ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ་2ཚེས་21ཉིན་གྱི་ཕྱི་དྲོ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་གསུམ་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེལ་ཡོང་བ་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཚན་རྩལ་ལས་དོན་གྱི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རྨང་གཞིའི་ཞིབ་འཇུག་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
པེ་ཅིང་སློབ་ཆེན་གྱི་སློབ་སྤྱི། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི། དགེ་རྒན་ཆེ་མོ་ཀུང་ཆི་ཧོང་གིས་གནད་དོན་དེའི་ཐད་འགྲེལ་བཤད་བསྐྱོན་པ་དང་ལས་ཀའི་ཐད་གྲོས་འགོ་བཏོན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་གསན་གནང་བ་མ་ཟད་གྲོས་བསྡུར་ཡང་གནང་ཡོད།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་གྲུབ་རྗེས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་དང་རྒྱལ་ཁབ་ཀྱིས་སྔར་ནས་བཟུང་རྨང་གཞིའི་ཞིབ་འཇུག་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། མིག་སྔར་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་བྱེད་ཐེངས་གསར་པ་བྱ་འཕུར་བ་ལྟར་གོང་དུ་འཕེལ་བ་དང་། རིག་གཞུང་ཚན་ཁག་སྣོལ་སྡེབ་མཉམ་འདྲེས་ངང་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ། ཚན་རིག་ཞིབ་འཇུག་གི་བྱ་ཐབས་ལ་འཕོ་འགྱུར་གཏིང་ཟབ་བྱུང་བ། ཚན་རིག་ལག་རྩལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་མཉམ་འདྲེས་ཇེ་མགྱོགས་སུ་འགྲོ་བ། རྨང་གཞིའི་ཞིབ་འཇུག་གི་བརྗེ་སྒྱུར་དུས་འཁོར་མངོན་གསལ་ངང་ཐུང་དུ་སོང་བ། རྒྱལ་སྤྱིའི་ཚན་རྩལ་འགྲན་རྩོད་དེ་རྨང་གཞིའི་མདུན་གྲལ་དུ་འགྱུར་བཞིན་ཡོད། རྒྱལ་སྤྱིའི་ཚན་རྩལ་འགྲན་རྩོད་ལ་ཁ་གཏད་གཅོག་རྒྱུ་དང་ཆུ་ཚད་མཐོ་བའི་རང་ཚུགས་རང་འབད་མངོན་འགྱུར་བྱ་རྒྱུ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ང་ཚོས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་འབྱུང་རྩ་དང་འོག་རིམ་ནས་འགག་རྩའི་ལག་རྩལ་གྱི་གནད་དོན་ཐག་གཅོད་རྒྱུ་དེ་དགོས་གལ་ཤིན་ཏུ་ཆེན་པོ་ཡིན་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། རྨང་གཞིའི་ཞིབ་འཇུག་ཐད་ཀྱི་རྒྱང་ལྟའི་རང་བཞིན་དང་། འཐབ་ཇུས་རང་བཞིན། བརྒྱུད་རིམ་རང་བཞིན་བཅས་ཀྱི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། རྨང་གཞིའི་ཞིབ་འཇུག་དེ་ཞིབ་འཇུག་ནས་བཀོལ་སྤྱོད་བར་དང་། དེ་ནས་ཐོན་སྐྱེད་བྱེད་པའི་བར་གྱི་ཚན་རིག་ཞིབ་འཇུག་གི་འབྲེལ་ཐག་གི་འགོ་འཛུགས་སར་གནས་ཡོད་པས། རྩིག་རྨང་བརྟན་པོ་བཏིངས་ཚེ། ད་གཟོད་གཞི་ནས་ཚན་རྩལ་བྱ་གཞག་གི་ཐོག་ཁང་མཐོན་པོ་བསྐྲུན་ཐུབ། “ཁ་ཕྱོགས་བཞི”མཐའ་འཁྱོངས་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་དང་རང་མོས་འཚོལ་ཞིབ་ཕྱོགས་གཉིས་ཀར་བརྟེན་རྒྱུ་མཐའ་འཁྱོངས་བྱས་ཐོག