ཉ་ཚ་ཨ་བརྟན་དེ་རྟ་གངས་རི་ལྡིང་ཤེས་ཀྱི་སྟེང་དུ་ཞོན། ཁྲབ་རྨོག་འཁོར་གསུམ་བསྐོར་ཏེ་གླིང་སྒར་དཀྱིལ་དུ་ཚུར་བྱུང་ནས་ན་རེ། ཡ། ཤར་གླིང་དཀར་གྱི་ཕུ་ནུ་སུམ་ཅུ་ལགས། ཕ་སྡར་ཐུང་གི་བྱ་བ་ངན་ལོག་དེ། ཁྱེད་རང་རྣམས་ཀྱིས་ཨེ་རིག་གོ། །གླིང་ཕུ་ནུ་ནང་དམེ་བྱེད་ངེས་རེད། ང་ཕ་རྒྱབ་བུ་ལྕེབ་མི་བྱེད་རེད། གླུ་འདྲ་མ་ཐུང་ཐུང་འདི་ལ་ཉོན། ཟེར་ནས་གླུ་འདི་ལྟར་བླངས་པར་གདའ་འོ། །
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
གླུ་རྒྱབ་རྟེན་རྒྱལ་བ་རིགས་ལྔས་མཛོད། །
མདུན་སྲུང་རིག་འཛིན་ཕོ་མོས་མཛོད། །
གླུ་སྣ་མ་དང་མཁའ་འགྲོས་དྲོངས། །
སྟོང་དབྱེར་མེད་ཁ་ལོ་ཆོས་ལ་སྒྱུར། །
ཆོས་འབྱུང་དཀར་པོས་ལམ་སྣ་ཕྱེས། །
ས་འདི་ས་ངོ་མ་ཤེས་ན། །
གླིང་ལྷ་དམག་དཀར་པོའི་གཞི་དཀྱིལ་རེད། །
ཕོ་ང་དང་ང་ངོ་མ་ཤེས་ན། །
ཆེ་རྒྱུད་གསེར་པ་ཤོག་བརྒྱད་ལ། །
སྡེ་ཡར་འཁོར་སྟག་རོང་དུག་མཚོ་ཡོད། །
སྤྱི་དཔོན་ཉི་མ་འབུམ་དར་ཡག་བཞུགས། །
མཆན་ཁེབ་སྟག་རོང་དུག་མཚོ་ཡོད། །
དཔའ་ཡང་བརྟུལ་ཉ་ཚ་ང་འདྲ་སྲིད། །
དཔེ་ནག་པོ་ས་ལ་མི་སྲིད་པ། །
ཨ་ཕ་ཁྲོ་ཐུང་ཨ་ཐུང་འདིས། །
གླིང་སྤྱི་ཆོས་གསེར་གྱི་མཆོད་རྟེན་དེ། །
ཧོར་གུར་དཀར་ལག་ལ་བཞག་ལེ་ཡོད། །
སྒེར་ཆོས་གནམ་ལྕགས་རལ་གྲི་འདི། །
མི་ལྟོགས་ཤ་དང་བརྗེ་ལེ་ཡོད། །
གླིང་ཕ་ཁུའི་ཕྱི་ཐག་འདྲུད་ལེ་ཡོད། །
ལྡོང་སྨུག་པོའི་ཞབས་འདྲེན་བཟོ་ལེ་ཡོད། །
ཤ་ཕུ་ནུའི་ངོ་ཚ་ཉོ་ལེ་ཡོད། །
བུ་ཚ་བོར་དམའ་འབབ་བཟོ་ལེ་ཡོད། །
ད་ནངས་ཉི་མའི་སྔ་དྲོ་ལ། །
འདྲོགས་མགོ་སེ་རྟ་ཐོག་བུད་ནས་ཐལ། །
གླིང་རང་སར་དཔའ་གཏམ་བཤད་ནས་ཐལ། །
ཧོར་སྒར་འགྲམ་ལ་བསླེབས་པ་ན། །
མགོ་རྨོག་དཀར་རྔ་འཕྲུ་བཙུགས་ནས་གདའ། །
ཧོར་ནང་མི་འགྲོ་འགྲོ་བྱས་ནས་ཐལ། །
