2023ལོའི་ཟླ3པའི་ཚེས3ཉིན་ནི་རྒྱལ་ཡོངས་རྣ་གཅེས་ཉིན་མོ་ཐེངས་ཉེར་བཞི་པ་ཡིན་པས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་བདེ་ཐང་ཅན་གྱི་ཀྲུང་གོའི་འཐབ་ཇུས་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་མཐར་ཕྱིན་སྒོས། རྣ་ནུས་བདེ་ཐང་ཤེས་བྱ་ཁྱབ་གདལ་དང་སྤྱི་ཚོགས་ཡོངས་ཀྱི་རྣ་ནུས་བདེ་ཐང་འདུ་ཤེས་ཇེ་ཆེར་གཏོང་བ། ཞིང་ཨུ་དང་ཁུལ་ཨུས་བཏོན་པའི་ཡུལ་གྲོང་ཟུང་འབྲེལ་གྱིས་འཕེལ་ཞིང་གྲོང་གསེབ་དར་སྤེལ་ལ་ཚན་རྩལ་གྱིས་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་རྣམ་པ་གང་ལེགས་བསྐྲུན་དགོས་པའི་བླང་བྱ་ལྟར། མཛོད་དགེ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། མཛོད་དགེ་རྫོང་ཚན་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་སྡེ་ཁག་མང་བོ་དང་མཉམ་འབྲེལ་སྒོས། རྫོང་སློབ་འབྲིང་དུ་ཚན་རིག་ལྟར་རྣ་བར་གཅེས་ཤིང་རྣ་བ་སྲུང་ནས་རང་རྟོགས་ཀྱི་བདེ་ཐང་མངོན་འགྱུར་བྱེད་ཅེས་པའི་རྒྱལ་ཡོངས་རྣ་གཅེས་ཉིན་མོའི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ།
རྫོང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་ཚེ་རིང་བྱེད་སྒོར་ཞུགས་ཏེ་གཏམ་བཤད་གནང་།
བྱེད་སྒོར་ལས་ཀ་བས་རིས་ཡིག་སྣ་ཚོགས་ཀྱིས་ཚང་མར་རྣབའི་གྲུབ་ཚུལ་དང་རྣ་སྲུང་ཐབས་ལམ་རྒྱུས་ལོན་བྱེད་དུ་བཅུག་སྟེ། ཉན་ཆས་དང་རྣ་འདྲུ། འཛེར་སྒྲ། བཟའ་བཏུང་སོགས་མ་ལེགས་ན་རྣ་བར་གནོད་པ་ཆེ་བའི་ཚུལ་འགྲེལ་བཤད་ཞིབ་མོར་གནང་བར་མ་ཟད། འཕྲེད་ཡིག་བཀལ་ཞིང་སྒྲོག་ཤོག་བཀྲམ་པ་སོགས་ཀྱི་སྒོ་ནས། ཚང་མར་ཚན་རིག་དང་མཐུན་པའི་རྣ་གཅེས་དང་རྣ་སྲུང་བདེ་ཐང་ཤེས་བྱ་ཁྱབ་གདལ་སྒོས། ཚང་མས་རྣ་ནུས་བདེ་ཐང་ལ་དོ་ཁུར་གྱིས་ཚན་རིག་དང་མཐུན་པའི་རྣ་སྤྱོད་གོམས་གཤིས་ཆགས་པ་དང་། རྣ་འོན་འགོག་བཅོས་འདུ་ཤེས་དང་ཡིད་ཆེས་ཆེན་པོར་བསྐྲུན་ཏེ། རང་ཉིད་ཀྱི་བདེ་ཐང་གི་འགན་འཁུར་བ་ཨང་དང་པོ་བྱེད་པར་འབོད་སྐུལ་གནང་།
མཛོད་དགེ་རྫོང་དབང་བོ་སྐྱོན་ཅན་མཉན་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ལིའུ་ཀོང་མིང་གིས་བཤད་རྒྱུར། དེ་རིང་ནི2023ལོའི་ཟླ3པའི་ཚེས3ཉིན་ཡིན་ལ། རྒྱལ་ཡོངས་རྣ་གཅེས་ཉིན་མོའི་བྱེད་སྒོ་ཐེངས་ཉེར་བཞི་པའང་ཡིན། ང་ཚོས་སྡེ་ཁག17དང་མཉམ་འབྲེལ་གྱིས་མཛོད་དགེ་རྫོང་གི་སློབ་གྲྭ་ལྔར་རྣ་གཅེས་ཉིན་མོའི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་བ་ཡིན། དེ་ནི་ང་ཚོའི་རྒྱ་ཆེའི་སློབ་མས་བྱིས་པའི་དུས་ནས་རྣ་ནུས་ཉམས་པར་སྔོན་འགོག་བྱེད་པ་དང་། ང་ཚོ་མི་རེ་རེས་བྱ་བ་ཆུང་ཆུང་ནས་འཛིན་པ་དང་མིག་རྒྱང་རིང་བོར་དམིགས་པ་དང་། ང་ཚོའི་མི་དམངས་ཀྱི་ཕུང་བོའི་བདེ་ཐང་ཇེ་བཟང་དུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་ཟེར། མཛོད་དགེ་རྫོང་སློབ་འབྲིང་གི་ལོ་རིམ་བརྒྱད་པའི་འཛིན་གྲྭ་ལྔ་པའི་སློབ་མ་སྐལ་བཟང་སྒྲོལ་མས་བཤད་རྒྱུར། དེ་རིང་གི་འཆད་ཁྲིད་ཁྲོད་ངས་རྣ་བའང་ཕུང་བོའི་དབང་བོ་གལ་ཆེན་ཞིག་ཡིན་པར་རྟོགས། ད་དུང་རྣ་སྲུང་གི་མན་ངག་འགའ་ཞིག་ཀྱང་རྟོགས་བྱུང་། ཚང་མས་རྣ་བར་སྲུང་སྐྱོང་བྱེད་པར་འབོད་སྐུལ་གནང་བ་ཡིན། ང་ཚོས་ཐོག་མར་རང་ཉིད་ནས་མགོ་རྩོམ་དགོས་ཟེར།
བྱེད་སྒོར་ད་དུང་རྣ་སྐྱོན་ཅན་ལ་རིན་མི་དགོས་པར་ཉན་ཕན་ཡོ་ཆས་དང་རྐུབ་སྟེགས་འཁོར་ལོ། དབང་བོ་སྐྱོན་ཅན་གྱི་ཆེད་སྤྱོད་འཁར་བ་སོགས་སྟེར་བ་དང་། སྒྲོག་ཤོག་དང་སློབ་སྦྱོང་ཡོ་བྱད། དཔེ་ཆ་བཅས500ལྷག་བཀྲམ།
ཉིན་དེར་མཛོད་དགེ་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་མཛོད་དགེ་རྫོང་སློབ་འབྲིང་དུ། ཚན་རྩལ་གསར་གཏོད་ཀྱིས་ཁྲིད་སྟོན་དང་ཡུལ་གྲོང་ཟུང་འབྲེལ་གྱིས་དར་སྤེལ་གཏོང་བ་ཞེས་པའི་ཚན་རྩལ་གྱི་དཔྱིད་ཀའི་ཁྱབ་གདལ་ཟླ་འཁོར་བྱེད་སྒོ་སྐབས27པ་སྤེལ་ཏེ། ཚན་རྩལ་ཁྱབ་གདལ་དང་སྒྲོག་འགྲེལ། འཕྲུལ་མི་འགྲེམ་སྟོན། ཚན་རིག་ཤེས་བྱའི་དྲིས་ལན་ཁེལ་ན་བྱ་དགའ་སྟེར་བ་བཅས་ཀྱི་སྒོ་ནས། དགེ་སློབ་རྣམས་ལ་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་།
རྒྱུས་ལོན་བྱས་པ་ལྟར་ན། མཛོད་དགེ་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་ད་དུང་ཟླ3པའི་ཚེས5ཉིན་གྱི་ལེ་ཧྥེང་ཉིན་མོའི་དཔྱིད་རྨོད་ལ་རམ་འདེགས་བྱེད་པའི་ཚན་རྩལ་དང་བླངས་ཞབས་ཞུ་སོགས་ཀྱི་བྱེད་སྒོ་དང་འབྲེལ་ཏེ། མུ་མཐུད་དུ་ཚན་རིག་ཁྱབ་གདལ་སློབ་གྲྭ་དང་སྡེ་ཁུལ། གཞི་རིམ། ཞིང་ཁ་བཅས་སུ་སྐྱེལ་རྒྱུ་ཡིན་པར་མ་ཟད། འབྲེལ་ཡོད་ཆེད་མཁས་པ་གདན་དྲངས་ཏེ། ཚན་རྩལ་གྱི་དཔྱིད་རྨོད་འདེབས་འཛུགས་སོགས་ལ་དམིགས་པའི་ལག་རྩལ་གྱི་མཛུབ་སྟོན་དང་ལག་རྩལ་གྱི་བློ་འདྲིའི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད། །