༄༅། །བུ་ལོན་རྩོད་གཞིའི་ཐག་གཅོད་བྱེད་ཐབས་ག་འདྲ་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-27


གཅིག མི་སྒེར་གྱི་བུ་ལོན་ཆད་འགྱངས་བྱས་པའི་རྩོད་གཞི་ཐག་གཅོད་བྱེད་ཐབས་ག་འདྲ་ཡིན།

        མི་གཞན་གྱིས་བསམ་ངན་བཅངས་ཏེ་བུ་ལོན་ཆད་འགྱངས་བྱེད་དུས། བུན་བདག་གིས་ཐད་ཀར་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཆོག་ཅིང་། ཁྲིམས་ཁང་གིས་བཙན་ཤུགས་ཀྱིས་བུན་འགན་འཁུར་མཁན་ལ་བུ་ལོན་འཇལ་དུ་འཇོག་དགོས།

(1) བསམ་ངན་བཅངས་ཏེ་མི་སྒེར་གྱི་བུ་ལོན་ཆད་འགྱངས་བྱས་པའི་ཞུ་གཏུག་དུས་ཡུན་ནི། རང་ཉིད་ཀྱི་ཁེ་དབང་ཤེས་པའམ་ཤེས་དགོས་པའི་དུས་ནས་བཟུང་ལོ2ཀྱི་ནང་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱ་དགོས།

(2) བསམ་ངན་བཅངས་ཏེ་མི་སྒེར་གྱི་བུ་ལོན་ཆད་འགྱངས་བྱས་པའི་ཞུ་གཏུག་བྱེད་སའི་ཁྲིམས་ཁང་ནི།གཏུག་ཡུལ(སྒོར་ཆད་མཁན)ཡོད་སའི(ཁྱིམ་ཐོ་ཡོད་སའམ་སྡོད་གནས)མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱ་དགོས།

(3) བསམ་ངན་བཅངས་ཏེ་མི་སྒེར་གྱི་བུ་ལོན་ཆད་འགྱངས་བྱས་པའི་དཔང་རྟགས་འཚོལ་སྡུད་བྱེད་པ། མི་གཞན་གྱིས་བསམ་ངན་བཅངས་ཏེ་བུ་ལོན་ཆད་འགྱངས་བྱེད་དུས། བུན་བདག་གིས་ཆད་ཡིག་དང་སྒོར་བསྐུར་བའི་འཛིན་ཡིག བུན་འགན་འཁུར་མཁན་གྱིས་སྒོར་ཆད་པའི་འཕྲིན་ཐུང་གསལ་སྟོན་བྱེད་པ། དཔང་མིའི་དཔང་ཚིག་སོགས་ཀྱི་དཔང་རྟགས་གྲ་སྒྲིག་བྱ་དགོས།

(4) གལ་ཏེ་གཏུག་མཁན་ཞུ་གཏུག་ལས་རྒྱལ་ཚེ། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ལག་བསྟར་བྱེད་ཅིང་། གལ་ཏེ་མི་གཞན་དེར་ལག་སྒོར་མེད་ཚེ། གཏུག་མཁན་གྱིས་མི་དམངས་ཁྲིམས་ཁང་དུ་བཙན་ཤུགས་ལག་བསྟར་བྱ་དགོས་པའི་རེ་ཞུ་དབུལ་ཆོག

གཉིས། མི་སྒེར་གྱི་བུ་ལོན་གཙོ་བོ་གང་དག་ལ་ངོས་འཛིན་དགོས།

(1) ཁྱོ་ཤུག་ཕྱོགས་གཅིག་གི་གཉེན་མ་བསྒྲིགས་པའི་སྔོན་གྱི་བུ་ལོན། དཔེར་ན་ཁྱོ་ཤུག་ཕྱོགས་གཅིག་གིས་ཁང་པ་ཉོ་བ་སོགས་རྒྱུ་ནོར་གྱི་བུ་ལོན་གཞལ་དགོས་ན། ཁང་པ་དེ་ནི་གཉེན་བསྒྲིགས་རྗེས་ཀྱི་ཐུན་མོང་འཚོ་བའི་ཕྱོགས་ལ་བཀོལ་མེད་ཚེ། མི་སྒེར་གྱི་བུ་ལོན་དུ་ངོས་འཛིན་དགོས།

