ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་2023ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-06



ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ ཆེན་དང་2023ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་ནན་བཤད་གནང་དོན།

ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་ནས་ཏང་ལ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་ཧུར་ཐག་འདོན་དགོས།

        ཟླ་3ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་2023ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་གཉེར་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་3ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་སློབ་གྲྭ་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་2023ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས། ཏང་གི་སློབ་གྲྭའི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མི་གཏོང་བའི་ཐོག་མའི་བསམ་འདུན་ནི་ཏང་ལ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་འདོན་རྒྱུ་དེ་རེད། རིམ་ཁག་ཏང་གི་སློབ་གྲྭས་ཐོག་མའི་བསམ་འདུན་འདི་བརྟན་པོར་བསྲུངས་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་སྙིང་སྟོབས་ཆེར་བསྐྱེད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚའེ་ཆི་དང་ཏིང་ཤུའེ་ཞང་ཚོགས་འདུར་ཞུགས་པ་རེད།

        སྔ་དྲོའི་ཆུ་ཚོད་10པར་ཚོགས་འདུ་འགོ་ཚུགས་ཤིང་། ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།

        སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཏང་གི་སློབ་གྲྭའི་བྱ་གཞག་ཐད་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པའི་ཆབ་སྲིད་ཀྱི་ཚུགས་གནས་ཤིག་རེད་ལ། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆས་དར་ཆ་བྱེད་པ་དང་། ཏང་གི་འདོད་བློས་འདོད་བློ་བྱེད་པ། ཏང་གི་འགན་འཁྲིས་འགན་འཁྲི་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་ཏང་གི་བྱ་གཞག་རླབས་པོ་ཆེ་གསར་པ་དང་ཏང་འཛུགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པའི་ནང་རང་རྟོགས་ངང་ངེས་གནས་གནད་འཁེལ་ཡོང་བར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་རང་རྟོགས་ངང་ཞབས་འདེགས་ཞུ་དགོས། ངེས་པར་དུ་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་སློབ་གྲྭའི་རུས་མིང་ཏང་ཡིན་པ་མཐའ་འཁྱོངས་དང་། ཏང་གཤིས་རྩ་དོན་མཐའ་འཁྱོངས། རང་རྟོགས་ངང་ཏང་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་ལམ་ཕྱོགས་ལ་བརྩི་སྲུང་། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་། ཏང་མིས་ཏང་ལ་དགའ་ཞེན་དང་། ཏང་མིས་ཏང་གི་སྐད་ཆ་ཤོད་པ། ཏང་མིས་ཏང་ལ་སེམས་ཁྲལ་བྱེད་པ། ཏང་མིས་ཏང་གི་བྱ་གཞག་སྒྲུབ་པ་བཅས་མཐའ་འཁྱོངས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ངེས་པར་དུ་ཏང་གི་སློབ་གྲྭའི་ལས་དོན་དང་ཏང་གི་ལྟེ་བའི་ལས་འགན་གྱི་འབྲེལ་ཆོས་དང་། འཇུག་སྒོ། ཤུགས་རྒྱག་ས་བཅས་གནད་ལ་འཁེལ་པོས་འཚོལ་དགོས་པ་དང་། ཏང་གི་དགོས་མཁོར་རྩེ་གཅིག་ཏུ་དམིགས་པ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཏང་ལ་ལས་བྱེད་པ་གང་འདྲ་ཞིག་མཁོ་བ་ཏང་གི་སློབ་གྲྭས་ལས་བྱེད་པ་དེ་ལྟ་བུ་གསོ་སྐྱོང་བྱེད་ཐུབ་པ་དང་། ཏང་གིས་གནད་དོན་གལ་ཆེན་ཅི་ཞིག་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པ་ཏང་གི་སློབ་གྲྭས་ཕྱོགས་དེར་ཐབས་ཇུས་འདོན་པར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་ཏང་གི