༄༅།། སློབ་ཆུང་སློབ་མར་སློབ་གསོ་གཏོང་བའི་ཐབས་བརྒྱད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-13



        ཕ་མ་ནི་བྱིས་པའི་དགེ་རྒན་ཐོག་མ་ཡིན་ཞིང་། བྱིས་པར་གཤིས་ཀ་དང་གོམས་གཤིས་བཟང་པོ་ཞིག་ཆགས་པར་ཁྱིམ་ཚང་སློབ་གསོ་དང་ཁ་འབྲལ་ཐབས་མེད། གཤམ་དུ་ཚང་མར་ངོ་སྤྲོད་བྱ་རྒྱུ་ནི་སློབ་ཆུང་སློབ་མར་ཁྱིམ་ཚང་སློབ་གསོ་གཏོང་བའི་བྱེ་བྲག་གི་བྱེད་ཐབས་ཡིན།

གཅིག མིག་དཔེ་བཟང་པོ་སྟོན་པ།

        མིག་དཔེ་བཟང་པོ་སྟོན་པ་ཞེས་པ་ནི་མི་གཞན་གྱི་ཕུལ་དུ་བྱུང་བའི་བསམ་བློ་དང་བྱ་སྤྱོད་ཀྱིས་བྱིས་པར་ཤུགས་རྐྱེན་དང་སློབ་གསོ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། དཔེར་ན། སློབ་གྲོགས། ཁྱིམ་མཚེས། དགེ་རྒན། དཔེ་བཟང་དཔའ་བོ། རིག་རྩལ་བརྩམས་ཆོས་ཁྲོད་ཀྱི་དྲང་ཕྱོགས་མི་སྣ། གསར་བརྗེ་གཙོ་འཛིན་གྱི་ཕུལ་དུ་བྱུང་བའི་གཤིས་ཀ་སོགས་ནི་བྱིས་པས་སློབ་སྦྱོང་དང་མིག་དཔེ་འཛིན་ས་གཙོ་བོ་ཡིན། དུས་མཚུངས་སུ། ཕ་མའི་གཏམ་སྤྱོད་ནི་འགྲིག་མིན་གང་ཡིན་རུང་བྱིས་པར་ཤུགས་རྐྱེན་གཏིང་ཟབ་ཐེབས་བཞིན་ཡོད་ལ། དེ་བས། དུས་རྒྱུན་གྱི་འཚོ་བའི་ཁྲོད་རྒྱུན་པར་རང་གི་གཏམ་སྤྱོད་ལ་མཉམ་འཇོག་བྱས་ཏེ། བྱིས་པར་རྒྱུན་པར་འབྲེལ་འདྲིས་བྱེད་བཞིན་པའི་འཚོ་བའི་ཁྲོད་མིག་དཔེ་བཟང་པོ་ཞིག་སྟོན་དགོས།

