༄༅། །ཞོགས་པའི་གཅིན་ལ་བརྟགས་ན། མཁལ་མ་བདེ་ཐང་ཡིན་མིན་ཤེས་ཐུབ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 03-09



        མཁལ་མ་ནི་མི་ལུས་ཀྱི་དོན་སྣོད་ཧ་ཅང་གལ་ཆེ་བ་ཞིག་ཡིན་པར་མ་ཟད། ད་དུང་ཉམ་ཆུང་བ་ཞིག་ཀྱང་ཡིན། གལ་ཏེ། དེ་ཉིད་ལ་གཅེས་སྲུང་ལེགས་པོ་མ་བྱས་ན། གནད་དོན་ཆེན་པོ་འབྱུང་བ་དང་། ཚབས་ཆེ་དུས། ཚེ་སྲོག་ལ་ཡང་ཉེན་ཁ་ཐེབས་པ་ཡིན།

        མི་མང་བོས་ནད་བྱུང་ནས་ཚབས་ཆེན་དུ་གྱུར་རྗེས། ད་གཟོད་རང་ཉིད་ཀྱི་མཁལ་མ་ལ་གནད་དོན་བྱུང་བ་ཤེས་པ་ཡིན། དྲང་མོར་བཤད་ན། ཚང་མས་ཞོགས་པའི་གཅིན་གཏོང་ཐེངས་དང་པོ་ལ་མཉམ་འཇོག་ཅིག་བྱས་ཚེ། རང་ཉིད་ཀྱི་མཁལ་མ་བདེ་ཐང་ཡིན་མིན་ཤེས་ཐུབ།

གཅིག གཅིན་གྱི་རྣམ་པར་ལྟ་བ།

        ཞོགས་པའི་གཅིན་གཏོང་ཐེངས་དང་པོའི་ནང་དུ། ཕལ་ཆེར་ལྦུ་བ་དཀར་བོ་མང་པོ་ཡོད་པ་དང་། འདི་ལ་གསོ་བ་རིག་པའི་ཐོག་ནས་སྤྲིར་གཅིན(蛋白尿)ཞེས་འབོད་པ་ཡིན། གལ་ཏེ། ཁ་ཉིན་སྤྲི་དཀར་རྫས་མང་བོ་འདུས་པའི་བཟའ་བཏུང་རིགས་སྤྱད་པའམ་ཡང་ན་འགུལ་སྐྱོད་དྲག་པོ་བྱས་པ་ཡིན་ཚེ། གཅིན་ལ་འགྱུར་ལྡོག་འདི་འདྲ་འབྱུང་བ་དང་། འདི་ནི་ལུས་ཁམས་རང་བཞིན(生理性)གྱི་སྤྲིར་གཅིན་ལ་གཏོགས་པས། སེམས་ཁུར་བྱ་དགོས་པ་ཅི་ཡང་མེད།

        ཡིན་ནའང་། གལ་ཏེ། ཉིན་ལྟར་གྱི་ཞོགས་པའི་གཅིན་འདི་འདྲ་ཡིན་ཚེ། དེ་ནི་ན་ལུགས་རང་བཞིན(病理性)གྱི་སྤྲིར་གཅིན་ཡིན་སྲིད་པ་དང་། ན་ལུགས་རང་བཞིན་གྱི་སྤྲིར་གཅིན་བྱུང་བ་ནི་མཁལ་མ་ལ་གནོད་སྐྱོན་ཕོག་པའི་དབང་གིས་ཡིན་ཞིང་། ཆེས་རྒྱུན་མཐོང་གི་ནད་རིགས་ལ་མཁལ་རིལ་ཆུང་བའི་མཁལ་ཚད(肾小球肾炎)དང་མཁལ་ནད་རྟགས་འདུས། གཅིན་སྙི་ཟ་ཁུའི་མཁལ་ནད། ཁྲག་ཤེད་མཐོ་བའི་མཁལ་མའི་གནོད་སྐྱོན། གཅིན་དུག་ནད་སོགས་ཡོད་པས། དུས་ཐོག་ཏུ་སྨན་བཅོས་བྱ་དགོས།

གཉིས། གཅིན་པར་དྲི་ངན་བྲོ་མིན་ལ་ལྟ་བ།

        ཞོགས་པའི་གཅིན་གཏོང་ཐེངས་དང་པོའི་སྐབས། ད་དུང་གཅིན་པར་དྲི་ངན་ཡོད་མེད་ལ་མཉམ་འཇོག་བྱ་དགོས། སྤྱིར་བཏང་དུ། གཅིན་ལ་དྲི་མ་ཅུང་ཙམ་ཡོད་ཀྱང་། དེ་འདྲའི་ཆེན་པོ་མིན།