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་ནི་ཏང་གི་སློབ་གྲྭའི་དམིགས་བསལ་གྱི་རིན་ཐང་གནས་ས་ཡིན། ཏང་གི་སློབ་གྲྭ་ནི་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པས། ངེས་པར་དུ་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཁུར་དུ་བཟོད་པའི་སྲིད་སྐྱོང་རྐང་འཛིན་པའི་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་ཧུར་ཐག་འབད་ཐག་བྱེད་པ་དང་། དུས་རབས་གསར་པའི་རིག་གནས་སློབ་ཁྲིད་དང་། ཤེས་བྱ་སློབ་པ། དོགས་གནད་སེལ་བ་བཅས་ཀྱི་ལས་དོན་ལེགས་པར་སྒྲུབ་པ། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་གཞུང་བརྒྱུད་སྤེལ་ཡག་པོ་བྱེད་པ། སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་གསུམ་ལ་སྐུལ་འདེད་གཏོང་བར་སློབ་ཁྲིད་ཡག་པོ་བྱེད་པ། རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པར་འཕྲད་པའི་དོགས་གནད་སེལ་དགོས་ཞེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས། རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ནི་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ཀྱི་ལྟེ་བ་ཡིན་ཞིང་། རིགས་པའི་གཞུང་ལུགས་ཀྱི་འཐུས་ཚང་ནི་ཆབ་སྲིད་ཐད་འཐུས་ཚང་ཡོང་བའི་རྨང་གཞི་ཡིན་པ་དང་ཆབ་སྲིད་ཀྱི་བློ་བརྟན་འགྱུར་མེད་ནི་རིགས་པའི་གཞུང་ལུགས་ཐད་ཀྱི་རིག་པ་དྭངས་གསལ་ལས་བྱུང་བ་རེད། འགོ་ཁྲིད་ལས་བྱེད་པའི་ངོས་ནས་བཤད་ན། མར་ཁེ་སི་རིང་ལུགས་ཇི་ཙམ་ཁོང་དུ་བརྟན་པོ་ཆུད་ན། ཆབ་སྲིད་ཀྱི་ཚུགས་གནས་དེ་ཙམ་གྱིས་མཐོ་རུ་འགྲོ་བ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་དེ་ཙམ་གྱིས་ཆེ་རུ་འགྲོ་བ། དུས་བབ་ལ་ལྟ་ཞིབ་དང་། འཕེལ་རྒྱས་ལ་འཆར་འགོད། ཉེན་ཁ་སྔོན་འགོག་དང་སེལ་བ་བཅས་ཀྱི་རང་འགུལ་དེ་ཙམ་གྱིས་ཆེ་རུ་འགྲོ་ཡི་ཡོད། ཏང་གི་སློབ་གྲྭས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་གསོ་སྦྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། ཏང་གི་སློབ་གྲྭ་ནི་འགོ་ཁྲིད་ལས་བྱེད་པས་ཏང་གཤིས་ལ་ཞུན་བརྡར་སྤྲོས་སའི“ཁྲོ་ཐབ་ཆེན་པོ”ཞིག་རེད། རིམ་ཁག་ཏང་གི་སློབ་གྲྭས་ཏང་གཤིས་སློབ་གསོ་དེ་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བརྩིས་ནས་ཕུགས་བསམ་གྱི་དད་སེམས་དང་། ཏང་གི་དམིགས་ཡུལ། “ལོ་རྒྱུས་བཞི” གསར་བརྗེའི་སྲོལ་རྒྱུན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་། ཏང་སྲོལ་སྲིད་གཙང་སོགས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་དགོས་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་དེ་ཏང་གཤིས་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་འགོ་ཁྲིད་ལས་བྱེད་པས་བསམ་བློའི་གོ་རྟོགས་དང་། བསམ་པའི་གོ་རྟོགས། ཀུན་སྤྱོད་བློ་སྦྱོང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་དང་། དབང་ཆའི་ལྟ་བ་དང་། སྲིད་སྐྱོང་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་ཡང་དག་པ་བཙུགས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས། ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་པར་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཕྱོགས་ཁག་གི་འཇོན་ཐང་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་ཧུར་ཐག་རྦད་ཐག་གིས་རང་འཁྲིའི་ལས་འགན་སྒྲུབ་མཁས་པོ་ཞིག་ཆགས་པར་བྱེད་དགོས། རིམ་ཁག་ཏང་གི་སློབ་གྲྭས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་དངོས་གཉེར་གོ་ཆོད་ཀྱི་ཆེད་ལས་ཅན་གྱི་འཇོན་ཐང་གསོ་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱས་ནསའགོ་ཁྲིད་ལས་