༄༅།།ཐང་རྙེད་ཀྱིས་བླངས་པའི་གླུ་ཁྲོམ་ཆེན་ཟིལ་གནོན་ཞེས་བྱ་བ་བཞུགས་སོ།།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 03-01


   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   གླུ་མཆོད་པ་འབུལ་ལོ་གོང་མ་ལྷ། །

   ཟག་མེད་དབྱིངས་ནས་གཟིགས་སུ་གསོལ། །

   དབུ་ལ་རྨོག་ཞུ་དཀར་པོ་གསོལ། །

   རྡོ་རྗེ་གཡས་ལ་རལ་གྲི་གཡོན། །

   མི་མགོའི་ཕྲེང་བ་ཤར་ར་ར། །

   ཆིབས་སུ་གནམ་རྟ་གྱི་ལིང་བཅིབས། །

   འཁོར་དུ་བྱ་ཞོན་བརྒྱ་ཡིས་བསྐོར། །

   ཕྱག་ན་ཐོག་གི་འབུད་རྒྱུད་འབུད། །

   ཡར་མཆོད་ནམ་མཁའི་དབྱིངས་ཤེད་ནས། །

   ནམ་མཁའི་ལྷ་མགར་མཐུ་བོ་ཆེ། །

   དེ་རིང་ལྕགས་ཁང་རྒྱན་ལ་བྱོན། །

   གླིང་དཀར་བསྟན་པའི་གསེར་འཕྲུ་ཚུགས། །

   བདུད་ཁམས་དམར་པོ་མེ་ལ་ཐོབ། །

   བདུད་འཕྲུ་ལྷ་ཡི་འཕྲུ་ལ་སྒྱུར། །

   གནམ་ཐེལ་དཀར་པོ་ཆམ་ལ་ཕོབ། །

   གནམ་ལྕགས་ཐོ་བས་མགོ་བོ་ཆོམས། །

   བར་མཆོད་བར་སྣང་སྐྱ་མོ་ནས། །

   བསེར་མ་རླུང་གི་ཕོ་བྲང་ནས། །

   ཐོག་སེར་འཁྲིགས་པའི་སྐུ་མཁར་ནས། །

   དམ་ཅན་རྡོ་རྗེ་ཐོག་ལེ་རྩལ། །

   སྨུག་ནས་ཁྲོ་ཚུལ་འཇིགས་གཟུགས་ཅན། །

   བྱ་རྒོད་དཀར་པོའི་དར་འཕྲུ་གསོལ། །

   དབུ་ལ་གསེར་ཞུ་ཐོ་ལོ་ལོ། །

   ཙི་ཏ་གཡས་ལ་ཐོད་ཁྲག་གཡོན། །

   སྙིང་ཕྲེང་བརྒྱ་ཡིས་སྐུ་ལ་བརྒྱན། །

   ཆིབས་སུ་སེངྒེ་སྔོན་མོ་བཅིབས། །

   འཁོར་དུ་འབྲུག་སྐྱོང་བརྒྱ་ཡིས་བསྐོར། །

   ལག་ན་གསེར་གྱི་རྐྱལ་བ་ཐོགས། །

   བར་སྣང་ལྷ་མགར་མཐུ་བོ་ཆེ། །

   ལྕགས་ཁང་རིང་མོའི་རྒྱན་ལ་བྱོན། །

   གླིང་དཀར་བསྟན་པའི་རྒྱལ་མཚན་ཚུགས། །

   བདུད་ཁམས་བསེར་མའི་རླུང་ལ་སྐུར། །

   བདུད་འཕྲུ་ལྷ་ཡི་འཕྲུ་ལ་སྒྱུར། །

   བར་ཐེལ་ཁྲ་མོ་དམ་ལ་ཐོགས། །

   རླུང་ནག་ཁོལ་མོས་ཐལ་བར་ཐོངས། །

   མར་མཆོད་ས་གཞི་ཡང་སྟེང་ནས། །

   ནག་པོ་ལྕགས་ཀྱི་ཕོ་བྲང་ནས། །

   ཕ་ཝང་ལུང་བའི་སྐུ་མཁར་ནས། །

   དམ་ཅན་རྡོ་རྗེ་དྲག་རྩལ་ཅན། །

   དཀར་གསལ་སྤྱན་བགྲད་ཁྲོ་གཉེར་རྔམ། །

   དར་དཀར་བེར་དང་མི་ལྤགས་གསོལ། །

   དབུ་ལ་བེར་ཞུ་ཀྱི་ལི་ལི། །

   ཐོ་བ་གཡས་ལ་ཁོལ་མོ་གཡོན། །

   ཐོད་ཕྲེང་བརྒྱ་ཡི་དོ་ཤལ་ཅན། །

   མི་མགོ་བརྒྱ་ཡི་སྐེད་དཀྲིས་ཅན། །

   མི་སྙིང་བརྒྱ་ཡི་རྒྱན་ཆ་ཅན། །

   ཆིབས་སུ་ར་རྒོད་ཁམ་པ་བཅིབས། །

   འཁོར་དུ་ར་ཞོན་བརྒྱ་ཡིས་བསྐོར། །

   ལག་ན་རླུང་གི་རྐྱལ་བ་ཐོགས། །

   ས་གཞི་ཀླུ་མགར་མཐུ་བོ་ཆེ། །

   ལྕགས་ཁང་རིང་མོའི་རྒྱན་ལ་བྱོན། །

   ཐང་རྙེད་ཉི་འབུམ་གྲོགས་ལ་བྱོན། །

   ལྷ་ཁམས་དར་བའི་གསེར་འཕྲུ་ཚུགས། །

