ནུས་ཤུགས་ཡོད་རྒུས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་འགན་ལེན་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 02-24



        ཞིང་འཕྲུལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། བོད་ལྗོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་དང་། འགན་འཁྲི་ནན་གཏོང་། གཙོ་གནད་མངོན་གསལ། དྲིལ་བསྒྲགས་རྒྱ་ཁྱབ་བཅས་བྱས་ཏེ་ཞིང་འཕྲུལ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་དུས་བབ་རྒྱུན་མཐུད་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད།

        བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས《ལོ་མཇུག་དང་ལོ་འགོར་ཞིང་འཕྲུལ་གྱི་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་རྒྱུའི་སྐོར་གྱི་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་བརྡ་ཐོ》སོགས་ཡིག་ཆ་དུས་ཐོག་ཏུ་བཀྲམ་ནས་མིག་སྔའི་དུས་མཚམས་ཤིག་རིང་གི་ཞིང་འཕྲུལ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བཀོད་སྒྲིག་བྱས་ཤིང་། ས་གནས་ཁག་གི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཀྱང་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོས་ནས་ཞིང་འཕྲུལ་བདེ་འཇགས་ཐོན་སྐྱེད་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ཞིང་འཕྲུལ་བདེ་འཇགས་ཐོན་སྐྱེད་ཀྱི་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་གི་ལས་དོན་ལ་མཛུབ་ཁྲིད་དང་། མཐུན་སྦྱོར། ལྟ་བཤེར་བཅས་བྱས་པ་རེད།

        “མངོན་མེད་རྐྱེན་ངན་ནི་ལས་འཛོལ་རང་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་རྒྱུར་དམིགས་ཏེ། བོད་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་སེལ་བ་དེ་ལས་འཛོལ་ཐོན་རྒྱུ་བཀག་འགོག་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ལ་བརྩིས་ནས“མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་དང་། ཆད་སྐྱོན་སེལ་བ། དོ་དམ་ཆེར་གཏོང”བཅས་ཀྱི་ཐད་ཤུགས་བརྒྱབ་ཅིང་། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འཕྲུལ་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་དང་ཞིང་འཕྲུལ་ཉམས་གསོ་ཁང་སོགས་སུ་བསྐྱོད་དེ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱིས་ཐོ་ཕྲུག་བདེ་འཇགས་ཞིབ་བཤེར་ཚོད་ལྟ་བྱས་ནས་བོད་ལྗོངས་ཀྱི་ཞིང་འཕྲུལ་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ལ་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ། ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱིས་ས་གནས་དེ་གའི་ཞིང་འཕྲུལ་ཕྱིར་འཚོང་ཁྲོམ་རར་ཞིང་འཕྲུལ་གྱི་སྤུས་ཚད་ལ་བརྟག་དཔྱད་གཏིང་ཟབ་བྱས་པ། ཉིང་ཁྲི་གྲོང་ཁྱེར་གྱིས་ཞིང་འཕྲུལ་བེད་མེད་ཟོག་རོ་ཕྱིར་བསྡུའི་ཁེ་ལས་ལ་ཚད་ལྡན་ངང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། དུས་མཚུངས་སུ་དཔྱིད་རྨོད་དཔྱིད་འདེབས་གོང་གི་ཞིང་དལ་དུས་ཚོད་གང་ལེགས་སྤྱད་དེ་དྲ་ཚིགས་དང་། སྐད་འཕྲིན། འཕྲིན་ཐུང་སོགས་ལ་བརྟེན་ནས་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་དང་ཞིང་འཕྲུལ་བདེ་འཇགས་ཐོན་སྐྱེད་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་སོགས་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཞིང་འཕྲུལ་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་ཤོག་བྱང་2000ལྷག་ཙམ་སྤྲད་པ་དང་། རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་1500ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1