གླིང་སེང་ལྕམ་འབྲུག་མོའི་བླ་གནས་མཚོ་སྐྱ་རེངས་ཡིན་སྐད། དེ་ཡང་བླ་མཚོ་བསྐམས་སུ་མ་བཅུག་ན་འབྲུག་མོའི་ཚེ་སྲོག་ལ་གནོད་པ་ཅི་ཡང་ཡོང་མི་ཐུབ།  ཧོར་གྱི་ཤན་པ་རྨེ་རུ་རྩེའི་བླ་གནས་ཀྱང་འབྲོང་གཡག་དམར་པོ་ཞིག་ཡིན་སྐད།    ཧོར་གུར་དཀར་དང་གུར་ནག་གུར་སེར་བཅས་ལ་མཚོན་ན།   འབྲོང་གཡག་དཀར་པོ་གུར་དཀར་རྒྱལ་པོའི་བླ་འབྲོང་དང་། འབྲོང་གཡག་ནག་པོ་གུར་ནག་རྒྱལ་པོའི་བླ་འབྲོང་། འབྲོང་གཡག་སེར་པོ་གུར་སེར་རྒྱལ་པོའི་བླ་འབྲོང་བཅས་ཡིན་སྐད། ཁྱད་པར་དུ་ཧོར་གུར་དཀར་རྒྱལ་པོར་སྲ་ཞིང་མཁྲེགས་པའི་ཐེའུ་རང་བླ་ལྕགས་ཞིག་དང་། མོན་ཤིང་ཁྲི་རྒྱལ་པོར་མགོ་དགུ་ཅན་གྱི་གདུག་སྲིན་ཞིག  གྲུ་གུ་རྒྱལ་པོར་དོམ་ནག་འཇིགས་སུ་རུང་བ་ཞིག་དང་མགོ་དགུ་ཅན་གྱི་འུག་རྒན་ཞིག བདུད་ཀླུ་བཙན་རྒྱལ་པོར་བླ་འབྲོང་བླ་ཤིང་བླ་མཚོ་གསུམ་བཅས་སོ་སོར་བླ་སྲོག་བཅོལ་ཡུལ་རེ་ཡོད་པར་བཤད་ཅིང་། གེ་སར་མཆོག་གིས་བདུད་རྒན་འདུལ་བའི་སྐབས་སུ། ཐོག་མར་བླ་འབྲོང་བསད།    བླ་ཤིང་བཅག་བླ་མཚོ་བསྐམས་སུ་བཅུག་རྗེས་ད་གཟོད་བདུད་རྒན་ཆམ་ལ་ཕབ་ཐུབ་པ་ཡིན་ཟེར།   ད་དུང་གླིང་གི་དཔལ་རྟུལ་དང་བདུད་སྡེ་འདྲེ་སྲིན་གང་ཡིན་ཡང་། གཡུལ་འགྱེད་སྐབས་སུ་ཚེ་ལས་འདས་པ་ན་ཐམས་ཅད་ཀྱི་རྣམ་ཤེས་ཕྱི་མའི་ཡུལ་དུ་འགྲོ་བ་དང་།   རང་རང་གི་དགེ་སྡུག་སྤང་བླང་གི་ཁྱད་པར་ལྟར་དུ་རིགས་དྲུག་གི་འཁོར་བའི་ནང་དུ་སླར་ཡང་སྐྱེ་བ་ལེན་པའི་ཆོས་ལུགས་ཀྱི་ལྟ་བ་བརྗོད་ཡོད་པ་མ་ཟད།  གླིང་རྗེ་གེ་སར་རྒྱལ་པོས་དགྲ་སྡེ་རྣམས་རྨེག་མེད་བཟོས་རྗེས།   དེ་མ་ཐག་དཀར་པོ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ནག་པོ་བདུད་ཡུལ་ཐམས་ཅད་ཀྱང་དཀར་ཕྱོགས་ཆོས་ལ་བསྒྱུར་ཏེ།  ཤི་བོ་དུང་ཕྱུར་ཐམས་ཅད་ཀྱི་རྣམ་ཤེས་དག་པའི་ཞིང་ལ་འདྲེན་པ་སོགས་དེ་མཚུངས་ཀྱི་གཏམ་རྒྱུད་ཀྱང་མང་པོ་ཡོད།     

གསུམ་པ། སྤྲུལ་སྒྱུར་གྱི་མཐུ་ནུས་ལྡན་པ།

སྒྲུང་དཔེའི་ནང་ཞིབ་འབྲི་བྱས་པའི་དྲང་ཕྱོགས་ལྡོག་ཕྱོགས་ཀྱི་མི་སྣ་གང་ཡིན་ཡང་ཐམས་ཅད་དངོས་ཡོད་འཚོ་བའི་ནང་གནས་པའི་ཤ་ཁྲག་གཉིས་ལྡན་གྱི་གང་ཟག་ཡིན་ཡང་།   ཁོ་ཚོ་ཕལ་ཆེར་ལྷ་འདྲེ་དང་འབྲེལ་འདྲིས་བྱེད་ཐུབ་པར་མ་ཟད།   དུད་འགྲོ་སྲོག་ཆགས་དང་མདའ་མདུང་གྲི་གསུམ་ཡིན་ཡང་མི་གཤིས་ཅན་དུ་སྤྲུལ་ཏེ་མི་དང་མཚུངས་པའི་སྐད་སྨྲ་ཤེས།  ཁྱད་པར་དུ་གླིང་རྗེ་གེ་སར་རྒྱལ་པོས་གཙོ་མཛད་པའི་མི་སྣ་ཉུང་ཤས་ཤིག་སྤྲུལ་སྒྱུར་ལ་ཐོགས་པ་མེད་པ་ལས་གཞན་རྟ་དང་འཁོར་གསུམ་ཡང་སྤྲུལ་སྒྱུར་ཐུབ་པ་རེད།  གེ་སར་རྒྱལ་པོ་མཆོག་སྔ་གཞུག་ཏུ་རྒྱ་ཚོང་དཔོན་ཉི་མ་ལག་ཆེན་དང་བན་རྒན་དབུ་སེ། དགེ་བཤེས་དམ་པ། རྒྱ་ཕྲུག་བསམ་པའི་དོན་འགྲུབ། མོ་མ་ཀུན་ཤེས། ལག་དོ་དཔའ་གསར་བཅས་མང་པོའི་སྤྲུལ་བ་བསྒྱུར་ཡོད།   དེ་དག་ལས་ཀྱང་གེ་སར་མཆོག་བདུད་ཀླུ་བཙན་འདུལ་བར་འགྲོ་བའི་ལམ་དུ་ཁོང་དང་ཁོང་གི་འཁོར་གསུམ་བཅས་པ་སྤྲུལ་སྒྱུར་མཛད་པ་དེ་ཆ་ཚང་ཞིག་རེད་བསམས།  