   བདུད་ཁམས་སྔོན་མོ་ཆུ་ལ་སྲེས། །

   བདུད་འཕྲུ་ལྷ་ཡི་འཕྲུ་ལ་སྒྱུར། །

   ས་ཐེལ་ནག་པོ་དམ་ལ་ཐོགས། །

   འཇིགས་བྱེད་སྐམ་པས་ཁ་ལོ་སྒྱུར། །

   ཡང་མཆོད་ཁྲ་བོའི་སྐུ་མཁར་ནས། །

   ཐོག་མཁར་བརྩིགས་པའི་སྐུ་མཁར་ནས། །

   དམ་ཅན་ཁྱུང་གཤོག་མཐུ་བོ་ཆེ། །

   སྐྱེར་བུ་ཁྲག་འཛག་འཇིགས་པའི་གཟུགས། །

   དམར་ནག་རྒྱུ་མའི་ཕྲེང་བ་ཅན། །

   ཁྲག་གི་རལ་བ་ཤ་ར་ར། །

   དུག་གི་ན་བུན་ཐུ་ལུ་ལུ། །

   ཐོག་སེར་གློག་འཁྱུག་གྱི་ལི་ལི། །

   ལྕགས་ཀྱི་སེན་མོ་དགྲ་ལ་གདངས། །

   ཆིབས་སུ་ཟངས་གཡག་འབར་བ་བཅིབས། །

   འཁོར་དུ་མི་རིང་བརྒྱ་ཡིས་བསྐོར། །

   བྱང་གྲི་གཡས་ལ་རྒྱུ་ཞགས་གཡོན། །

   གླིང་གི་ལྷ་མགར་མཐུ་བོ་ཆེ། །

   མཐོ་བ་གནམ་ལ་གསེར་འཕྲུ་ཚུགས། །

   དམའ་བ་ས་ལ་ལྕགས་ཕུར་རྡོབས། །

   བར་སྣང་ཁམས་ལ་ལྕགས་ཐག་སྐྱོངས། །

   ཡོབ་ཆེན་ལྷ་ཕྲུག་མང་པོས་འཚོས། །

   དེ་རིང་ཉི་མའི་སྔ་དྲོ་ལ། །

   བདུད་འཕྲུ་ལྕགས་ཀྱི་ཁ་སོ་ཅན། །

   ལྷ་འཕྲུ་སེར་པོའི་གཟུགས་ལ་སྒྱུར། །

   མགར་བའི་ལྕགས་ཁང་རིང་མོའི་ནང་། །

   ལྷ་མགར་ཚོགས་པའི་གྲལ་དཀྱིལ་ནས། །

   ཧོར་སེར་ལྕགས་ནག་གྱོང་བོ་དེ། །

   མེ་ཀློང་འཁྱིལ་བའི་ཐབ་ནང་དུ། །

   སྟོང་གསུམ་གཡོ་བའི་སྦུད་པས་བཞུས། །

   སྟོང་ཉིད་མགར་བཟས་སྐམ་པས་བཙིར། །

   ཐང་རྙེད་གནམ་ལྕགས་ཐོ་བས་བརྡུངས། །

   གླིང་དཀར་དར་བའི་ལྕགས་ཐག་བྲན། །

   ཧོར་སེར་འདུལ་བའི་ཕུར་བ་རྡེབ། །

   སྲ་ཞིང་ཡང་བའི་ཡོབ་ཆེན་བརྐྱངས། །

   བདུད་དང་འདྲེ་རིགས་ཐུར་ལ་གནོན། །

   དེ་ནས་གསེར་གྱི་འཕྲུ་ཆེན་འདི། །

   བདུད་མཁར་ནག་པོའི་རྩེ་ལ་ཚུགས། །

   བདུད་ཁམས་གཉའ་ནས་མར་ལ་གནོན། །

   ལྕགས་ཐག་ནག་པོ་ཕྱོགས་བཞིར་འཐེན། །

   བདུད་སྡེ་ཁ་བཞི་ཆམ་ལ་ཕོབ། །

   ཕུར་བ་ཕྱོགས་བཞི་ས་ལ་རྡོབས། །

   བདུད་བཞིའི་སྙིང་ཁྲག་ཧུབ་ཀྱིས་འདྲེན། །

   ཡོབ་ཆེན་ཁྲ་མོས་བར་ནས་བརྒྱན། །

   དཔའ་ཆེན་མཁར་གྱི་རྩེ་ལ་འབུད། །

   གསེར་འཕྲུ་སེར་པོའི་ཡང་སྟེང་ནས། །

   གོང་མ་ལྷ་ཡིས་ཕོ་བྲང་ཐོབ། །

   བདུད་དང་མུ་སྟེགས་ཆམ་ལ་ཕོབ། །

   ཐང་རྙེད་བུ་ལ་སྡོངས་གྲོགས་མཛོད། །

   ཨ་ཆེན་བདུད་སྡེ་སྟོང་པར་སྒྱུར། །

   གསེར་འཕྲུ་སེར་པོའི་ཡང་སྟེང་ལ། །

   ཨ་མགར་ལྷ་མགར་གནས་མལ་ཆོས། །

   བདུད་མགོ་གནམ་ལྕགས་ཐོ་བས་རྡུངས། །

   བདུད་སྙིང་འཆོར་མེད་སྐམ་པས་ཟུངས། །

   བདུད་དབུགས་ཁོལ་མོའི་བཅུད་ལ་ལོངས། །

   དེ་རིང་ཉི་མའི་ཕན་ཆད་ནས། །

   ལྷ་གོང་མར་རྒྱལ་ཁ་ཐོབ་པ་ཡིན། །

   རྒྱལ་རྟགས་གསེར་འཕྲུ་འཛུགས་རྒྱུ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1