སྤྱི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲེ་ཐའེ་ཧྥེང་གིས་པེ་ཅིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་ཡོད་པ་རེད།
ཧྲེ་ཐའེ་ཧྥེང་གིས་པཎ་ཆེན་རིན་པོ་ཆེ་དང་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་མི་སྣར་བོད་ཆུ་ཡོས་ལོའི་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། ཁོང་གིས་འདས་ཟིན་པའི་ལོ་གཅིག་གི་རིང་ལ་པཎ་ཆེན་རིན་པོ་ཆེ་གང་ཅིའི་ཐད་ནས་ཡར་རྒྱས་ཕྱིན་པར་ཁས་ལེན་གང་ལེགས་གནང་བ་མ་ཟད། པཎ་ཆེན་རིན་པོ་ཆེ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཐོག བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་གནང་རྒྱུ་དང་། སྣེ་ཁྲིད་དང་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་གནང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གནང་རྒྱུ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་གནང་རྒྱུ། རང་རྟོགས་ངང་མེས་རྒྱལ་གྱི་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་གནང་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་བ་བཅས་གནང་རྒྱུ། ད་དུང་མུ་མཐུད་སྐུ་ཡོན་ཆེ་རུ་གཏོང་རྒྱུ་དང་། ཀུན་སྤྱོད་བློ་སྦྱོང་ལ་འབད་པ་གནང་རྒྱུ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་པའི་ལས་དོན་ཁྲོད་གྲུབ་འབྲས་གསར་པ་བརྩོན་ལེན་གནང་རྒྱུ་བཅས་ཀྱི་ཐུགས་རེ་གནང་འདུག
པཎ་ཆེན་རིན་པོ་ཆེས་ཧྲེ་ཐའེ་ཧྥེང་ལ་མཇལ་དར་ཕུལ་བ་དང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཞུ་རྒྱུ་དང་། ཐོས་བསམ་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་པ་བྱེད་པ། དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བ་བྱ་རྒྱུ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་རེ་བ་ཟབ་མོ་ཆུད་ཟོས་སུ་གཏོང་མི་སྲིད་ཅེས་གསུངས་གནང་འདུག