གཞན་ཡང་དུད་འགྲོ་སྲོག་ཆགས་དང་འདབ་ཆགས་ཏེ་ཉ་ཆེན་དཔྲལ་པ་ཁ་ཆེ་དང་སྤྲེའུ། འབྲོང་གཡག ལྷ་བྱ་ཁྲུང་ཁྲུང་བཅས་ཀྱི་གཟུགས་སུ་སྤྲུལ་སྒྱུར་གྱི་གཟུགས་བརྙན་གང་མང་ཡོད་པ་ལས་གླིང་གི་ཁྲོ་ཐུང་ནི་སྤྱིར་མི་གཤིས་རྒྱུད་འཁྱོག་ཅིང་སྡིག་ལས་ལ་སྤྲོ་བའི་གྱོད་སྣ་འདྲེན་མཁན་ཞིག་ཡིན་ཡང་།  ཁོང་ལ་ཡང་གཡུལ་འགྱེད་ཀྱི་དགོས་མཁོ་ལྟར་དུ་སྤྲུལ་སྒྱུར་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད། ཡིན་ན་ཡང་སྒྲུང་དཔེ་ལས་གསལ་པ་ལྟར་ན། ཁྲོ་ཐུང་ལྟ་བུའི་མི་ལ་སྤྲུལ་སྒྱུར་གྱི་ནུས་པ་ཅི་ཡང་ལྡན་ཞེས་བརྗོད་ན་ཡང་མི་རིགས་ཤིང་། གཙོ་བོ་གོང་མ་ལྷའི་ལུང་བསྟན་ཡོད་མེད་ལ་རག་ལས་ཡོད་པ་དང་གལ་སྲིད་ལྷའི་ལུང་བསྟན་མེད་ན་ཁྲོ་ཐུང་ལ་མཚོན་ན་སྤྲུལ་བ་བསྒྱུར་འདོད་ཀྱང་མངོན་འགྱུར་གྱི་ཐབས་ཤེས་ཅི་ཡང་མེད་ཟེར།       

བཞི་པ། དུད་འགྲོ་སྲོག་ཆགས་བཅས་ཀྱིས་མི་དོན་སྒྲུབ་པ།

གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནང་དུ་གོང་མ་ལྷ་དང་དུད་འགྲོ་རྟ། འདབ་ཆགས་བྱ་བཅས་ཀྱིས་མི་སྐད་སྨྲ་ཤེས་ཤིང་མི་དོན་སྒྲུབ་ཐུབ་པ་མ་ཟད།   ཉག་ཕྲན་མདའ་དང་གནམ་རུ་གཞུ་ཡིན་ཡང་མི་སྐད་ཤེས་ཤིང་མི་དོན་སྒྲུབ་ཐུབ་པའི་ཚུལ་དུ་ཞིབ་འབྲི་བྱས་ཡོད་པ་རེད། ད་དུང་ཁོ་ཚོའི་ཤུགས་ལ་བརྟེན་ནས་འཕྲིན་གསར་ཕར་ཚུར་སྐྱེལ་བ་དང་ལས་དོན་སྒྲུབ་པ་ཡང་རྒྱུན་ཏུ་མཐོང་ཐུབ། དཔེར་ན། 《ཧོར་གླིང་གཡུལ་འགྱེད་》ལས། གུར་དཀར་རྒྱལ་པོ་ལ་བཙུན་མོ་འཚོལ་བའི་བློ་བསྡུར། དེ་ཡང་བསོས་བྱ་མི་སྐད་སྨྲ་ཤེས་པ་རྒྱ་བྱ། རྨ་བྱ། ནེ་ཙོ། ཁྭ་ཏ་བཅས་བཞི་ཡོད་པ་དེ་དག་དོན་གལ་པོ་ཆེར་མངགས་ཏེ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག   རྒྱ་འཇང་མོན་གསུམ།  ལི་བལ་ཁ་ཆེ་གསུམ་སོགས་ཐམས་ཅད་དུ་བཙུན་མོ་ཉན་པ་ཡོད་མིན་བལྟ་བར་བཏང་སྟེ།  བྱ་བཞི་བོ་ས་ཁད་འགྱངས་ཙམ་ལ་སླེབས་དུས།  ནེ་ཙོས་སྨྲས་པ། རྒྱ་བྱ་རྒྱ་ཡི་ཡུལ་དུ་སོང་། རྨ་བྱ་རྨ་ཤོད་ཡུལ་དུ་སོང་། ང་ནེ་ཙོ་ལྷོ་མོན་རོང་དུ་འགྲོ།  ཁྭ་ཏ་ནག་བཙོག་གར་བདེ་གར་སྐྱིད་ཡུལ་ལ་སོང་།  ཞེས་བྲིས་འདུག་པར་བལྟས་ན་མི་སྐད་ཤེས་པའི་བྱ་བཞི་འདིས་མི་སྐད་གསལ་ཞིང་དག་པ་སྨྲ་ཤེས་པ་མ་ཟད།    རྒྱལ་པོར་བཙུན་མོ་འཚོལ་བའི་ལས་འགན་ཡང་ཕྲག་ཏུ་བླངས་ཡོད།  གླིང་གི་འབྲུག་མོ་ཧོར་གྱིས་འཕྲོག་པ་ཡང་ཁྭ་ཏ་ནག་བཙོག་གིས་གསང་མྱུལ་བྱས་པའི་གཏམ་ལ་བརྟེན་ནས་འཕྲོག་པ་ཡིན།   

དུད་འགྲོ་རྟ་ཡིས་མི་སྐད་སྨྲ་ཤེས་པ་དེ་ཡང་།  དཔེར་ན།  《ཧོར་གླིང་གཡུལ་འགྱེད་》ལས།   འདན་མས་མདའ་གཅིག་བརྒྱབ་པས་སྡིག་གཅོད་ཤན་པའི་རྨོག་ཁྱུང་གཏོར་རྩེ་ལྔ་དེའི་ཕོ་བྱང་ཟུར་ནས་ཕུད།  མོ་བྱང་གི་དཀྱིལ་ནས་བཏོན། མགོ་ཀ་ལི་ལག་མཐིལ་ཙམ་ཞིག་རྒྱ་མཐོང་ཁ་ཕྱེ་འདྲ་གཅིག་བྱས། དེར་ཤན་པ་འགྱེལ་ནས་ཡོད་པའི་སྤྱི་གཙུག་རྨ་ཁུང་ནས་བལྟས་པས་ཀླད་པ་ཐོལ་ཐོལ་བྱེད་དོ། །ལྕག་ཚན་གྱི་ཡུ་བས་དཀྲུགས་ནས་གསོད་སྙམ་མ་ཐག་ཏུ། རྟ་འདོ་བ་དངོས་གྲུབ་ལྡེམ་པ་ན་རེ། ཚ་ཞང་འདན་མ་བྱང་ཁྲ་ལགས། སྡིག་གཅོད་ཤན་པ་རྨེ་རུ་རྩེ་འདི།   སྟེང་མ་ལྷ་ཡི་ཡུལ་ནས་སྐུ་རྗེ་སེང་ཆེན་རྒྱལ་པོ་དང་ལས་སྨོན་འབྲེལ་བའི་སྐུ་མཆེད་ཡིན།  ཤན་པ་རྨེ་རུ་རྩེ་འདི་ཧོར་གླིང་གཉིས་མིག་གཡས་གཡོན་དང་འདྲ་བ་བྱེད་མི་ཡིན་པས་བསད་ན་ནོར་བུ་དགྲ་འདུལ་གྱིས་གསུང་ཅི་འབྱོན་མི་ཤེས་པས་སྐྱུར་ཞོག་ཟེར་རོ།  །ཞེས་བྲིས་པ་ལས་འདན་མས་ལྕག་ཚན་གྱིས་ཀླད་པ་དཀྲུགས་བསམ་པའི་སྐབས་དེར།  རྟས་མི་སྐད་སྨྲས་ནས་བཀག་པ་མ་ཟད།  གེ་སར་རྒྱལ་པོ་དང་ཤན་པ་གཉིས་སྟེང་མ་ལྷ་ཡུལ་ཁམས་སུ་སྐུ་མཆེད་ཀྱི་འབྲེལ་བ་ཡོད་པའི་ལོ་རྒྱུས་བརྗོད་ཅིང་།   ད་དུང་ཕྱི་མ་ཧོར་བདུད་འདུལ་བའི་སྐབས་ལའང་ཕན་བདེ་བསྒྲུབ་པའི་དགོས་པ་ཡོད་པ་སོགས་བརྗོད་འདུག   