ལས་ཉན་ལེ་ཡེ་ནས་ཡོང་ལེ་མེད། །
ཇུས་ཡར་འཛིན་ཕུ་ནུ་སུམ་ཅུ་རེད། །
མར་བཤིག་ཨ་ཕ་ཁྲོ་ཐུང་རེད། །
མཁར་ཡར་བཞེངས་ཚོ་ཆེན་ལྷ་སྡེ་ལ། །
རྫོང་མར་བཤིག་གསེར་པའི་ཁྲོ་ཐུང་རེད། །
གླིང་དཀར་པོ་ལྷ་མདའ་དོང་གང་ལ། །
སྒྲོ་མེད་དཀྲུག་ཤིང་ཁྲོ་ཐུང་རེད། །
གླིང་ལྷ་སྡེ་བྱ་བརྒྱ་ཤར་བལྟ་ལ། །
ཁ་ནུབ་བལྟ་ཨ་ཕ་ཁྲོ་ཐུང་རེད། །
གླིང་དཔའ་བརྟུལ་སྨན་ཐུན་ཁ་ཡིག་ལ། །
དུག་ཧ་ལ་ཨ་ཕ་ཁྲོ་ཐུང་རེད། །
གླིང་ལྷ་སྡེ་དར་དཀར་ཡུག་གཅིག་ལ། །
དར་དྲི་མ་བྱུག་མི་ཁྲོ་ཐུང་རེད། །
ལས་བཟང་པོ་ཡེ་ནས་ཐོན་ལས་མེད། །
དགྲ་སྣ་གསོན་ཁྲིད་ཁྲོ་ཐུང་རེད། །
གླིང་བཟང་དྲུག་མཁར་གྱི་རྟེན་ལེ་མེད། །
ཆར་སྣེ་རླུང་ཁྲིད་ཁྲོ་ཐུང་རེད། །
བྲག་ཕུག་སྐམ་པོས་རྟེན་ལེ་མེད། །
ཤར་གླིང་ལྷ་ཡི་དཀྱིལ་འཁོར་དེ། །
རམ་ནག་སེར་བས་བརྡུངས་འདྲ་གཅིག །
དེ་མ་བྱས་ཁྲོ་ཐང་འདུག་ལེ་མེད། །
དེ་སྟེ་གནའ་མིའི་གཏམ་དཔེ་ལ། །
ཡིད་ཕ་མ་བཅད་ན་དགའ་རྒྱུ་མེད། །
མགོ་གསེར་སྐུས་བཅག་ན་བྱིན་རླབས་མེད། །
དམའ་ཉེ་བས་ཕབ་ན་བཟོད་རྒྱུ་མེད། །
ཟེར་ལེ་གནའ་མིའི་གཞུང་ལ་དར། །
གླིང་རང་མི་ཨ་ཕའི་བྱེད་ངན་ལ། །
ཧོར་གུར་དཀར་བཙན་བཙན་ལོས་རང་བྱེད། །
ཚོ་ཆེན་དཔའ་བརྟུལ་སུམ་ཅུ་ལགས། །
ཉི་མ་དེ་རིང་ཕན་ཆད་ནས། །
ཧོར་རྗེ་གུར་དཀར་རྒྱལ་པོ་དང་། །
གསེར་པའི་དཔོན་པོ་ཁྲོ་ཐུང་གཉིས། །
གླིང་དཀར་པོའི་དགྲ་སྐལ་འདྲ་འདྲ་རེད། །
གཡས་ན་ཕྱག་རྒྱ་བྱེད་རྒྱུ་མེད། །
གཡོན་ན་བུམ་པ་བྱེད་དོན་མེད། །
ཁྱད་པར་དོན་གསུམ་མ་བྱེད་ཅིག །
མ་བཞིའི་དཔོན་པོ་ཁྲོ་ཐུང་ལས། །
བུ་སྐལ་ཉ་ཚ་ཨ་བརྟན་རེད། །
ངས་ཕ་བསམ་རྐང་པའི་མཐིལ་ན་མེད། །
ལ་ཁར་ཐུག་ན་ཤྭ་གསོད་གྱིས། །
ལུང་ཁུད་ནས་ཐུག་ན་དགོ་གསོད་གྱིས། །
ཆུ་འགྲམ་ནས་ཐུག་ན་ཉ་གསོད་གྱིས། །