གཉིས། ཁོར་ཡུག་ལེགས་པོ་བསྐྲུན་པ།

        ཁྱིམ་བདག་གིས་འདུ་ཤེས་ཡོད་པའི་སྒོ་ནས་འཚོ་བའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ལ། དེ་ཡང་དངོས་པོའི་ཆ་རྐྱེན་ཁོ་ན་ཙམ་མ་ཡིན་པར་བྱིས་པར་ཀུན་སྤྱོད་དང་བསམ་བློའི་ཐད་ནས་བག་ཆགས་བཟང་པོ་འཇོག་དགོས། ཁྱིམ་ཚང་ནི་བྱིས་པས་འཚོ་བ་རོལ་སའི་ཁོར་ཡུག་གཙོ་བོ་ཡིན་ལ། འགན་འཁྲི་འཁུར་ནུས་པའི་ཁྱིམ་བདག་ཅིག་ཡིན་ན་གཞི་རྩའི་འཚོ་བ་རྩ་འཛུགས་ལེགས་པོ་བྱེད་པ། ཁྱིམ་མི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ། མཐུན་སྒྲིལ་དང་ཡར་ཐོན། སྤྲོ་སྣང་དང་ལྷོད་གཡེང་གི་ཁོར་ཡུག་ཅིག་བསྐྲུན་པ་དང་། ཡང་དག་པའི་ཀུན་སྤྱོད་ནི་འགུལ་སྐྱོད་ཀྱི་ཚད་གཞི་བྱེད་པ་རྒྱུན་འཁྱོངས་བྱས་ནས་མཐུན་སྒྲིལ་ཡར་ཐོན་དང་གོ་རིམ་ལྡན་པ། གོམས་གཤིས་བཟང་པོ་ཆགས་པའི་བདེ་སྐྱིད་ཀྱི་ཁོར་ཡུག་ལ་བརྟེན་ནས་བྱིས་པ་ཆུང་དུས་ནས་བསམ་པའི་ཐད་ནས་བདེ་ཐང་གི་འཚར་ལོངས་འབྱུང་བར་རྨང་གཞི་འདིང་དགོས།

གསུམ། གླེང་མོལ་སློབ་གསོ།

        སྔོན་ཆད་ཀྱི་ཀྲུང་གོའི་ཁྱིམ་བདག་མང་ཆེ་བས་བྱིས་པར་ཇི་ལྟར་གླེང་མོལ་བྱེད་དགོས་པ་མི་ཤེས། རྒྱུ་མཚན་མི་རབས་གོང་མའི་ཕ་མ་ནས་བརྒྱུད་སྤྲོད་བྱས་པའི་གཏན་ཆགས་ཀྱི་གོམས་གཤིས་བསྒྱུར་མ་ཐུབ་པས་ཡིན། དོན་དངོས་སུ་གླེང་མོལ་ནི་རིམ་པ་གཉིས་སུ་བཀར་ཆོག གཅིག་ནི་ཕ་མ་རང་གི་ཤེས་རྟོགས་ཕྱིར་བརྗོད་ནུས་པ། ཁྱིམ་བདག་གིས་བྱིས་པའི་དངོས་ཡོད་ཀྱི་བསམ་བློར་གཞི་བཅོལ་ནས་དོན་དངོས་བརྗོད་པ་དང་གནས་ལུགས་བཤད་པ། གང་ནུས་སྒོས་འཚོ་བའི་ཁྲོད་གོ་སླ་བ་དང་དང་ལེན་བྱེད་སླ་བའི་གནས་ལུགས་འཚོལ་བ་དང་། སྤྲོ་སྣང་ལྡན་པ་དང་བག་ཡངས་ཀྱི་བྱེད་ཐབས་བརྒྱུད་ནས་བྱིས་པར་གནས་ལུགས་བརྗོད་དགོས། ངོ་གནག་ནས་མཐོ་ས་ནས་གཤེ་གཤེ་གཏོང་བ་དང་ཟུར་ཟ་གཏན་ནས་བྱེད་མི་རུང་། གཉིས་ནི་བགྲོ་གླེང་བྱེད་པ། བགྲོ་གླེང་བྱེད་པའི་རྩ་བ་ནི་བྱིས་པ་ཟབ་ཞུགས་བྱེད་པ་གཙོ་བོར་འཛིན་པ་ཡིན་ལ། ཆོ་མེད་བྲོ་མེད་ཀྱི་གཏན་འཁེལ་དང་སྒྲིག་ལམ་ཡིན་ཀྱང་བྱིས་པར་ཟབ་ཞུགས་ཀྱི་ཚོར་བ་མྱོང་དུ་འཇུག་དགོས། བགྲོ་གླེང་བྱེད་སྐབས་བྱིས་པར་བརྩི་བཀུར་དང་སེམས་རྣལ་མོས་བསམ་ཚུལ་ལ་ཉན་པ་དང་། ནོར་འཁྲུལ་གྱི་ལྟ་བ་ཡིན་ཡང་སེམས་ཞིབ་མོས་གནས་ལུགས་བཤད་ནས་བྱིས་པར་དཀར་ནག་གི་དབྱེ་བ་འབྱེད་ཤེས་སུ་འཇུག་དགོས། ཁྱིམ་བདག་གི་ལྟ་ཚུལ་ཡང་དག་མིན་ཚེ་བྱིས་པའི་མདུན་ནས་སྤོབས་པ་ཆེན་པོས་ནོར་འཁྲུལ་ངོས་ལེན་བྱེད་ཐུབ་དགོས།