ཉག་ཕྲན་མདའ་མོས་མི་སྐད་སྨྲ་བ་ཡང་སྒྲུང་དཔེའི་ཐོག་མཐའ་བར་གསུམ་དུ་མཐོང་ཐུབ།  གླིང་རྗེ་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ་གང་ཡིན་རུང་ཕ་རོལ་ཕས་རྒོལ་འདུལ་བའི་སྐབས་སུ་མདའ་འཕེན་པ་ན།  མདའ་སྐུལ་གྱི་གླུ་ལེན་པ་དང་ཉག་ཕྲན་མདའ་ཡིན་ནའང་མདའ་འཕེན་མཁན་དེར་གླུ་ལན་འདེབས་པ་ལགས། དཔེར་ན། གེ་སར་རྒྱལ་པོས་བདུད་ཀླུ་བཙན་འདུལ་བའི་སྐབས་སུ་མདའ་སྐུལ་གྱི་གླུ་འདི་ལྟར་བླངས་འདུག  གཞུ་ཡར་མཆོག་ཚངས་པ་དཀར་པོས་འཚོས། །མར་མཆོག་དུང་སྐྱོང་ཀླུ་ཡིས་འཚོས། །འཆང་གཟུང་གཉན་རྒྱལ་དམར་པོས་འཚོས།  །མདེའུ་སྣེ་ཁྱབ་འཇུག་ཆེན་པོས་ཁྲིད།  །ཐོག་འབྲུག་གློག་གསུམ་རོལ་དུ་ཆས།  །གློག་ཞགས་སེར་རྒོད་དཔུང་ལ་ཆས།  །མདེའུ་སྣེ་བདུད་རྒན་སྟེང་དུ་དྲོངས། །ངས་ཅི་བསམ་གཅིག་ཏུ་འགྲུབ་པ་ན། །ཁོའི་དཔྲལ་བར་མདའ་འདི་ཐེབས་མཛོད་ཅིག། ཅེས་མདའ་སྐུལ་གྱི་གླུ་བླངས་འདུག   

ཡང་《ཧོར་སེར་འགྱོད་པའི་མིག་ཆུ་》ལས། གེ་སར་གྱི་མདའ་མོ་ཐོག་རྒོད་འཕུར་ཤེས་ཀྱིས་གླུ་འདི་ལྟར་བླངས་འདུག  བུ་བཟང་བོའི་མཐེབ་རྩལ་མ་ཞན་ན། །ང་མདའ་མོའི་དཔའ་རྩལ་ཅི་ལ་ཞན། །ཧོར་སེར་བོ་འདུལ་བའི་སྟོབས་མེད་ན། །ང་ཐོག་རྒོད་འཕུར་ཤེས་ཅི་ལ་ཐོགས། །ཧོར་སེར་བོ་སྡེ་ཤོག་ཁྲི་མ་འབུམ། །ཁྲག་དམར་པོ་ཐུར་མས་དཀྲུག་དཀྲུག་བྱེད།  །རྡོ་ཨབ་རྩེ་ལེབ་མོ་གནམ་ལ་འཕེན།  །གནམ་ས་གཞི་ཆ་ལའང་རྡེབ་རྡེབ་བྱེད།  །དུས་བསྐལ་པའི་ཆགས་འཇིག་ངེས་པར་སྟོན། །ལས་དེ་འདྲ་མ་བྱས་མདའ་མོ་ང་། །རྟེན་ལྷ་མདའ་སུམ་ཅུའི་གླུད་ལ་རྫོངས།  །ཞེས་མདའ་མོས་བླངས་པའི་གླུ་ལས།  མདའ་མོ་རང་གི་རྩལ་དང་ནུས་པ་ཐམས་ཅད་ཞིབ་མོར་བརྗོད་དེ།   གེ་སར་རྒྱལ་པོ་ཁོང་ལ་བློ་ཁེལ་ཆོག་པའི་གླུ་ལན་བཏབ་པ་རེད།     