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་འགོག་ཟོན་དང་སེལ་བའི་འཇོན་ཐང་བཅས་གཙོ་གནད་ཐོག་ཆེ་རུ་གཏོང་བ་དང་དུས་མཚུངས། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། ཉེན་ཁ་འགོག་ཟོན་དང་། དཀའ་གནད་སེལ་བ། འགྲན་སློང་བསུ་བ། གནོན་ཤུགས་བཟོད་པ་བཅས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་ཆེད་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་འགོ་ཁྲིད་ཀྱི་ལས་འགན་དེ་བས་ལེགས་པར་འཁུར་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། ཏང་གི་སློབ་གྲྭ་ནི་ཏང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་འཐབ་ཕྱོགས་ཀྱི་དཔུང་ཚོགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཏང་ལ་ཐབས་ཇུས་འདོན་པའི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད། ཆོས་ཉིད་འཚོལ་ཞིབ་དང་ཉམས་ལེན་གོ་ཆོད་ཀྱི་ཡོན་ཏན་ཆེན་པོ་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་ཐབས་ཇུས་ཀྱི་ཞིབ་འཇུག་ཡག་པོ་བྱས་ཏེ་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་འཆད་འགྲེལ་དང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད། ཏང་དང་སྲིད་གཞུང་ལ་ཐབས་ཇུས་འདོན་པ་སོགས་ཀྱི་ཐད་སྤུས་ཚད་མཐོ་བའི་གྲུབ་འབྲས་ཐོན་པ་བྱེད་དགོས། དེའང་ཏང་གི་སློབ་གྲྭའི་ཐུན་མོང་མ་ཡིན་པའི་རིན་ཐང་གནས་ས་ཞིག་རེད་ཅེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས། ཏང་གི་སློབ་གྲྭ་ནི་ཏང་གི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འཐབ་ས་མདུན་མ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཏང་ལ་བློ་དཀར་སེམས་དཀར་དང་མར་ཁེ་སི་རིང་ལུགས་ལ་བློ་དཀར་སེམས་དཀར་བྱེད་མཁན་གྱི་ལག་ཏུ་སྟངས་འཛིན་བྱེད་དགོས། ཏང་གི་སློབ་གྲྭས་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁུངས་མེད་ལོག་བཤད་སྣ་ཚོགས་ལ་དགག་པ་བརྒྱབ་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་པ་ཡག་པོ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན། ཏང་གི་འདུ་ཤེས་འཛིན་སྟངས་ཀྱིས་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་ལ་ཁྲིད་སྟོན་བྱེད་མཁན་གྱི་བློས་འཁེལ་བའི་གདོང་དམག་བཅས་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་མཇུག་ཏུ། ཏང་གིས་ཏང་གི་སློབ་གྲྭའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ནི་རང་རེའི་ཏང་གིས་ཏང་གི་སློབ་གྲྭ་གཉེར་བའི་རྩ་བའི་ཉམས་མྱོང་ཡིན་ལ། ཏང་གི་སློབ་གྲྭའི་བྱ་གཞག་སྐྱོན་བྲལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡང་ཡིན། ཏང་ཡོངས་ཀྱིས་ཏང་གི་སློབ་གྲྭ་གཉེར་རྒྱུ་མཐའ་འཁྱོངས་བྱེད་པར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་སློབ་གྲྭའི་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཁྲེན་ཤིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་90ཡི་ལོ་རྒྱུས་གྲུབ་འབྲས་དང་འོད་སྟོང་འཕྲོ་བའི་བྱས་རྗེས་ཕྱིར་དྲན་དང་ཕྱོགས་སྡོམ་གནང་བ་དང་། “ཏང་གི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་གི་ཆེད་དུ་ཐབས་ཇུས་འདོན་པའི”ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བརྟན་སྲུང་ལ་དམིགས་ཏེ་ཕྱོགས་ཡོངས་ནས་རྒྱས་བཤད་གནང་བ་དེ་ནི་དུས་རབས་གསར་པའི་ཏང་གི་སློབ་གྲྭའི་བྱ་གཞག་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། རིམ་ཁག་ཏང་གི་སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་རྒྱང་ལམ་གསར་པར་ཏང་གི་སློབ་གྲྭའི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1