འཛམ་གླིང་གི་ཚན་རྩལ་མདུན་གྲལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་གལ་ཆེན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ཟུང་འབྲེལ་བྱེད་དགོས་པ་དང་། ཚན་རིག་གོང་འཕེལ་གྱི་ཆོས་ཉིད་གཞིར་བཟུང་ནས་བཏོན་པའི་མདུན་གྲལ་གྱི་གནད་དོན་དང་བཀོལ་སྤྱོད་ཞིབ་འཇུག་གལ་ཆེན་བྱེད་རིང་དོན་སྤྱིར་གྱུར་བའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། རྨང་གཞིའི་ཞིབ་འཇུག་གི་འགག་རྩའི་ཚན་རིག་གི་གནད་དོན་གཅིག་བསྡུས་བྱ་དགོས། ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ཁོང་དུ་ཆུད་པ་བྱས་ཐོག རྨང་གཞིའི་ཞིབ་འཇུག་གི་རྣམ་གྲངས་གལ་ཆེན་གྱི་ཆོག་འཐུས་རང་བཞིན་རིགས་པས་ཁུངས་སྐྱེལ་དང་འདེམས་སྒྲུག་དཔྱད་དཔོག་ལ་ཤུགས་སྣོན་རྒྱག་པ་དང་ཚན་རིག་མཁས་ཅན་གྱི་བསམ་འཆར་ལ་བརྩི་འཇོག་གང་ལེགས་བྱས་ཏེ། འཕེལ་ཕྱོགས་ཆེན་པོ་དམ་འཛིན་དང“ཐོག་མའི་ལས་དོན”ཡག་པོ་བསྒྲུབ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་བཏང་ཐོག འཐབ་ཇུས་ཁྲིད་ཕྱོགས་ཀྱི་མ་ལག་ཅན་གྱི་རྨང་གཞིའི་ཞིབ་འཇུག་དང་མདུན་གྲལ་ཁྲིད་ཕྱོགས་ཀྱི་འཚོལ་ཞིབ་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག ཚོང་རའི་ཁྲིད་ཕྱོགས་ཀྱི་བཀོལ་སྤྱོད་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་བཅས་ལ་སྒྲིག་འཛུགས་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གི་སྣེ་ཁྲིད་ནུས་པ་དང་རྒྱལ་ཁབ་ཚན་ཞིབ་ལས་ཁུངས་ཀྱི་སྒྲིག་འཛུགས་ཅན་གྱི་རྩ་འཛུགས་ནུས་པ། ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན་གཙོ་ཤུགས་དམག་གི་ནུས་པ། ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱི་“རྒྱུགས་འདོན་མཁན”དང་། “རྒྱུགས་ལན་འདེབས་མཁན།” “རྒྱུགས་ཤོག་ལྟ་མཁན”བཅས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱེད་དགོས། རྨང་གཞིའི་ཚན་ཁག་འཛུགས་སྐྱོང་གི་གནས་སྟངས་ལེགས་སུ་གཏོང་བ་དང་། གཙོ་གནད་ཚན་ཁག་དང་། གསར་དར་ཚན་ཁག བེད་སྤྱོད་ཉུང་བའི་ཚན་ཁག ཉམས་ཞན་ཚན་ཁག་བཅས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། ཚན་ཁག་སྣོལ་སྡེབ་མཉམ་འདྲེས་དང་ཚན་ཁག་བརྒལ་བའི་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་དོ་མཉམ་ངང་འཕེལ་རྒྱས་གཏོང་བའི་སྤུས་མཐོའི་ཚན་ཁག་མ་ལག་འཛུགས་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། འཛམ་གླིང་འདི་ཉིད་ཚན་རིག་ཆེན་མོའི་དུས་རབས་སུ་སླེབས་ཟིན་ཞིང་། རྨང་གཞིའི་ཞིབ་འཇུག་རྩ་འཛུགས་ཅན་དུ་འགྱུར་ཚད་ཇེ་ཆེར་འགྲོ་བ་དང་། ལམ་ལུགས་ཀྱི་འགན་ལེན་དང་སྲིད་ཇུས་ཀྱི་ཁྲིད་སྟོན་གྱིས་རྨང་གཞིའི་ཞིབ་འཇུག་ལ་ཐོན་པའི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད། ངེས་པར་དུ་རྨང་གཞིའི་ཞིབ་འཇུག་གི