ལྔ་པ། ལྷ་བ་དང་མོ་བ་བཅས་ཀྱི་སྐོར།

གླིང་གེ་སར་སྒྲུང་ལས་མོ་བ་ལྷ་བ་རྩིས་པ་བཅས་ཀྱི་ཁྲོད་རྒྱུན་དུ་མཐོང་བ་ནི་མོ་བ་ཡིན། མོ་བ་འདི་ཁྲ་མོ་གླིང་ལ་ཡོད་པ་མ་ཟད། སེར་པོ་ཧོར་དང་ཁ་ཤ་མོན། མ་རུངས་བདུད་དང་སྨུག་པོ་འཇང་སོགས་ལ་ཡང་མོ་བ་ཡོད། རྒྱལ་ཕྲན་གང་དང་རྒྱལ་པོ་གང་གེགས་དང་བར་ཆད་དག་ལ་འཕྲད་ཉེ་བའི་སྐབས་སུ། ལམ་སང་མོ་བ་ཁྲིད་ཡོང་སྟེ་མོ་འདེབས་སུ་འཇུག་པའི་སྲོལ་གོམས་ཡོད། དཔེར་ན།  སེར་པོ་ཧོར་དང་ཁྲ་མོ་གླིང་གཉིས་གཡུལ་འགྱེད་དྲག་པོ་བགྱིད་པའི་སྐབས་སུ།  ཧོར་དམག་ལ་ཆག་གྲུམ་མང་པོ་བྱུང་རྗེས་ཧོར་གུར་དཀར་གྱིས་མོ་མ་དུང་མགོ་ཁྲིད་ཡོང་སྟེ། མོ་འདེབས་དགོས་པའི་རྒྱུ་མཚན་བཤད་པ་ན། མོ་མི་དགོས་བརྟག་པ་བཞག་པས་ཆོག་ཟེར་ཏེ།    དེར་མདའ་དར་དཀར་ནག་ཁྲ་གསུམ་བཙུགས།  ཕྱེ་མར་ཟས་ཕུད་བཤམས་ནས་ཡུད་ཅིག་བདར་བ་དང་བཅས་ཉལ་བསྡད་དོ། །གཉིད་དེ་ཐོག་སད་བྱས་ནས་ཧར་ལངས་པ་དང་མཉམ་དུ། མདའ་དར་ཁྲ་བོ་དང་ནག་པོ་གཉིས་འགྱེལ། དཀར་པོ་དེ་ལངས་ནས་བསྡད་འདུག་པ་ལ། མོ་བས་འདི་ལྟར་སྨྲས་པ། གཉིད་མར་ཉལ་རྨི་ལམ་འདི་འདྲ་བྱུང་། །ཤར་ཁྲ་བོ་གླིང་གི་ཡིན་ཟེར་བའི།  །མི་འཐེང་ཁྱི་འཐེང་རྟ་འཐེང་གསུམ།  །འཐེང་གསུམ་ཧོར་ལ་བྱུང་བ་རྨིས། །ཅོག་ལྷའི་དཔལ་མཁར་གཏོར་བ་རྨིས། །འདོ་བའི་ཁྱུ་སྣེ་བཅད་པ་རྨིས།  །ཤན་པའི་ཀླད་ཕོར་བཀོག་པ་རྨིས།  །མཆེ་བ་ཁྲག་ལ་བཤན་པ་རྨིས།  །ཧོར་སྟོང་ཤོམ་འབུམ་ཐུབ་གཙོ་བྱས་པའི།  །མི་བརྒྱ་ཚོ་བཅུ་གཅིག་ཤོར་བ་རྨིས། །ཞེས་བྲིས་འདུག་པ་ལ་བལྟས་ན། མོ་མ་དུང་མགོས་མོ་ཡིག་ལ་མ་བལྟས་པར། གཉིད་པ་ཙམ་གྱི་རྨི་ལམ་ལ་བརྟེན་ནས་བཤད་པའི་ནང་དོན་ཐམས་ཅད་མ་འོངས་པའི་ལུང་བསྟན་དུ་གྱུར་པ་ལས་གཞན།  མ་འགྱངས་པར་འདན་མས་ཤན་པའི་ཀླད་པ་གཏོར་ནས་ཧོར་དམག་མི་ཉུང་བའི་སྲོག་ཤོར་བ་མངོན་སུམ་དུ་ཤར་བྱུང་བ་དང་།  ཡང་མོན་གྱི་ཐེའུ་རང་བླ་མ་རྐང་གཅིག་གིས་མོན་གྱི་ཤིང་ཁྲི་རྒྱལ་པོའི་བདེ་འཚམ་ལ་མོ་བཏབ་པ་འདི་ལྟ་སྟེ།    ད་རེབ་མོ་བབས་འདི་འདྲ་འདུག །དང་པོ་ཕོ་རོག་མགྲིན་ཁུར་བབས། །གཏམ་སྙན་པོ་མི་ཡིས་བསླུ་བའི་མོ། །གཡོ་ཆེན་པོ་ཁྱོད་མགོ་སྐོར་བའི་མོ། །གཉིས་པ་ཤ་ཟན་སྤྱང་མོ་བབས། །དགྲ་ས་ཡིན་པས་ངན་པར་འདུག །མི་ཕྱུགས་ཤ་དམར་ཀོ་རིམ་གྱིས།།གཅན་གཟན་ཟས་ལ་ཚུད་པའི་མོ།  །གསུམ་པ་ཁུ་བྱུག་སྔོན་མོ་བབས།  །མོ་ཕྱྭ་ཡིན་པས་ཅུང་ཟད་ཞན།  །འབབ་ས་རྒྱ་ལྕང་མགོ་ལ་བྱེད།  །སྙན་མོ་སྐད་ཀྱི་གྲེ་འགྱུར་དེ།  །མི་ཡུལ་ལུང་ལ་གྲགས་པའི་མོ།  །བདུན་པ་སེང་གེ་དཀར་མོར་བབས། །འཐབ་ཕྱྭ་ཡིན་པས་བཟང་བར་འདུག །སེང་གཡུ་རལ་རྒྱས་ནས་དགྲ་བཞི་ཐུལ།  །གཅན་གཟན་ཀུན་གྱི་གཙོ་བོར་འགྱུར།  །བཟང་ངན་མོ་འབབ་དེ་འདྲ་འདུག །ཅེས་ལ་སོགས་པ་ཡ་མཚན་པའི་གཏམ་རྒྱུད་མང་དུ་བྱུང་བ་རེད།     