        གལ་ཏེ། གཅིན་པར་དྲི་ངན་བྲོ་བ་ཧ་ཅང་ཆེ་བའམ་ཡང་ན་གཅིན་གྱི་ནང་དུ་ཟགས་དངོས་ཡོད་ཚེ། དེ་ནི་ལུས་ཀྱི་དབང་གནས་ཤིག་ལ་གཉན་ཚད་འབྱུང་ཉེན་ཆེ་བའི་བརྡ་ཡིན་པས། དུས་ཐོག་ཏུ་སྨན་བཅོས་བྱ་དགོས།

གསུམ། གཅིན་གཏོང་དུས་ཤུགས་ཡོད་མེད་ལ་ལྟ་བ།

        སྤྱིར་བཏང་དུ། མཚན་མོ་གཉིད་པའི་སྐབས་སུའང་། ལུས་ཀྱི་རྙིང་འབུད་གསར་ལེན་བྱེད་པ་སྔར་བཞིན་མཚམས་མི་འཇོག སྐབས་འདིར་གཅིན་བཏང་ན་ཤུགས་ཡོད་པ་དང་། ལྷག་པར་དུ་སྐྱེས་པ་ཚོ་ལ་མཚོན་ན་དེ་བས་ཀྱང་མངོན་གསལ་ཡིན།

        འོན་ཀྱང་། མི་ཁ་ཤས་ལ་གཅིན་གཏོང་དུས་ཤུགས་མེད་པའི་ཚོར་བ་ཡོད། གཅིན་གཏོང་དུས་ཤུགས་མེད་པའི་གནས་ཚུལ་བྱུང་ན། ངེས་པར་དུ་མཐོང་ཆེན་བྱ་དགོས་པ་དང་། དེ་ནི་ཕལ་ཆེར་ཁུ་བ་ཟད་པའམ་ཡང་ན་མཁལ་མ་ལ་གཉན་ཚད་བྱུང་བ་ལས་བསྐྱེད་པ་ཡིན་སྲིད།

བཞི། གཅིན་གཏོང་དུས་ན་ཟུག་ཡོད་མེད་ལ་ལྟ་བ།

        གཅིན་གཏོང་དུས་ཀྱི་ཚོར་བ་ལའང་མཉམ་འཇོག་བྱ་དགོས་པ་སྟེ། སྤྱིར་བཏང་དུ། གལ་ཏེ་ཞག་གང་བོ་ལ་གཅིན་མ་བཏང་ན། ཞོགས་པར་གཅིན་གཏོང་དུས་ཧ་ཅང་བདེ་ལྷོད་ལྷོད་ཅིག་ཡིན།

        ཡིན་ནའང་། མི་ཁ་ཤས་ལ་ཕལ་ཆེར་ན་ཟུག་ཡོད་པ་སྟེ། དཔེར་ན་རྐེད་པ་ན་བ་ཡིན། གནས་ཚུལ་འདི་འདྲ་བྱུང་ན། ངེས་པར་དུ་སེམས་ཆུང་བྱ་དགོས་པ་དང་། ཕལ་ཆེར་མཁལ་མའི་ནང་དུ་རྡེའུ་སྐྲན(结石)བྱུང་བའི་དབང་གིས་ཡིན།

ལྔ། གཅིན་མདོག་གི་འགྱུར་ལྡོག་ལ་ལྟ་བ།

        གལ་ཏེ། གཅིན་གྱི་ཁ་དོག་ལ་སེར་མདོག་ཆེ་ན། ཕལ་ཆེར་ཆུ་སོགས་འཐུང་རྒྱུ་ཉུང་བའམ་ཡང་ན་གཅིན་བསྲན་བྱ་ཡུན་རིང་བའི་དབང་གིས་ཡིན་སྲིད། ཡིན་ནའང་། གཅིན་མདོག་སེར་སྐྱ་མིན་པར་ཅང་ཡིའུ་མདོག(酱油色)ལྟ་བུར་གྱུར་དུས། མཁལ་མ་ལ་གཉན་ཚད་རྒྱས་པའམ་ཡང་ན་མཁལ་མའི་ངན་འགྱུར་ཚབས་ཆེ་བ་དང་ཉམས་ཐག་ཆོད་པ་མཚོན་པས། ངེས་པར་དུ་འཕྲལ་མར་སྨན་བཅོས་བྱ་དགོས།

        གལ་ཏེ། རང་ཉིད་ཀྱི་གཅིན་ལ་གོང་གསལ་གྱི་གནས་ཚུལ་གང་རུང་བྱུང་ན། ངེས་པར་དུ་མཉམ་འཇོག་བྱས་ཏེ་མཁལ་མར་གཅེས་སྲུང་བྱ་དགོས་པ་དང་། ནམ་རྒྱུན་འཚོ་བའི་ནང་དུ། བདེ་ཐང་དང་འོས་འཚམ་གྱི་བཟའ་བཏུང་སྤྱོད་པའི་གོམས་གཤིས་ཆགས་སུ་འཇུག་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1