བཞི། དངོས་སུ་སྦྱོང་བརྡར་བྱེད་པ།

        ལག་ལེན་ལས་ཡང་དག་པའི་ཤེས་བྱ་རྟོགས། དངོས་སུ་སྦྱོང་བརྡར་བྱེད་པར་རིགས་ཧ་ཅང་མང་། དཔེར་ན། ཕྱི་རོལ་གྱི་ཁོར་ཡུག་དང་བསྟུན་ཤེས་པ། འཚོ་བར་རང་རྐྱ་ཐུབ་པ། ཁྱིམ་ལས་བྱེད་པ། རང་ཉིད་གཅིག་པུས་ལས་བྱ་ལེགས་འགྲུབ་བྱེད་པ་སོགས་ཕྱོགས་མང་པོ་འདུས། དངོས་སུ་སྦྱོང་བརྡར་བྱེད་པར་ཐོག་མར་བྱིས་པས་དེའི་དོན་སྙིང་གསལ་པོར་རྟོགས་པ་དང་བྱེ་བྲག་གི་བླང་བྱ་འདོན་པ་དང་། ཁོ་ཚོར་དཀའ་ཁག་ལས་རྒྱལ་བར་སྐུལ་མ་བྱས་ཏེ་རྒྱུན་སྐྱོང་དུ་འཇུག་དགོས། སྦྱོང་བརྡར་གྱི་ནང་དོན་བྱིས་པའི་ལོ་ན་དང་གཤིས་ཀར་འཚམས་པ་དང་། ཁོ་ཚོའི་དངོས་ཡོད་ཀྱི་ནུས་པར་གཞིགས་ནས་ཕར་སྤྲད་པའི་འོས་འགན་དང་བཏོན་པའི་བླང་བྱ་གཉིས་གཅིག་མཐུན་ཡིན་དགོས། ཁྱད་པར་དུ་བྱིས་པར་ལག་ལེན་གྱི་ཁྲོད་ནས་ནོར་འཁྲུལ་བྱུང་ཆོག་པ་དང་། ཕམ་ཁ་ཡང་རྒྱུན་ལྡན་གྱི་སྣང་ཚུལ་ཡིན་པ་ཤེས་སུ་འཇུག་པ་དང་། ཚད་ལས་བརྒལ་བའི་བླང་བྱ་ནན་མོ་མི་འདོན་པ། སྦྱོང་བརྡར་གྱི་གོ་རིམ་ཁྲོད་ཐོག་མ་དང་མཐའ་མ་ཡོད་པ་དང་ཐོག་མ་ཉིད་ནས་མཇུག་བསྡུ་ཡང་སྲིད་པའི་གནས་ལུགས་རྟོགས་སུ་འཇུག་དགོས།

ལྔ། བསྟོད་བསྔགས་བྱེད་པ།

        བྱེད་ཐབས་འདི་ཁྱིམ་བདག་མང་ཆེ་བས་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་ཡོད་པས་ཕན་འབྲས་ཀྱང་མངོན་གསལ་ཐོན་བཞིན་ཡོད། བསྟོད་བསྔགས་བྱེད་པ་ནི་བྱིས་པའི་བསམ་བློའི་བྱ་སྤྱོད་ལ་ཁས་ལེན་དང་གདེང་འཇོག་ལེགས་པོ་བྱེད་པའི་ཐབས་ལམ་ཞིག་ཡིན། ཁས་ལེན་དང་གདེང་འཇོག་ལེགས་པོ་བྱས་པ་བརྒྱུད་དེ་བྱིས་པའི་ཡར་བརྩོན་གྱི་སེམས་ཤུགས་དང་གཟི་བརྗིད། སྔར་ལས་ལེགས་པར་གྲུབ་འབྲས་ལ་བརྩོན་ལེན་བྱེད་པར་སྐུལ་མ་གཏོང་བ་ཡིན། དངོས་ཐོག་བདེན་འཚོལ་བྱེད་པ་དང་དུས་ཐོག་ཏུ་རྒྱུ་རྐྱེན་གསལ་པོར་བཤད་ནས་བསྟོད་བསྔགས་བྱེད་དགོས་པར་མ་ཟད། བསམ་པའི་བསྟོད་བསྔགས་གཙོ་བོ་དང་དངོས་པོའི་བྱ་དགའ་ཕལ་བར་འཛིན་དགོས། ད་ལྟའི་སྤྱི་ཚོགས་ཀྱི་དར་སྲོལ་ནི་ཅུང“དངོས་པོ་ཅན”དུ་འགྱུར་བཞིན་ཡོད་ལ། ངེས་པར་དུ་བྱིས་པར་ཐོབ་པ་དང་བརྩོན་ལེན་བར་གྱི་གཞི་རྩའི་གཏན་ཚིགས་ཀྱི་འབྲེལ་བ་ཤེས་སུ་འཇུག་པ་དང་། སྐུལ་ལྕག་ནི་དངོས་པོའི་དགོས་མཁོ་སྐོང་བའི་ཁ་གཡར་ས་ཁོ་ནར་འགྱུར་དུ་འཇུག་མི་རུང་།

དྲུག སྐྱོན་བརྗོད་དང་ཆད་པ་གཅོད་པ།

        སྐྱོན་བརྗོད་དང་ཆད་པ་གཅོད་པ་ནི་བྱིས་པའི་བསམ་བློ་མི་ལེགས་པར་ཁས་ལེན་མ་བྱས་པའི་བྱ་སྤྱོད་ཅིག་ཡིན་ལ། ཆད་པ་གཅོད་པ་ནི་བསམ་བློ་མི་ལེགས་པའི་བྱ་སྤྱོད་ཚབས་ཆེན་ལ་སློབ་གསོ་གཏོང་བ་ཡིན། སྐྱོན་བརྗོད་དང་ཆད་པ་གཅོད་སྐབས་ཐོག་མར་གནས་ཚུལ་སྤྱི་ཡོངས་ལ་རྒྱུས་ལོན་བྱེད་པ་དང་། བསམ་བློ་མི་ལེགས་པའི་བྱ་སྤྱོད་ཀྱི་བྱེ་བྲག་གི་གནས་ཚུལ་དང་ཚབས་ཆེ་ཆུང་གསལ་པོར་ཤེས་རྗེས། ནོར་འཁྲུལ་གྱི་དོན་དངོས་ལ་གཞིགས་ནས་དེའི་གནོད་འཚེ་དང་བསམ་བློའི་འབྱུང་རྩ་བསྟན་ནས་བྱ་སྤྱོད་དེར་ཁས་ལེན་མ་བྱས་པར་ངོ་ཚ་དགོས་པ་ཤེས་སུ་བཅུག་ནས་ནོར་འཁྲུལ་ཡོ་བསྲང་བྱེད་པའི་སྒུལ་ཤུགས་སྟེར་དགོས། སྐྱོན་བརྗོད་བྱེད་སྐབས་ཟུར་ཟ་དང་གཤེ་གཤེ་གཏོང་མི་རུང་ལ། ཆད་པ་གཅོད་པ་ཡང་གཙོ་བོ་དབང་ཆ་ག་གེ་མོ་ཞིག་འཕྲོག་པ་ལས་ལུས་ཆད་གཅོད་པ་དང་། མིའི་ཐོབ་ཐང་ལ་དམའ་འབེབས་དང་ལུས་སེམས་ལ་མནར་གཅོད་གཏོང་མི་རུང་། བྱིས་པར་གཅར་རྡུང་དང་གཤེ་གཤེ་གཏོང་བའི་བྱ་སྤྱོད་ནི་ཆེས་མི་ལེགས་པའི་བྱེད་སྟངས་ཤིག་ཡིན་ལ། ཏག་ཏག་ཁྱིམ་བདག་ལ་ཐབས་དང་ཤེས་རབ་གང་ཡང་མེད་པའི་མཚོན་ཚུལ་ཞིག་ཡིན་པས་གཏན་འགོག་བྱེད་དགོས་པར་མ་ཟད། ཁྱིམ་བདག་རང་གིས་དེ་བས་ཀྱང་རང་སྐྱོན་རང་བརྟག་བྱས་ནས་རང་སྐྱོན་ངོས་ལེན་བྱེད་དགོས།