དྲུག་པ། ཆོས་གཞུང་བརྗོད་པའི་སྒྲུང་དཔེ།

གླིང་རྗེ་གེ་སར་སྒྲུང་གི་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་ཡོད་པ་མ་ཟད།  སྒྲུང་དཔེ་ལ་ལའི་བརྗོད་བྱ་གཙོ་བོ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཁོ་ནར་གྱུར་འདུག  དཔེར་ན་《དམྱལ་གླིང་མུན་པ་རང་གསལ་》དང་《དམྱལ་གླིང་རྫོགས་པ་ཆེན་པོ་》ལྟ་བུར་མཚོན་ན།    ལས་རྒྱུ་འབྲས་དང་འཆི་བ་མི་རྟག་པ།  རྣམ་སྨིན།  བར་དོ་ཁམས་དང་དམྱལ་ཁམས་བཅོ་བརྒྱད་སོགས་གཙོ་བོར་བཟུང་ནས་བརྗོད་ཡོད་པ་རེད། ལྷག་པར་དུ་《དམྱལ་གླིང་མུན་པ་རང་གསལ་》ནི་ཆོས་གཞུང་འཆད་པའི་སྒྲུང་དཔེ་འབའ་ཞིག་རེད་ཅེས་བཤད་ཆོག  དེའི་རྒྱུ་མཚན་ཡང་སྒྲུང་དཔེའི་མགོ་ནས་འདི་ལྟར་བཀོད་འདུག  གེ་སར་རྒྱལ་པོའི་ཞལ་ནས། གཏན་གྲོགས་ཨ་སྟག་ལྷ་མོ་ཁྱོད་ད་རེབ་འགྲོ་མི་ཉན། འཆི་བ་མི་རྟག་པ་ཟེར་བ་དེ་ཐོག་ལ་བབས་ཡོང་བས། ནམ་འཆི་ལ་ངེས་པ་མེད་ཅེས་གསུངས་ནས།  ཁོ་མོས་འཆི་བ་མི་རྟག་པ་སྒོམ་དགོས་པའི་ཁ་ཏ་དང་བསླབ་བྱ་མང་པོ་གནང་རྗེས་རྒྱ་ནག་ཡུལ་ཁམས་ཆོས་ལ་འགོད་པར་ཕེབས་སོང་། དེ་ནས་ཟླ་བ་གསུམ་འགོར་བའི་ཚེ་མ་དཔའ་མོ་ཨ་སྟག་ལྷ་མོ་ལ་འཆི་བའི་ནད་ཆེན་ཐེབས་ཏེ་ན་ཚ་བཟོད་གླགས་མེད་པར་གྱུར་ནས་བཅོས་ཐབས་མེད་པར་ཤི་ཞིང་།    སྲིད་པ་བར་དོའི་འཇིགས་སྐྲག་ཐམས་ཅད་རིམ་བཞིན་ཤར་ནས་བདུན་བདུན་བཞི་བཅུ་ཞེ་དགུའི་མཚམས་སུ་རང་ཡུལ་ཐག་ཇེ་རིང་དུ་སོང་ནས་ས་ཆ་མེད་ཀྱི་མ་ཤི་གསོན་བྱེ་མའི་ལ་ཁར་སླེབས་སོ་ཞེས་བྲིས་འདུག དེ་ནས་ལས་མཁན་སེང་གེ་རབ་བརྟན་གྱིས་བུ་མོའི་ལག་མགོ་ནས་བཟུང་སྟེ་ཁྲིད། ཨ་བ་གླང་མགོ་ཅན་གྱིས་རྒྱབ་ནས་དེད། དར་མ་སྤྲེལ་མགོ་ཅན་གྱིས་གཡས་ནས་བཟུང་།  ར་སྐྱེས་ཕག་མགོ་ཅན་གྱིས་གཡོན་ནས་བཟུང་།  ཞེ་སྡང་སྟག་མགོ་ཅན་གྱིས་ལམ་སྣ་དྲངས་ཏེ།  སྐད་ཅིག་དེ་ཉིད་ལ་གཤིན་རྗེ་ཆོས་རྒྱལ་གྱི་མདུན་དུ་ཐོན་ནོ། །དེ་ནས་བདུད་ལས་ཀྱི་བུ་ཆུང་ནག་པོས་ཆོས་ཀྱི་རྒྱལ་པོ་ལ་འདི་སྐད་ཞུས་པ། འདི་འཇིག་རྟེན་ཁམས་ན་ཡོད་པའི་དུས། །བདུད་སྲིན་པོ་མགོ་དགུའི་སྲིང་མོ་རེད།  །ས་ཡར་སྟོད་བདུད་ཀྱི་ས་ཆ་ནས།  །སྨན་འདི་ལ་བདུད་མོ་ཤ་གཟན་ཟེར། །ཆུང་མོ་ལོ་གསུམ་གྱི་གོང་རོལ་ནས། །ཐང་ཆེན་པོའི་དཀྱིལ་ལ་ཤིང་མདའ་འཕངས། །ལྦ་རི་བོང་སྒུམ་བུ་འཐུ་འཐུ་བྱས། །མ་འདི་ལ་ཡར་ཐར་གང་ན་ཡོད།   །ལོ་བཅུ་གསུམ་ཁ་ལ་ཡར་བུད་ནས།   །སྐྲ་རྒྱབ་ལ་འཕངས་ནས་སྡིག་པ་བྱས། ནང་སྔ་དྲོ་ཁྲ་ཡག་རྫ་ལ་སོང་། །འདིས་ལྕགས་གཞུ་བཀུགས་ནས་ལྕགས་མདའ་འཕངས། །འབྲོང་བྲེ་སེར་མ་བུ་དགུ་བརྒྱ་བསད། །མགོ་རུ་ཐུར་ཤ་ལེ་ཐང་ལ་འཕངས། །དགོང་ཕྱི་དྲོ་འབྲོང་མོ་བསད་བསད་ནས། །རི་ཆེན་པོ་ཁྲག་གིས་དམར་པོ་བྱས། །མ་ཨ་སྟག་ལྷ་མོ་གར་སོང་ན། །བྱ་རྒོད་པོའི་གཤོག་རྩ་ཉི་ལི་ལི། །སྤྱང་དར་མ་གཟན་རྒྱུགས་ཐ་ར་ར། །མ་འདི་ལ་ཡར་ཐར་གང་ན་ཡོད།  །ཅེས་བདུད་ལས་ཀྱིས་རབ་སྨན་ཨ་སྟག་ལྷ་མོ་འཇིག་རྟེན་ཁམས་སུ་སྡིག་པ་བཟོས་པ་རྣམས་གསལ་པོར་ཞུས་ཚེ།    ཆོས་ཀྱི་རྒྱལ་པོས་བཤད་པ་ཐམས་ཅད་བདེན་རྫུན་ལ་ངའི་མེ་ལོང་ནང་ལ་བལྟས་ན་གསལ། གཤིན་རྗེའི་རྒྱ་མར་ཚད་ན་ཤེས།  ཁྲིམས་ཡིག་ལུས་ལ་བསྐོར་ན་གསལ་ཞེས་གསུངས་ཏེ།  དེ་ནས་རིམ་བཞིན་མེ་ལོང་ནང་ལ་བལྟས། རྒྱ་མར་ཚད། ཁྲིམས་ཡིག་བསྐོར་པ་ན།ཡར་བླ་མ་རྣམས་ལ་མཆོད་པ་འབུལ་ཚུལ།   རྒྱུ་ཁབ་དང་སྐུད་པའི་འབྲེལ་བ་བཞག་ཚུལ། སྡིག་པ་ཆེ་བ་མི་དང་རི་དྭགས་བསད་པ། ཆུང་བ་ཤིག་དང་སྲོ་མང་ཡན་ཆད་ཤར་བ་དང་། རྒྱུ་ཆེ་བ་གསེར་དངུལ་དར་ཟབ། ཆུང་བ་ཁབ་སྐུད་ཡན་ཆད། རྐུས་འཕྲོག་བཅོམ་གསུམ་མན་ཆད། རྫུན་ཆེ་བ་ཁ་མཆུ་རྩོད་པ། ཆུང་བ་ཚིག་རྩུབ་ངག་འཁྱལ་ཡན་ཆད། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུའི་ལས་བྱས་ཚད་ཐམས་ཅད་གསལ་པོར་ཤར་འདུག་པ་མཐོང་བས།  སྡིག་ཅན་ཨ་སྟག་ལྷ་མོ།  འཇིགས་པའི་ལས་མཁན་དགུ་བརྒྱས་སོད་སོད་ཀྱི་སྒྲ་བསྒྲགས་ནས་དམྱལ་བའི་ཁམས་སུ་ཁྲིད་པའི་ལོ་རྒྱུས་རྣམས་གསལ་ལེར་བྲིས་འདུག་པ་ལས། རྒྱུ་ཇི་འདྲ་བཏབ་ན་འབྲས་དེ་བཞིན་སྨིན་པའི་དཔེ་བཞིན། ཨ་སྟག་ལྷ་མོ་འཇིག་རྟེན་མི་ཡུལ་དུ་སྡིག་གཅོད་ཀྱི་ལས་ལ་ཞུགས་ཆེ་བས།  འབྲས་བུ་ལ་གཤིན་རྗེ་ཆོས་རྒྱལ་གྱིས་ཁྲིམས་ཐག་བཅད་དེ་དམྱལ་ཁམས་བཅོ་བརྒྱད་ཀྱི་རྟིང་མར་ལྷུང་བའི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དོན་རབ་དང་རིམ་པ་བྲིས་ཡོད་པ་ལགས།  