(2) ཁྱོ་ཤུག་ཕྱོགས་གཅིག་གིས་ཕ་རོལ་པོའི་ཡིད་འཐད་མ་བརྒྱུད་པར། རང་འགུལ་གྱིས་གསོ་སྐྱོང་གི་འོས་འགན་མེད་མཁན་ལ་བུ་ལོན་འཇལ་རོགས་བྱས་པ།

(3) ཁྱོ་ཤུག་ཕྱོགས་གཅིག་གིས་ཕ་རོལ་པོའི་ཡིད་འཐད་མ་བརྒྱུད་པར། རང་རྐྱ་འཕེར་བའི་སྒོ་ནས་མ་དངུལ་གྲབས་གསོག་བྱས་ཏེ་ཐོན་སྐྱེད་དམ་ཚོང་གཉེར་བྱེད་སྒོ་སྤེལ་ནས་འཁུར་བའི་བུ་ལོན་དང་། དེར་མ་ཟད་དེའི་ཡོང་སྒོ་ཁྱོ་ཤུག་ཐུན་མོང་གི་འཚོ་བའི་ཕྱོགས་ལ་མ་བཀོལ་བ།

(4) ཁ་ཆེམས་སམ་འབུལ་བའི་གན་རྒྱའི་ཁྲོད། ཁྱོ་ཤུག་ཕྱོགས་གཅིག་ལ་གཏོགས་པའི་རྒྱུ་ནོར་ནི་ཕྱོགས་དེའི་མི་སྒེར་གྱི་རྒྱུ་ནོར་ཡིན་པ་གཏན་འཁེལ་བྱས་ཡོད་ཚེ། ཁ་ཆེམས་སམ་འབུལ་བའི་གན་རྒྱ་དེ་ལས་བྱུང་བའི་བུ་ལོན་ཡང་ཁ་ཆེམས་སམ་འབུལ་བའི་གན་རྒྱ་དང་ལེན་བྱེད་མཁན་གཅིག་པུས་འགན་འཁུར་རྒྱུ་དང་། ཕ་རོལ་པོར་བུ་ལོན་གཙང་སེལ་བྱེད་པའི་འགན་འཁུར་མེད།

(5) ཁྱོ་ཤུག་ཕྱོགས་གཉིས་ཀས་ཁྲིམས་ལྟར་སྒེར་གྱི་བུ་ལོན་མི་སྒེར་གྱིས་འགན་འཁུར་རྒྱུའི་ཁ་ཆད་བྱས་ཡོད་པ། ཁྱོ་ཤུག་ཕྱོགས་གཉིས་ཀའི་ཐུན་མོང་གི་འཚོ་བར་གཏོགས་པའི་བུ་ལོན་ནི་ཕྱོགས་གཅིག་གིས་འགན་འཁུར་རྒྱུའི་ཁ་ཆད་བྱས་ཡོད་ན། དེ་ནི་ཁྱོ་ཤུག་ཕྱོགས་གཅིག་གི་བུ་ལོན་ཡིན་པར་ངོས་འཛིན་དགོས། འདི་འདྲའི་ཁ་ཆད་ནི་རྩ་དོན་སྟེང་བུན་བདག་ལ་ངོ་རྒོལ་གྱི་ནུས་པ་མི་ཐོན་པ་དང་། ཡང་མིན་ན་བུན་བདག་གིས་སྔོན་དུ་ཁ་ཆད་ཤེས་དགོས་པའམ་རྗེས་སུ་ཁ་ཆད་དེ་ཁས་ལེན་དགོས།

(6) ཁྱོ་ཤུག་ཕྱོགས་གཅིག་གིས་སྒེར་གྱི་ལུགས་མཐུན་མིན་པའི་འགྲོ་སོང་རྐྱེན་བྱས་ཏེ། དཔེར་ན་རྒྱན་སྐུག་པ་དང་དུག་འཐེན་པ།ཆང་འཐུང་སྟེ་འཁུར་བའི་བུ་ལོན།

(7) བཅའ་ཁྲིམས་ལྟར་མི་སྒེར་གྱིས་འགན་འཁུར་དགོས་པའི་བུ་ལོན་གཞན་དག ཁྱོ་ཤུག་ཕྱོགས་གཅིག་གིས་ཁྲིམས་འགལ་གྱི་ནག་ཉེས་བྱ་སྤྱོད་དང་དབང་གནོད་བྱ་སྤྱོད་སྤེལ་ནས་འཁུར་བའི་བུ་ལོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1