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ལམ་ལུགས་དང་སྲིད་ཇུས་ཀྱི་རིན་ཐང་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་འཐབ་ཇུས་ལ་བརྟེན་ནས་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། རྨང་གཞིའི་ཞིབ་འཇུག་ལ་ནོར་སྲིད་ཀྱིས་མ་དངུལ་འཇོག་གྲངས་བརྟན་པོའི་ངང་མང་དུ་གཏོང་བ་དང་། ཁྲལ་བསྡུ་གཟིགས་སྐྱོང་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཁེ་ལས་ཀྱིས་མ་དངུལ་འཇོག་གྲངས་མང་དུ་གཏོང་རྒྱུར་བསྔགས་སྐུལ་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཚན་རིག་ཐེབས་རྩ་འཛུགས་པ་དང་ཚན་རིག་དང་མཐུན་པར་ཞལ་འདེབས་རྒྱག་པ་སོགས་ཕྱོགས་མང་མ་འཇོག་བྱ་རྒྱུར་བསྔགས་སྐུལ་བྱེད་པ། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་དང་དེའི་མཉམ་འབྲེལ་ཐེབས་རྩའི་རོགས་དངུལ་གྱི་ཕན་ནུས་ཆེ་རུ་གཏོང་བ། འགྲན་རྩོད་རང་བཞིན་ལྡན་པའི་རྒྱབ་སྐྱོར་དང་བརྟན་པོའི་རྒྱབ་སྐྱོར་ཟུང་དུ་སྦྲེལ་བའི་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་འཇོག་པའི་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞིའི་རྨང་གཞིའི་ཞིབ་འཇུག་གི་རྒྱབ་སྐྱོར་མ་ལག་ལེགས་སུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་རྣམ་གྲངས་སྒྲིག་འཛུགས་དང་། རེ་ཞུ་འབུལ་བ། དཔྱད་ཞིབ། ཇུས་འགོད་བཅས་ཀྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཧེ་བག་ཅན་གྱི་རིགས་དབྱེ་དོ་དམ་དང་རྒྱལ་སྤྱི་རྒྱལ་ནང་གི་ལས་རིགས་གཅིག་པའི་དཔྱད་གླེང་ལག་ལེན་བསྟར་བ། ཚན་རིག་གི་གནད་དོན་གལ་ཆེན་ལ་ཕྱོགས་པའི་མཐུན་སྦྱོར་འགག་སྒྲོལ་སྒྲིག་འཛུགས་དང་སྤེལ་བ། རང་མོས་འཚོལ་ཞིབ་རྣམ་པའི་ཞིབ་འཇུག་དང་ངོས་འཛིན་གཅིག་མཐུན་མིན་པའི་གསར་གཏོད་ཞིབ་འཇུག་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་དང་ཁྲོམ་རའི་ལམ་སྲོལ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། རྨང་གཞིའི་ཞིབ་འཇུག་གི་དུས་ཡུན་རིང་པོ་དང་འཚམ་པའི་ཚན་རྩལ་གདེང་འཇོག་གི་ལྕག་སྐུལ་དང་། གྲུབ་འབྲས་བཀོལ་སྤྱོད་བརྗེ་སྒྱུར། ཚན་རྩལ་མི་སྣའི་གླ་ཕོགས་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྨང་གཞིའི་ཞིབ་འཇུག་གི་གསར་གཏོད་རྟེན་གཞི་དང་ལེགས་ཆ་ལྡན་པའི་ཚོགས་པ། གཙོ་གནད་ཁ་ཕྱོགས་བཅས་ཁག་གཅིག་ལ་ཡུན་རིང་བརྟན་པོའི་ངང་རྒྱབ་སྐྱོར་བྱེད་པ། ཐོག་མའི་གསར་གཏོད་ཀྱི་འབྱུང་གནས་དང་རྨང་གཞིའི་ཞིབ་འཇུག་གི་གདོང་ལེན་སྟོབས་ཤུགས་གཏོད་པ་བཅས་བྱེད་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཚོད་ལྟ་ཁང་གི་མ་ལག་མཐུན་སྦྱོར་འཛུགས་སྐྲུན་བྱེད་པ་དང་། རྨང་གཞིའི་ཚན་ཁག་གི་ཞིབ་འཇུག་ལྟེ་གནས་བཀོད་སྒྲིག་འཛུགས་སྐྲུན་བྱེད་པ། རྣམ་པ་གསར་པའི་ཚན་ཞིབ་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྟེགས་བུ་སྔ་ནུར་དུ་བཀོད་སྒྲིག་བྱེད་པ། སྟོབས་ཆེ་བའི་རྨང་གཞིའི་ཞིབ་འཇུག་གི་རྐང་འཛིན་མི་སྣའི་དྲ་བ་ཆགས་པ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་དཔག་སྣེ་ཁྲིད་རང་བཞིན་དང་། འཐབ་ཇུས་ཀྱི་སྟོན་ཕྱོགས་རང་བཞིན། བེད་སྤྱོད་ཀྱི་འདེགས་སྐྱོར་རང་བཞིན་བཅས་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་ཆས་གལ་ཆེན་འཆར་འགོད་བྱེད་པ་དང་། སྒྲིག་ཆས་འཛུགས་སྐྲུན་བྱེད་རིང་དང་བྱས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། དུས་མཚམས་ཧྲིལ་པོའི་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ། སྒོ་དབྱེ་མཉམ་སྤྱོད་ཀྱི་ཆུ་ཚད་དང་འཁོར་སྐྱོད་ཀྱི་ལས་ཕྱོད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། ཚན་རྩལ་ཡོ་ཆས་སྒྲིག་ཆས་དང་། བཀོལ་སྤྱོད་མ་ལག རྨང་གཞིའི་མཉེན་ཆས་བཅས་རྒྱལ་ཐོན་ཅན་གྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པ། ཚན་ཞིབ་ལས་ཁུངས་དང་། མཐོ་སློབ། ཁེ་ལས་བཅས་ཀྱིས་མཉམ་ལས་བྱས་ནས་འགག་གཏོར་བྱེད་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཐོན་ཅན་གྱི་ཚབ་བྱེད་ཆུ་ཚད་དང་བེད་སྤྱོད་གཞི་ཁྱོན་ཆེ་རུ་གཏོང་བ། སྔ་ཙམ་ནས་རང་རྒྱལ་གྱི་རང་བརྟེན་ཞིབ་འཇུག་སྟེགས་བུ་དང་ཡོ་ཆས་སྒྲིག་ཆས་ལ་བརྟེན་ནས་རྨང་གཞིའི་ཞིབ་འཇུག་གི་གནད་དོན་གལ་ཆེན་ཐག་གཅོད་ཐུབ་པའི་བརྩོན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པར་མཐར་གཏུགས་ནས་བཤད་ན་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣར་བརྟེན་དགོས། ངེས་པར་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་མ་ལག་ཅན་དང་བང་རིམ་མཐོ་བའི་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྟེགས་བུ་བསྐྲུན་ཏེ་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་སྔར་ལས་མང་བ་གཅིག་རྗེས་གཉིས་མཐུད་དུ་ཐོན་པར་བྱ་དགོས། རིགས་ཁག་གི་ཤེས་ལྡན་མི་སྣའི་འཆར་འགོད་ཀྱིས་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ཇུས་ལྡན་པའི་ཚན་རིག་མཁས་པ་གསོ་སྐྱོང་དང་བེད་སྤྱོད་བྱེད་པ། གཞོན་སྐྱེས་ཚན་རྩལ་ཤེས་ལྡན་མི་སྣས་འགན་ཆེན་པོ་འཁུར་བ་དང་ལས་འགན་ལྗིད་པོ་འཁུར་བར་རྒྱབ་སྐྱོར་བྱས་ཏེ། ཚན་རྩལ་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣའི་དཔུང་ཁག་དང་རྩེན་སོན་གྱི་གསར་གཏོད་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེ་རུ་གཏོང་དགོས། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་ཧེ་བག་ཅན་གྱི་གདེང་འཇོག་དང་དུས་འཁོར་རིང་པོའི་རྒྱབ་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣར་མི་རྒྱུ་དངོས་གསུམ་བཀོད་གཏོང་བྱེད་དབང་དང་ལག་རྩལ་ལམ་ཕྱོགས་ཀྱི་གདམ་གསེས་བྱེད་དབང་སྔར་ལས་ཆེ་བ་སྤྲད་དེ། རྨང་གཞིའི་ཞིབ་འཇུག་གི་ཆོས་ཉིད་དང་ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་དང་མཐུན་པའི