དར་མདོ་གྲོང་ཁྱེར་ཕོག་ཐག་ཡུལ་ཤོག་གིས་ཐོན་ལས་སྣ་མང་མཉམ་དུ་སྤེལ་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-09


        དཔྱིད་རྨོད་དུས་སུ། ཆར་བ་བབ་ཐེངས་ཤིག་གི་རྗེས་སུ་དར་མདོ་གྲོང་ཁྱེར་ཕོག་ཐག་ཡུལ་ཤོག་གསར་དར་གྲོང་ཚོ་འགབ་མའི་ཞིང་ཁ་རུ་མི་རྣམས་ཀྱིས་ཚ་འུར་འུར་ངང་ར་མཉེ་འདེབས་བཞིན་འདུག།

        ར་མཉེ་ནི་སྨན་སྤྱོད་ཀྱི་རྩི་ཤིང་རིགས་ཤིག་ཡིན། དེའི་འདེབས་པའི་དུས་ཡུན་སྤྱིར་བཏང་དུ་ལོ་གསུམ་ཡིན། དེར་མཚེར་པ་གསོ་བ་དང་གློ་ནད་བཅོས་པའི་ནུས་པ་ཡོད། ད་དུང་སྨན་གཞན་དུ་སྤྱོད་ཆོག་པར་མ་ཟད་ཟས་སུ་སྤྱོད་ཆོག་ལ་ཆང་ཡང་བསྙལ་ཆོག་པས་ཁྲོམ་རའི་དགོས་མཁོ་ཤིན་ཏུ་ཆེ། དུས་འགོར་འབྲེལ་ཡོད་མི་སྣ་ཁྲུང་ཆིང་སོགས་སུ་བསྐྱོད་ནས་ཡུལ་དངོས་སུ་རྟོག་ཞིབ་དང་ཕྱོགས་བསྡུས་དབྱེ་ཞིབ་བྱས་རྗེས། གསར་དར་གྲོང་ཚོ་འགབ་མས་ད་ལོར་ར་མཉེ་མུའུ46བཏབ་པར་མ་ཟད། སྤྱི་གཉེར་ཁང་དང་ར་མཉེ་ཚུར་བསྡུའི་མ་མཐའི་གན་རྒྱ་བཞག། སྔོན་དཔག་བྱས་ན་མུའུ་རེར་ཡོང་འབབ་སྒོར་ཁྲི2.5ཡོད་པ་རེད།

        གྲོང་ཚོ་དེའི་གླ་བའི་གསོ་ཚགས་རྟེན་གཞིའི་ནང་ལས་བཟོ་བ་ཚོས་གླ་བའི་གཟན་ཆས་ཏེ་ལ་སེར་དང་ལྷོ་ཀུབ། ལོང་གོའི་པད་ཚལ་སོགས་གཙང་མ་འཁྲུད་བཞིན་ཡོད་པ་དང་ནགས་ཁྲོད་ཀྱི་གླ་བ་ཆུང་ཆུང150ལྷག་ཙམ་འཚར་ལོངས་འབྱུང་བཞིན་ཡོད་པ་རེད། གླ་རྩི་ནི་སྨན་སྤྱོད་རིན་ཐང་ཆེ་བར་མ་ཟད་ད་དུང་དྲི་ཞིམ་རྫས་རྩ་ཆེན་ཞིག་ཀྱང་ཡིན་པས་དེར“གསེར་མཉེན་པོ”ཞེས་པའི་མིང་ཡང་ཐོགས་ཡོད།

        ཕོག་ཐག་ཡུལ་ཤོག་ཞི་བདེ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ལིའུ་ཝུན་ཁང་གིས་པེ་ཅིང་ནས་ཡོང་བའི་སྤྱི་གཉེར་ཁང་ཞིག་དང་མཐོ་སྒང་གི་ཐོན་རྫས་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱེད་བཞིན་འདུག། ཟོག་ཤ་དང་ར་གྲོད་ཤ་མོའི་འདག། བེ་ཤ་དང་ཟོག་ཤའི་འདག། ཟོག་ཤ་དང་མངར་ཤའི་འདག་སོགས་ཁྱད་ཆོས་ཞིང་ལས་ཐོན་རྫས་དག་སྔར་ལས་རྒྱ་ཆེ་བའི་གར་སྟེགས་སུ་མངོན་རྒྱུ་རེད།

        ཉེ་བའི་ལོ་འགར། ཕོག་ཐག་ཡུལ་ཤོག་ཏང་ཨུ་སྲིད་གཞུང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ། གྲོང་ཁྱེར་བཅས་ཀྱི“ཞིང་གསུམ”ལས་ཀའི་བླང་བྱ་དང་བསྟུན་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་པ་རྒྱུན་འཁྱོངས་ནས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་ནོར་གནག་གསོ་ཚགས་དང་གཡེར་མ་འདེབས་འཛུགས་སོགས་སྲོལ་རྒྱུན་གྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏང་རྒྱུར་ཁྲིད་སྟོན་བྱས་ཏེ་ལུག་མིག་མེ་ཏོག་དང་ལྕུམ་རྩྭ། ཤིང་འབྲས་ལྡུམ་ར། ཤ་མོ་འདེབས་འཛུགས། བོད་ཕག་དང་གླ་བ་གསོ་ཚགས་སོགས་གསར་དར་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་བྱ་ཐབས་སྣ་ཚོགས་སྤྱད་ནས་ཞིང་ལས་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས། 2022ལོའི་ལོ་མཇུག་བར་ཡུལ་ཤོག་ཡོངས་ཀྱི་ལག་ཡོད་ཕྱུགས་གྲངས9368ལ་ཟིན་པ་དང་བཤས་བཏང་ཕྱུགས་གྲངས1190ལ་ཟིན་ནས་བྲིན་ཚོང་ཡོང་འབབ་སྒོར་ཁྲི747.64ལ་ཟིན་ཡོད་པ་རེད། གཡེར་མ་སོས་མ་རྒྱ་མ་ཁྲི162.6བསྡུས་པར་བྲིན་ཚོང་ཡོང་འབབ་སྒོར་ཁྲི813བྱུང་། ཝུའུ་མེ་རྒྱ་མ་ཁྲི85.25བྱུང་ནས་བྲིན་ཚོང་ཡོང་འབབ་སྒོར་ཁྲི426.23རག་ཡོད། 2022ལོར་ཡུལ་ཤོག་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི2.32ལ་ཟིན་པ་དེ་གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར3800ལྷག་ཙམ་གྱིས་མཐོ་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1