གཞན་ཡང་གེ་སར་རྒྱལ་པོ་དམྱལ་བའི་ཡུལ་དུ་ཆས་ནས་མ་ཨ་སྟག་ལྷ་མོ་གཙོ་བྱས་པའི་ཤི་བོ་དུང་ཕྱུར་མང་པོ་ཡར་འདྲེན་པའི་སྐབས་སུ།  དམྱལ་བའི་ཁམས་དང་རྣམ་སྨིན་འཁོར་ཚུལ་སོགས་བརྗོད་པའང་ཤིན་ཏུ་མང་།  འདིར་ཡང་གཙོ་བོ་ལས་དང་རྒྱུ་འབྲས་རྩི་དགོས་པ་དང་མ་རྩིས་ན་རྣམ་སྨིན་འཁོར་ཞིང་དམྱལ་བར་ལྷུང་འགྲོ་བའི་ཆོས་ལུགས་ཀྱི་ལྟ་བ་ཁོ་ན་མཚོན་ཡོད་པ་རེད།དཔེར་ན།  གེ་སར་རྒྱལ་པོས་གླུ་བླངས་པ་ལས་འདི་ལྟར་བཀོད་འདུག  སྙིང་གྲོགས་ཨ་སྟག་ལྷ་མོ་ཚུར་ལ་ཉོན། །ལྕགས་སྲེག་ཐང་ན་ཚེ་འདས་ཕོ་མོ་རྣམས།ལུས་པོ་ཚིག་ནས་ཨ་ཚ་ཟེར་བ་འདི།   །འཇིག་རྟེན་མི་ཡུལ་གསོན་པོར་འདུག་པའི་དུས། །འཇིག་རྟེན་དྲེགས་པ་ཅན་གྱི་གཞི་བདག་ལ། །ར་ལུག་གསོན་པོར་བཟུང་ནས་གསུར་ལ་འདྲེན།  །ཆུ་ནང་ཉ་མོ་བཟུང་ནས་སྐམ་ལ་ཕུད།  །དགུན་གསུམ་རི་བོ་ཆེན་པོ་མེ་ལ་བསྲེགས། །ལས་ངན་དེ་འདྲ་བྱས་པའི་རྣམ་སྨིན་རེད། །ཡང་གཅིག་ཨ་སྟག་ལྷ་མོ་ཚུར་ལ་ཉོན།  །ལས་མཁན་མཚོན་ཆ་ཐོགས་པ་འབུམ་ཕྲག་གིས། །ཚེ་འདས་ཕོ་མོ་གྲངས་ལས་འདས་པ་གསོད། །ཡང་ཤི་ཡང་སོས་སྡུག་བསྔལ་བརྒྱ་རེ་མྱོང་། །འཇིག་རྟེན་མི་ཡུལ་གསོན་པོར་འདུག་པའི་དུས། །ཉེས་མེད་རི་དྭགས་མང་པོ་མདའ་ཡིས་བསད།  །རྐུན་ཇག་བྱས་ནས་མི་རྟ་མང་པོ་བསད། །བྱ་ཚང་བྱེའུ་ཆུང་སྒོ་ང་རྡོ་ལ་བརྒྱབ། །གཡུ་སྤྱང་ལྦ་མོ་དར་མ་མང་པོ་བསད། །འཕྱི་བ་རི་བོང་ཤ་སྐྱ་མདའ་ཡིས་བསད། །ན་ཁའི་སྦལ་བ་ཚྭ་ཆུ་བཏབ་ནས་བསད། །ས་འོག་དུག་སྦྲུལ་གླ་རྩི་དུག་གིས་བསད། །ལས་ངན་དེ་འདྲ་བྱས་པའི་རྣམ་སྨིན་རེད།   །ཅེས་ལས་དམྱལ་བའི་ཁམས་སུ་མི་དེ་ཚོའི་ལུས་པོ་མེས་ཚིག་པ་དང་ལས་མཁན་གྱི་མཚོན་ཆའི་འོག་ཏུ་ཡང་ཤི་ཡང་སོས་ཀྱི་སྡུག་བསྔལ་མྱོང་བའི་རྒྱུ་མཚན་ཡང་རང་རང་གིས་སྡིག་པ་མང་པོ་བསགས་པའི་འབྲས་བུ་ཡིན་ཚུལ་བསྟན་པ་དང་། སྒྲུང་དཔེ་འདིའི་མཇུག་མཐར་གླིང་སེང་ཆེན་རྒྱལ་པོའི་མཐུ་དང་ནུས་པས་མ་ཨ་སྟག་ལྷ་མོས་གཙོ་བྱས་པའི་ཤི་བོ་དུང་ཕྱུར་མང་པོ་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་དེ་བཅུ་དྲུག་ཉི་ཚེ་ཉེ་འཁོར་གཉིས་དང་།ངན་སོང་གསུམ་གྱི་དོང་ནས་ཐར་བར་བཅུག་སྟེ་དག་པའི་ཞིང་དུ་དྲངས་པའི་ལོ་རྒྱུས་བཀོད་འདུག   

གོང་སྨྲས་སྒྲུང་དཔེ་དེ་རིགས་ལ་མཚོན་ན་གཏམ་རྒྱུད་ཀྱི་གོ་རིམ་མང་པོ་མེད་པ་དང་རྗོད་བྱེད་ཚིག་གི་སྟེང་ནས་ཀྱང་ཆོས་ཚིག་མང་ལ།  བརྗོད་བྱ་དོན་གྱི་ཐད་དུ་ཡང་ཆོས་ལུགས་དྲིལ་སྒྲོག་བྱ་རྒྱུ་ནི་སྒྲུང་དཔེ་འདི་གྲུབ་པའི་གཞི་གཙོ་བོར་གྱུར་འདུག  དེའི་ཕྱིར་མི་རྣམས་ཀྱིས་སྒྲུང་དཔེ་འདིའི་རིགས་ལ་ཆོས་སྒྲུང་ཞེས་ཀྱང་འབོད་ཀྱིན་ཡོད།       

བདུན་པ། མཐའ་མའི་དཔྱད་གཏམ།

གོང་སྨྲས་ཀྱི་དོན་ཚན་དྲུག་གི་ཕྱོགས་ནས་བསྟན་པའི་ནང་དོན་དེ་དག་ལ་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་དངོས་གཙོ་སྨྲ་བ་དང་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ལྟ་བ་སློབ་སྟོན་དུ་འཛིན་ཅིང་གནའ་བོའི་བོད་ཀྱི་སྤྱི་ཚོགས་འཚོ་བ་དངོས་དང་འབྲེལ་ནས་བལྟས་ན།  

