༄༅། །གཉན་པོ་གཡུ་རྩེ་ནས་ཐོག་དང་པོར་གསའ་ཡི་བརྙན་རིས་གསལ་བོ་མཐོང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 03-08



        ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་པའི་གཉན་པོ་གཡུ་རྩེ་རང་བྱུང་སྲུང་སྐྱོབ་ཁུལ་དུ་གསའ་དར་མ་གཉིས་རྒྱུ་བ་མཐོང་བ་དང་། འདི་ནི་ས་ཁུལ་དེ་ནས་ཐོག་དང་པོར་གསའ་ཡི་བརྙན་རིས་གསལ་པོ་ཟིན་ཐོར་བཀོད་ཐུབ་པ་ཡིན།

གསའ། པར་རིས་མི་དམངས་དྲ་བ་ལས་དྲངས།

        ཟླ2པའི་ཚེས12ཉིན། གཅིག་སྒྲིལ་རྫོང་སོག་རུ་ཞང་གི་འབྲོག་པ་ཞིག་གིས་རང་ཚང་གི་ཡ་རུ་ཞིག་བོར་ནས་ཇི་ལྟར་བཙལ་ཡང་མ་རྙེད་པ་དང་། ཕལ་ཆེར་གསའ་ཡིས་བསད་ཤས་ཆེ་ཞེས་བཤད་པ་རེད། གནས་ཚུལ་དེ་གོ་རྗེས། གཉན་པོ་གཡུ་རྩེ་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་འཕྲལ་མར་མི་སྣ་ཡུལ་དངོས་སུ་ལྟ་ཞིབ་བྱེད་པར་མངགས་ཏེ་ཉིན་གསུམ་གྱི་རིང་ལ་བསྟུད་མར་རྐང་རྗེས་འཚོལ་བ་དང་གནས་གཅིག་ཏུ་བསྒུགས་ནས་འདུག་པ་སོགས་བྱས་མཐར། སོག་རུ་ཞང་ཁོངས་གཏོགས་ཀྱི་མཚོ་འཕགས་ལ་སྨི4500ཡོད་པའི་རྫ་རིའི་ཁུལ་ཞིག་ཏུ། གསའ་དར་མ་གཉིས་ཀྱི་བརྙན་རིས་གསལ་བོ་མི་མེད་གནམ་གྲུ་བརྒྱུད་ནས་པར་ལེན་ཐུབ་པ་རེད།

གསའ། པར་རིས་མི་དམངས་དྲ་བ་ལས་དྲངས།

        གསའ་ནི་བྱི་ལ་ཚན་པའི་སྲོག་ཆགས་ཆེ་གྲས་ཤིག་ཡིན་པ་དང་། རྒྱུན་ལྡན་དུ་མཚོ་འཕགས་སྨི2500ནས5000ཡོད་པའི་བར་གྱི་རྫ་རི་མཐོ་སར་གནས་སྟབས། མིང་ལ“གངས་རིའི་རྒྱལ་པོ”ཞེས་ཐོགས་ཡོད། 1989ལོར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བཅུག་པ་དང་། ཁ་ཟས་གཙོ་བོ་གནའ་བ་སོགས་ཡིན། ས་མཐོའི་སྐྱེ་ཁམས་མ་ལག་གི་སྲོག་ཆགས་གཟན་ཕྲེང་གི་རྩེ་རིམ་ན་ཡོད་པས། གསའ་འདི་རྒྱུན་པར་མཚོ་འཕགས་མཐོ་ཁུལ་གྱི་སྐྱེ་ཁམས་མ་ལག་བདེ་ཐང་ཡིན་མིན་གྱི“རླུང་གནོན་དཔྱད་ཆས”སུ་བྱེད་པ་ཡིན།

གཉན་པོ་གཡུ་རྩེ། པར་རིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་དྲངས།

        ཉེ་བའི་ལོ་ནས་བཟུང་། གཅིག་སྒྲིལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ས་ཁོངས་འགན་འཁུར་དོན་འཁྱོལ་བྱས་པ། སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་དྲིལ་སྒྲོག་བྱེད་ཤུགས་བསྟུད་མར་ཇེ་ཆེར་བཏང་བ་བཅས་ལས་ས་གནས་ཀྱི་སྐྱེ་ཁམས་མ་ལག་རིམ་བཞིན་སླར་གསོ་བྱུང་བ་དང་། སྲོག་ཆགས་ཀྱི་གཟན་ཕྲེང་ཉིན་ལྟར་ལྟོས་བཅས་སུ་འཐུས་ཚང་དུ་གྱུར་པ་དང་བསྟུན། ས་ཁོངས་ནང་གི་གནའ་བ་དང་ཕག་རྒོད། ཤྭ་རྒྱ། གཡི། དགོ་དམར། ཁ་ཤྭ་སོགས་ཀྱི་རི་སྐྱེས་སྲོག་ཆགས་ཉིན་ལྟར་ཇེ་མང་དུ་སོང་ཡོད་པར་མ་ཟད། ད་དུང་ས་གནས་དེ་གའི་གཉན་པོ་གཡུ་རྩེ་རང་བྱུང་སྲུང་སྐྱོབ་ཁུལ་དུ་གསའ་རྒྱུ་བའི་བརྙན་རིས་གསལ་བོ་ཡང་ཐོག་དང་པོར་མཐོང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1