ཕྱི་འབུར་གསུམ་ནང་ལ་བརྡབ་རྒྱུ་གྱིས། །
ནང་གཤོང་གསུམ་ཁྲག་གིས་བཀང་རྒྱུ་གྱིས། །
ཧོར་གུར་དཀར་མགོ་སྐེ་ལོན་པ་དང་། །
ཕ་ཁྲོ་ཐུང་མགོ་ལག་ལོན་པ་གཉིས། །
ལས་རྟེན་མ་ཁྱད་པར་སྤུ་ཙམ་མེད། །
ཕོ་ང་ཐུག་ཕ་བུ་ནང་དམེ་བྱེད། །
སུས་བསད་ཀྱང་ཉ་ཚས་དཔའ་དར་འདོགས། །
ངས་དེ་རིང་ཉི་མའི་གདོང་གང་ལ། །
ཧོར་ཨ་ཆེན་གུར་དཀར་རྒྱལ་པོ་དང་། །
མ་བཞིའི་དཔོན་པོ་ཁྲོ་ཐུང་གཉིས། །
མཚོན་སྔོན་མོའི་ཁ་ལ་མཉམ་འཇོག་བྱེད། །
སྙིང་ཁྲག་ཡུར་ཆུ་མཉམ་འཐེན་བྱེད། །
མགོ་སྐེ་རྟ་རྔར་མཉམ་འདོགས་བྱེད། །
ངའི་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །
བརྒྱབ་ལ་གུར་དཀར་མ་ཐུག་ན། །
ཕ་ཁྲོ་ཐུང་མི་ཐུག་ཀ་མེད་ཡིན། །
ལས་དེ་བྱས་གླིང་རྒྱུ་ཡོད་ངེས་གཅིག །
བོད་སྒང་པར་ཕྱིར་བཞག་ངན་པ་གཅིག །
དེ་བྱེད་མ་ཐུབ་ཉ་ཚ་མིན། །
གླུ་འཁྲུལ་བར་སོང་ན་མཐོལ་ལོ་བཤགས། །
ངག་འཆལ་བར་སོང་ན་བཟོད་པར་བཞེས། །
ཞེས་ཟེར་ནས། ཤར་རྒྱག་གིས་རྨ་ཆུ་བཅད་དེ་ཧོར་སྒར་གྱི་འགྲམ་དུ་ཕར་སོང་བ་དང་། གུར་དཀར་ན་རེ། ཡ། ཡང་གླིང་སྒར་གྱི་ཟུར་ནས་མི་དཀར་རྟ་དཀར་ཅན་གཅིག་ཚུར་ཐོན་བྱུང་། དཔའ་བརྟུལ་སུ་འདྲ་ཡིན་ཟེར། ཁྲོ་ཐུང་ན་རེ། ཧོར་རྗེ་གུར་དཀར་རྒྱལ་པོ་ལགས། ཆུ་ཕ་རིའི་མི་དཀར་རྟ་དཀར་དེ། །ང་མ་བཞིའི་དཔོན་པོ་ཁྲོ་ཐུང་ལ། །བུ་དྲུག་བྱུང་བའི་ཆེ་མགོ་དེ། །ཉ་ཚ་ཨ་བརྟན་ཡིན་ལེ་གདའ། །རྟ་འདོ་བ་གངས་རི་ལྡིང་ཤེས་འདྲ། འབུམ་པའི་རྒྱ་ཚ་ཞལ་དཀར་དང་། ཕོ་རྒོད་བྱས་ན་ཁྱད་པར་མེད། །མདའ་འཕེན་བྱས་ན་ཁྱད་པར་མེད། །རྩལ་དྲུག་བྱས་ན་ཁྱད་པར་མེད། །ཧོར་སྒར་ནང་ལ་ཤོར་བས་ན། །ལས་བཟང་པོ་མི་བྱེད་ཐག་ཆོད་ཡིན། །ཡང་སྒོས་གུར་དཀར་ང་རང་གཉིས། །འབྲོ་ན་འབྲོ་ས་བཙལ་རན་གདའ། །གབ་ན་གབ་ས་དགོས་རན་གདའ། །ཟེར་ནས་ཝ་སྐད་ཤོར་བར་གདའ། །