1.ཨུན་ཀི་སིས“ཆོས་ལུགས་ཡོད་ཚད་ནི་མི་རྣམས་ཀྱི་ཉིན་རྒྱུན་འཚོ་བར་ཁ་ལོ་བསྒྱུར་པའི་ཕྱི་རོལ་ཡུལ་གྱི་སྟོབས་ཤུགས་དེ་མི་ཚོའི་ཀླད་པའི་ནང་འཕྲུལ་བསམ་གྱིས་ཚུར་སྣང་བྱུང་བ་ཞིག་ཡིན་ལ། ཚུར་སྣང་དེའི་ཁྲོད་མི་ཡུལ་གྱི་སྟོབས་ཤུགས་དེ་མི་ཡུལ་གྱི་སྟོབས་ཤུགས་ལས་བརྒལ་བའི་རྣམ་པ་ལག་བསྟར་བྱས་པ་རེད་ཅེས”གསུངས་པ་ལྟར། བོད་རིགས་ཀྱི་ཆེས་སྔ་བའི་དུས་རབས་སུ།  ཐོན་སྐྱེད་ཀྱི་ནུས་ཤུགས་ཤིན་ཏུ་དམའ་བ་མ་ཟད།  རང་བྱུང་ཁམས་ལ་བརྟེན་པའི་བསམ་བློ་ཡང་ཧ་ཅང་ཆེ།   བོད་རིགས་འདི་མི་རབས་ནས་མི་རབས་བར་དུ་འདུས་སྡོད་བྱེད་སའི་ཡུལ་དེ་ཡང་འཛམ་གླིང་སྟེང་ས་བབ་ཆེས་མཐོ་ཞིང་རི་རབ་མང་བ། གྲང་ངར་ཆེ་བའི་ས་ཁུལ་དེ་ལགས། དེའི་ཕྱིར། མཐོ་སྒང་གི་གནམ་གཤིས་དེ་འགྱུར་ལྡོག་ཧ་ཅང་སླ་ཞིང་། གློ་བུར་དུ་ནམ་མཁར་སྤྲིན་དཀར་མཆེད་པ་དང་། གློ་བུར་དུ་གནམ་ལ་སྤྲིན་ནག་འཁྲིགས་པ། གློ་བུར་འབྲུག་སྒྲ་ལྡིར་པ་དང་ཆར་ཞོལ་འབབ་པ། ཡང་གློ་བུར་དུ་དྭངས་ཤིང་འཇའ་ཚོན་སྣ་ལྔ་ཤར་པ། ཡང་གློ་བུར་དུ་རླུང་ནག་འཚུབ་མ་འཁོར་པ་དང་ས་གཞི་འཁྱག་གྲང་གིས་བསྡམས་པ། གཞན་ད་དུང་ཉི་ཟླ་ཚ་བ་དང་ས་འགུལ་བྱུང་བ། མེར་བསྲེགས་པ་བཅས་ཀྱི་རང་བྱུང་ཁམས་ཀྱི་འགྱུར་བ་དེ་དག་གིས་སྐབས་འགར་བོད་རིགས་མི་དམངས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་འཇིགས་སྣང་བསྐུར་བ་དང་།    སྐབས་འགར་ཐོན་སྐྱེད་དང་འཚོ་བར་མཐུན་རྐྱེན་ལེགས་པོ་ཡང་བསྐྲུན་བཞིན་མཆིས། སྐབས་དེར་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་འགྱུར་བ་རྣམ་པ་སྣ་ཚོགས་ཀྱི་གསང་བ་ཐམས་ཅད་འབྱེད་པའི་ཐབས་ཤེས་མེད་སྟབས། ཚང་མའི་བསམ་པར་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་ལྐོག་གྱུར་དུ་གནས་འདུག་པར་སྙམ་ནས། གནམ་དགྲ་དང་ས་དགྲ་དག་གང་བྱུང་བའི་ཚེ།  གནམ་ལ་གསོལ་འདེབས་དང་ལྷ་ལ་མཆོད་པ་འབུལ་བའི་རིམ་གྲོ་སོགས་སྒྲུབ་ཅི་ཐུབ་བྱས་ཏེ། རང་བྱུང་ཁམས་ཀྱི་འགྱུར་བ་དག་འགོག་པ་ལས་ཐབས་གཞན་མ་མཆིས།  

ཡང་ན་ས་ཆུ་མེ་རླུང་སྟེ་འབྱུང་བ་ལྔའི་འགྱུར་བར་བརྟག་ནས་ལྟས་བཟང་དང་ལྟས་ངན་དབྱེ་ནས་མི་རྣམས་ཀྱི་བྱ་སྤྱོད་ལ་བཀོད་འདོམས་བྱེད་པའི་སྲོལ་འདི་དུས་ད་ལྟའི་བར་དུ་གནས་འདུག    གླིང་གེ་སར་སྒྲུང་ལ་མཚོན་ན་འདི་འདྲའི་སྤྱི་ཚོགས་ཀྱི་ཆ་རྐྱེན་དང་མི་རིགས་ཀྱི་འདུ་ཤེས་ཁྲོད་དུ་བྱུང་ཞིང་།  མང་ཚོགས་ཀྱི་ངག་ཐོག་བརྒྱུད་ནས་དར་ཁྱབ་དུ་སོང་བའི་དབང་གིས་གདོད་མའི་ཆོས་ལུགས་ཀྱི་བསམ་བློས་ཤན་ཤུགས་མ་ཐེབས་རང་ཐེབས་རེད་སྙམ།   

2.དུས་རབས་བདུན་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་སྟེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཐོག་མ་གངས་རིའི་ལྗོངས་འདིར་ཁྱབ་ཅིང་།སངས་རྒྱས་ཀྱི་ཆོས་གཞུང་མང་པོ་བསྒྱུར་ཏེ་རིམ་གྱིས་ས་ཁྱབ་རྡོ་ཁྱབ་དུ་སོང་བ་དང་། ཁྱད་པར་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་མཁན་པོ་བོངྷི་ས་ཏྭ་དང་།སློབ་དཔོན་པད་མ་འབྱུང་གནས་དག་བོད་ལ་གདན་འདྲེན་ཞུས་པ་དང་།   སྒྲ་སྒྱུར་གྱི་ལོ་ཙཱ་བ་མང་པོ་གསོ་སྐྱོང་བྱས་ནས་བཀའ་མདོ་རྒྱུད་མང་པོ་བོད་སྐད་དུ་བསྒྱུར་ཅིང་།   བོད་ཀྱི་ཆོས་པ་ཡང་གྲགས་ཅན་མང་པོ་བྱུང་སྟེ་རྒྱ་གཞུང་དང་འབྲེལ་བའི་གསུང་རྩོམ་རྩ་ཆེན་མི་ཉུང་བ་བརྩམས་ཏེ་ཁྱབ་བརྡལ་དུ་བཏང་བ་དང་བརྒྱུད།  སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལུགས་བོད་ཁུལ་འཛིན་མའི་ཁྱོན་ལ་ཁྱབ་ཅིང་འབྲས་བུ་སྨིན་པར་གྱུར།  དེ་མཚུངས་སུ་སངས་རྒྱས་ཆོས་ལུགས་ནང་ཁུལ་དུའང་གསར་དུ་གྲུབ་པའི་བཀའ་གདམས་པ་དང་།  བཀའ་བརྒྱུད་པ། རྙིང་མ་པ།  ས་སྐྱ་པ། གསར་མ་པ་བཅས་གྲུབ་མཐའ་མང་པོ་བྱུང་སྟེ། མང་ཚོགས་སྐོར་ཞིག་གྲུབ་མཐའ་འདིར་དད་པ་དང་སྐོར་ཞིག་གྲུབ་མཐའ་གཞན་ལ་དད་མོས་བགྱིད་པའི་རྣམ་པ་བོད་ཁུལ་ཡོངས་སུ་བྱུང་འདུག   འདི་ཕྱོགས་ཀྱི་ཤན་ཤུགས་གེ་སར་སྒྲུང་ནང་དུ་གསལ་པོར་མཐོང་ཐུབ།  དཔེར་ན་དུས་རབས་སོ་སོའི་སྒྲུང་པ་དང་དག་སྒྲིག་པའི་ཁ་དང་ལག་བརྒྱུད་ནས་ཐོན་པའི་སྒྲུང་དཔེར་མཚོན་ན། 《ལྷ་གླིང་གབ་ཙེ་དགུ་སྐོར་》དང་《འཁྲུངས་གླིང་མེ་ཏོག་ར་བ་》《རྟ་རྒྱུགས་དཔྱིད་ཀྱི་ཉི་མ་》ལྟ་བུའི་ནང་དུ་སློབ་དཔོན་པད་མ་འབྱུང་གནས་དང་ཁོང་གི་དགོངས་པ་རྣམས་ཤིན་ཏུ་འབུར་ཐོན་བྱས་ཡོད་པའི་རྐྱེན་གྱིས་སྒྲུང་འདི་འཆད་པའི་སྒྲུང་པ་དང་དག་སྒྲིག་བྱེད་མཁན་རྙིང་མའི་གྲུབ་མཐར་གཏོགས་པ་ཞིག་ལགས་པ་སྨྲས་མ་དགོས།  གཞན་ཡང་སྒྲུང་དཔེ་《དམྱལ་གླིང་མུན་པ་རང་གསལ་》དང་《དམྱལ་གླིང་རྫོགས་པ་ཆེན་པོ་》ལྟ་བུར་མཚོན་ན། གསར་མའི་གྲུབ་མཐར་ཕྱོགས་པའི་སྒྲུང་པ་དང་ཡིག་མཁན་ཚོའི་ཁ་ལག་བརྒྱུད་ཡོད་པ་ཡང་སྒྲུང་དཔེའི་ནང་དུ་གསལ་པོར་ཤེས་ཐུབ། གང་ལྟར་ཡང་སྒྲུང་དཔེ་མང་ཆེ་ཤོས་ཀྱི་ནང་དུ་རྙིང་མའི་གྲུབ་མཐའ་གཙོ་བོར་བཟུང་ཡོད་མོད།  ཡིན་ནའང་སྒྲུང་དཔེ་སོ་སོ་ལས་གྲུབ་མཐའ་སོ་སོའི་ལྟ་བ་ཡང་མཐོང་ཐུབ།  འདིར་ཞིབ་ཏུ་དཔྱད་ན་སྒྲུང་དཔེ་གང་ཡིན་ཡང་ཐོག་མ་གྲུབ་པའི་སྐབས་སུ།  བཤད་མཁན་གྱི་སྒྲུང་པ་དང་དག་སྒྲིག་བྱེད་པའི་ཡོན་ཏན་ཅན་དེ་གྲུབ་མཐའ་གང་ལ་གཏོགས་པ་དེར་རག་ལས་ཡོད་པ་རེད།  གལ་སྲིད་རྙིང་མའི་གྲུབ་མཐར་ཕྱོགས་པ་ཞིག་ཡིན་ན་དེས་ཤན་ཤུགས་ཐེབས་པ་དང་།  གསར་མ་དང་ས་སྐྱ་ལྟ་བུའི་གྲུབ་མཐར་གཏོགས་པ་ཞིག་ཡིན་ན་གྲུབ་མཐའ་དེས་ཤན་ཤུགས་ཐེབས་པ་རེད། འདིར་ངེད་ཅག་གིས་ཤེས་དགོས་པ་སྟེ།  ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོ་འདི་འདྲ་རྙོག་དྲ་ཆེ་ཞིང་དར་རྒྱ་ཆེ་བའི་བོད་གངས་ཅན་གྱི་ལྗོངས་འདི་རུ་བྱུང་བའི་གནའ་བོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལོ་རྒྱུས་མཚོན་པའི་བརྩམས་ཆོས་གང་ཡིན་རུང་ཆོས་ལུགས་དང་མ་འབྲེལ་བ་གཅིག་ཀྱང་མེད་པ་མ་ཟད། དམངས་ཁྲོད་ཀྱི་གཉེན་བཤད་སྟོན་བཤད་ཆང་བཤད་མདའ་བཤད་དང་།  ཐ་ན་གླུ་དང་ལ་གཞས་སོགས་སུ་ཡང་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་ཡོད་པར་བརྟེན།    གེ་སར་སྒྲུང་ལ་ཆོས་ལུགས་ཀྱི་ཤན་ཤུགས་མི་ཐེབས་པའི་ཐབས་ཤིག་གང་ན་མཆིས།  

3.བོད་ཀྱི་ལོ་རྒྱུས་ཐོག་གི་རྩོམ་རིག་དག་ལ་དཔྱད་ན་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་པ་གླིང་གེ་སར་སྒྲུང་འབའ་ཞིག་མིན་པར་འཛམ་གླིང་སྟེང་གི་རྩོམ་རིག་གྲགས་ཅན་མི་ཉུང་བ་ཞིག་ལའང་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་འདུག་ཅིང་།  ཁྱད་པར་དུ་འཛམ་གླིང་ཤར་ཕྱོགས་ཀྱི་རྩོམ་རིག་སྒྱུ་རྩལ་ནང་ཇ་དང་འོ་མ་ཇི་བཞིན་འདྲེས་འདུག  དེ་དག་ལས་བརྩམས་ཆོས་སྐོར་ཞིག་གིས་ཕྱི་ཚུལ་ཆོས་ལུགས་ཀྱིས་བཏུམས་ཀྱང་དོན་ལ་མི་ཚེའི་བདེན་ལུགས་བརྗོད་གང་ཐུབ་བྱས་ཡོད་པས། འཚོ་བའི་དྲི་ཞིམ་ཤུགས་སུ་འཐུལ་ཞིང་མི་རྣམས་ཀྱི་བློ་གྲོས་དང་རེ་འདུན། དེ་མིན་འབད་པས་མདུན་སྐྱོད་ཀྱི་སྙིང་སྟོབས་སོགས་གསལ་པོར་མཚོན་འདུག དེ་ཡང་གདོད་མའི་ཆོས་ལུགས་དང་རྗེས་གྲུབ་ཀྱི་ཆོས་ལུགས་གང་ཡིན་ཡང་ཐམས་ཅད་བྱུང་འཕེལ་འཇིག་གསུམ་གྱི་བརྒྱུད་རིམ་ཞིག་ཡོད་ཕྱིར།  ཆོས་ལུགས་ཀྱིས་ཀྱང་རྩོམ་རིག་ལ་མི་འདྲ་བའི་སྤྱི་ཚོགས་ལོ་རྒྱུས་ཀྱི་དུས་རིམ་ནང་མི་འདྲ་བའི་ཤན་ཤུགས་ཟློག་ཏུ་མེད་པར་ཐེབས་བཞིན་མཆིས། གླིང་སྒྲུང་ལ་མཚོན་ན། དེའི་ཁྲོད་ཀྱི་ལས་དབང་སྨྲ་བ་དང་རྨོངས་དད་སོགས་སེམས་གཙོ་རིང་ལུགས་ཀྱི་བསམ་བློ་འུད་སྒྲོག་བྱེད་པའི་སྐོར་ང་ཚོའི་དེང་གི་ཀློག་པ་པོས་ངེས་པར་རིང་དུ་འདོར་རྒྱུ་ནི་སྨོས་མ་དགོས་པ་ཞིག་རེད། ཡིན་ན་ཡང་གལ་སྲིད་གླིང་སྒྲུང་གི་ཆོས་ལུགས་ཀྱི་སྐོར་ཐམས་ཅད་མེད་པར་གྱུར་པའི་དབང་དུ་སོང་ན། སྙན་རྩོམ་རིང་མོ་འདིའི་སྒྱུ་རྩལ་གྱི་སྒྲིག་གཞི་དང་གཏམ་རྒྱུད་ཀྱི་འཕེལ་རིམ།  མི་སྣའི་བཀོད་སྒྲིག་སོགས་སུ་གནོད་པ་ཚབས་ཆེན་ཐེབས་རྒྱུ་ཡིན་ཞིང་།གཏམ་རྒྱུད་དང་གཏམ་རྒྱུད་བར།  སྒྲུང་ཁག་དང་སྒྲུང་ཁག་བར་འབྲེལ་བ་ཆགས་མི་ཐུབ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1