་གདེང་འཇོག་མ་ལག་འཛུགས་དགོས། ཚན་ཞིབ་ཀྱི་སློབ་སྲོལ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཚན་རྩལ་མི་སྣས་འུད་ཤོབ་མི་ཤོད་པ་དང་འཚབ་འཚུབ་ཀྱི་བསམ་བློ་དོར་ནས་རང་འཁྲིའི་ལས་གནས་བརྟན་སྲུང་བྱ་རྒྱུར་ཁྲིད་སྟོན་བྱ་དགོས། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། “སློབ་འབྲིང་སློབ་མའི་ནུས་རྩལ་ཁྱད་འཕགས་ཅན་གྱི་འཆར་གཞི”དང་། “རྨང་གཞི་བརྟན་གཏོང་གི་འཆར་གཞི”“རྨང་གཞིའི་རིག་གཞུང་ཚན་ཁག་གི་ཕུལ་བྱུང་སློབ་མའི་གསོ་སྐྱོང་འཆར་གཞི”བཅས་ལག་བསྟར་གཏིང་ཟབ་བྱེད་པ། རྨང་གཞིའི་རིག་གཞུང་ཚན་ཁག་གི་སློབ་གསོའི་མ་ལག་ལེགས་འགྱུར་བྱེད་པ། མཐོ་རིམ་སློབ་གྲྭ་དང་ལྷག་པར་དུ“རྩེ་གྲ་གཉིས”ཀྱི་མཐོ་རིམ་སློབ་གྲྭའི་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱེད་པ། རྒྱལ་ཁབ་ལ་དགོས་མཁོ་ཆེ་བའི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། གཞི་ཁྱོན་ཆེ་བའི་རྨང་གཞིའི་ཞིབ་འཇུག་གི་རྗེས་གྲབས་སྟོབས་ཤུགས་ཟམ་མི་ཆད་པར་སྐྱེད་སྲིང་བྱ་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། མིའི་རིགས་ཀྱིས་ཐུན་མོང་གོང་འཕེལ་གྱི་དཀའ་གནད་སེལ་བར་དེ་སྔའི་དུས་གང་ཞིག་ལས་ཀྱང་ལྷག་པའི་རྒྱལ་སྤྱིའི་མཉམ་ལས་དང་སྒོ་དབྱེ་མཉམ་སྤྱོད་བྱེད་དགོས། རྒྱལ་སྤྱིའི་རྨང་གཞིའི་ཞིབ་འཇུག་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་པ་དང་། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚན་རིག་ཞིབ་འཇུག་གི་ཐེབས་རྩ་འཛུགས་པ། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་འགོད་ཕྱི་ཕྱོགས་སུ་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ། གནམ་གཤིས་འགྱུར་ལྡོག་དང་ནུས་རྒྱུའི་བདེ་འཇགས། སྐྱེ་དངོས་བདེ་འཇགས། ཕྱི་རིམ་བར་སྣང་བེད་སྤྱོད་སོགས་གོ་ལ་ཧྲིལ་པོའི་གནད་དོན་ལ་དམིགས་ཏེ་ཀྲུང་ཕྱིའི་མཉམ་འབྲེལ་ཚན་ཞིབ་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་དགོས། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ལ་སྔོན་མཐོང་ཇུས་འགོད་བྱེད་པ་དང་དེའི་ནང་གཏིང་ཟབ་ཞུགས་པ་དང་། རྒྱལ་སྤྱིའི་ཚན་རྩལ་སྒྲིག་འཛུགས་ནང་ཞུགས་པའམ་ཡང་ན་འཛུགས་རྒྱུའི་གྲོས་འགོ་འདོན་པ། རྒྱལ་ནང་གི་མཐོ་སློབ་དང་ཚན་ཞིབ་ཁང་དང་ཚན་ཞིབ་སུའོ། ཚན་རྩལ་སྒྲིག་འཛུགས་བཅས་རྒྱལ་སྤྱི་དང་འབྲེལ་མཐུད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རྒྱལ་སྤྱིའི་ཚན་རྩལ་ལས་རིགས་ཀྱི་སྒོ་དབྱེ་དང་། ཡིད་ཆེས། མཉམ་ལས་བཅས་བྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་བ་དང་། ཐོག་མའི་གསར་གཏོད་དང་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་གཏོར་གལ་ཆེན་དེ་བས་མང་བར་བརྟེན་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ་མ་ཟད། རང་རྒྱལ་གྱི་ཚན་རྩལ་བདེ་འཇགས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རང་རྒྱལ་གྱི་ཚན་རྩལ་ལས་དོན་པ་མི་རབས་ཁ་ཤས་ཀྱིས་རྒྱུན་མཐུད་འབད་འཐབ་བྱས་ནས་བཏོད་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། འགྲིམ་འགྲུལ་སློབ་ཆེན་ཞི་ཨན་དུ་སྤོས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས། མི་བཞུགས་མཁའ་སྐྱོད་ཀྱི་སྙིང་སྟོབས། ཚན་རིག་མཁས་པའི་སྙིང་སྟོབས། ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་སྙིང་སྟོབས། དུས་རབས་གསར་པའི་བྱང་སྐར་སྤུན་བདུན་གྱི་སྙིང་སྟོབས་སོགས་ཀྱིས་ཐུན་མོང་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གསར་གཏོད་འབྱུང་ཁམས་བཏོད་ཡོད་པ་དང་། རྨང་གཞིའི་ཞིབ་འཇུག་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་གྱུར་ཡོད། སྤྱི་ཚོགས་ཡོངས་སུ་བདེན་དོན་གཉེར་བ་དང་ཡང་རྩེར་སྙེག་པའི་ཚན་རིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་སོགས་ཚན་རྩལ་ཁྱབ་ཁོངས་སུ་ཐོན་པའི་སྔོན་ཐོན་མིག་དཔེ་དང་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། རྒྱ་ཆེའི་ཚན་རྩལ་ལས་དོན་པར་ཚན་རིག་མཁས་པ་རྒན་རབས་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བ་དང་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་པའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་དཔྱད་རྩོམ་མེས་རྒྱལ་གྱི་ས་གཞི་ཆེན་པོའི་ཐོག་འབྲི་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། རྒྱལ་ཁབ་ཀྱི་ཚན་རིག་ཁྱབ་གདལ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། དྲ་ཐོག་དང་ས་ཡུལ་དངོས་ཀྱི་ཐབས་ལམ་མང་པོར་བརྟེན་ནས་ཚན་རིག་ཤེས་བྱ་བརྒྱུད་བསྒྲགས་དང་ཚན་རྩལ་གྲུབ་འབྲས་འགྲེམས་སྟོན་བྱས་ནས། ཚན་རིག་ལ་དགའ་ཞེན་དང་ཚན་རིག་ལ་བརྩི་མཐོང་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་གཏོད་དགོས། སློབ་གསོའི“ཉུང་གཏོང་གཉིས”ཀྱི་ཁྲོད་དུ་ཚན་རིག་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས། གཞོན་ནུ་ལོ་ཆུང་གི་ཡ་མཚན་བསམ་བློ་དང་འཆར་སྒོ། འཚོལ་ཞིབ་བྱེད་འདོད་ཀྱི་བསམ་བློ་བཅས་སྐུལ་སློང་བྱས་ཏེ། ཚན་རིག་མཁས་པའི་མངོན་མེད་བྱང་ཚད་ལྡན་ཞིང་ཚན་རིག་ཞིབ་འཇུག་གི་བྱ་གཞག་ཆེད་རང་ནུས་གང་ཡོད་འདོན་འདོད་ཡོད་པའི་གཞོན་ནུ་ལོ་ཆུང་གི་ཚོགས་པ་གསོ་སྐྱོང་བྱེད་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས་མཇུག་ཏུ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཚན་རྩལ་ཤེས་བྱ་སློབ་སྦྱོང་དང་ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རང་འགུལ་ངང་ཚན་རྩལ་ལས་དོན་པའི་སེམས་ཁྲལ་དང་དཀའ་གནད་སེལ་བ་དང་ཁུར་པོ་ཡང་དུ་གཏོང་བ། སེམས་ཤུགས་སྐུལ་སློང་བྱེད་པ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་ངོ་མ་ཡོང་བ་བྱ་དགོས་ཞེས་ནན་སྟོན་གནང་བ་རེད།