མཛོད་དགེས་བུད་མེད་དུས་ཆེན་གྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 03-10



        རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་ཐེངས༡༡༣པར་རྟེན་འབྲེལ་ཞུས་ཏེ།  བུད་མེད་ཀྱི་བདེ་ཐང་ལ་ཐུགས་ཁུར་གནང་ཆེད།  ཟླ༣པའི་ཚེས༦ནས༧ཉིན་གྱི་བར།  ཉིན་རེའི་སྔ་དྲོའི་དུས་ཚོད༩དང་ཕྱེད་ཀ་ནས་དུས་ཚོད༡༢ཀྱི་བར་དང་།  ཕྱི་དྲོའི་དུས་ཚོད༢དང་ཕྱེད་ཀ་ནས་དུས་ཚོད༥དང་ཕྱེད་ཀའི་བར།  མཛོད་དགེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བུད་མེད་དང་བྱིས་པའི་ལས་སྒྲུབ་ཨུ་ལྷན་གཞུང་ལས་ཁང་གཉིས་ཀྱིས་མཛོད་དགེ་རྫོང་མ་བུ་བདེ་སྲུང་ཁང་དང་མཉམ་འབྲེལ་སྒོས། དུས་ཡུན་ཉིན་གཉིས་རིང་གི་གསུམ་བརྒྱད་བུད་མེད་དུས་ཆེན་གྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ།




        འོས་འགན་སྨན་བཅོས་བྱེད་སྒོའི་ཡུལ་དངོས་སུ་སྨན་བཅོས་མི་སྣས་བློ་འདྲིའི་སྟེགས་བུ་བཙུགས་ཏེ།  རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་བུད་མེད་ཀྱི་ཁོག་ནད་དང་སྐྲན་གཉིས་བརྟག་བཤེར། མོ་ནད་བརྟག་བཤེར་སོགས་ཀྱི་རྣམ་གྲངས་འདོན་སྤྲོད་སྒོས། ངང་རྒྱུད་རིང་བོས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ནད་རིགས་འདྲ་མིན་གྱི་སྔོན་འགོག་ཤེས་བྱ་འགྲེལ་བཤད་གནང་སྟེ། ནད་གཞི་སྔོན་ནས་བརྟག་བཅོས་དང་ཤེས་རྟོགས། སྨན་བཅོས་བཅས་བྱེད་པར་རོགས་རམ་སྒོས།  བརྟག་བཤེར་འབྲས་བུར་དམིགས་ཏེ་འོས་འཚམ་གྱི་སྨན་བཅོས་བསམ་འཆར་བཏོན།

        མཛོད་དགེ་རྫོང་གི་མང་ཚོགས་ཡན་ཕོས་གསར་འགོད་པར་བཤད་རྒྱུར། ངས་བལྟས་ན་ཐེངས་འདིའི་བྱེད་སྒོར་དོན་སྙིང་ཤིན་ཏུ་ཆེ་འདོད།  ད་དུང་སྟབས་བདེའང་ཡིན་པས།  རྒྱ་ཆེའི་བུད་མེད་ཀྱི་བདེ་ཐང་ལ་འགན་ལེན་འདོན་སྤྲོད་གནང་སོང་།

        མཛོད་དགེ་རྫོང་མ་བུ་བདེ་སྲུང་ཁང་གི་ཕྲུག་བཙའ་ཚན་ཁག་གི་ཀྲུའུ་རེན་སྟག་མོས་བཤད་རྒྱུར། མཛོད་དགེ་རྫོང་གི་བུད་མེད་ཀྱི་མངལ་སྐྲན་དང་ནུ་སྐྲན་བརྟག་བཤེར་དང་སྨན་བཅོས་ཚད་ཇེ་མཐོར་བཏང་སྟེ།  བུད་མེད་ཀྱི་བདེ་ཐང་ཇེ་ལེགས་སུ་བཏང་ནས།  མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱེད་ཆེད། གསུམ་བརྒྱད་དུས་ཆེན་སླེབས་ལ་ཉེ་བ་དང་བསྟུན།  རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བུད་མེད་དང་བྱིས་པའི་ལས་སྒྲུབ་ཨུ་ལྷན་གཞུང་ལས་ཁང་གཉིས་ཀྱིས་ངེད་མ་བུ་བདེ་སྲུང་ཁང་དང་མཉམ་འབྲེལ་བྱས་ཏེ།  སྐྲན་གཉིས་བརྟག་བཤེར་དང་བུད་མེད་ཀྱི་རྒྱུན་ནད་ཡོངས་བཤེར་བྱེད་སྒོ་སྤེལ་ནས།  འཕྲོད་བསྟེན་སྐོར་གྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་དྲིལ་སྒྲོག་བྱས་ཏེ། རྒྱ་ཆེའི་བུད་མེད་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཀྱི་དྲོད་ཁོལ་དང་ཕན་པ་མྱོང་དུ་བཅུག

        རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོར་ཚོད་དཔག་ལྟར་ན་བུད་མེད༣༠༠ལྷག་གིས་སྨན་པར་བསྟེན་ཞིང་། ཆར་གདུགས་དང་ཁུག་མ་སོགས་དྲན་གསོའི་འཚམས་དངོས༤༠༠ལྷག་སྟེར་བ་དང་།འབྲེལ་ཡོད་ཤེས་བྱའི་སྒྲོག་ཤོག༥༠༠ལྷག་བཀྲམ་སྟེ།  བུད་མེད་སྤུན་ཟླ་རྣམས་ལ་ཐུགས་ཁུར་དང་རོགས་རམ་མྱོང་དུ་བཅུག་པར་མ་ཟད།  ཁོ་ཚོའི་བདེ་ཐང་འདུ་ཤེས་ཇེ་ཆེར་བཏང་བས། རྫོང་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1