བདུན། འཚོ་བའི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་པ།

        འཚོ་བའི་གོམས་གཤིས་ལེགས་པོ་ནི་ཧ་ཅང་གལ་ཆེ་བའི་ཁྱད་ཆོས་ཤིག་སྟེ་སྒྲིག་ལམ་ལས་བྱུང་བ་ཡིན། ཁྱིམ་ཚང་ལ་སྒྲིག་ལམ་དང་ཕུན་སུམ་ཚོགས་པའི་འཚོ་བའི་ཁོར་ཡུག་ལྡན་རྒྱུ་ནི་ཤིན་ཏུ་གལ་ཆེ། བྱིས་པའི་འཚོ་བའི་འགྲོ་འདུག་ལ་ཁྲིད་སྟོན་དང་འཚོ་བའི་ཁོར་ཡུག་ལ་བཀོད་སྒྲིག་ལེགས་པོ་བྱེད་པ། བྱིས་པ་རང་གིས་དུས་ཚོད་བཀོད་སྒྲིག་དང་བེད་སྤྱོད་གཏོང་བར་སློབ་སྟོན་ལེགས་པོ་བྱེད་པ། འདི་དག་གིས་ཁོ་ཚོའི་མ་འོངས་པའི་འཚོ་བ་དང་ལས་དོན་ལ་བག་ཆགས་ཟབ་མོ་བཞག་ནས་མི་ཚེ་གང་བོར་ཤུགས་རྐྱེན་ཐེབས་སྲིད། ཁོ་ཚོའི་རང་བདག་གི་འཚོ་བའི་ཁྲོད་ནས་ཁྱིམ་ཚང་འཛུགས་པ་དང་། ལས་དོན་ལ་དོ་དམ་བྱེད་པ། སྤྱི་ཚོགས་འབྲེལ་འདྲིས་སོགས་ཡོད་ཚད་ལ་འཚོ་བའི་གོམས་གཤིས་ཀྱིས་ཤུགས་རྐྱེན་མ་ཐེབས་པ་གང་ཡང་མེད།

བརྒྱད། བསླབ་ཕྱིའི་དཔེ་ཀློག་ལ་མཛུབ་སྟོན་བྱེད་པ།

        དཔེ་ཀློག་གིས་མི་ཚེ་གང་བོར་མཛུབ་སྟོན་བྱེད་ཐུབ། མཉམ་འབྲེལ་དྲ་བའི་དུས་རབས་ཀྱིས་ཤེས་བྱ་ཕྱོགས་ཡོངས་ནས་གཅིག་བསྡུས་དང་དག་སྒྲིག་སྔ་ན་མེད་པ་བྱས་ཡོད་ལ། དུས་རབས་འདིར་འཚོ་བཞེས་གནང་བའི་ང་ཚོར་མཚོན་ན་དོན་བཟང་ཞིག་ཡིན། ཇི་ལྟར་དེའི་ཁྲོད་ནས་ཤེས་བྱའི་འཚོ་བཅུད་བསྡུ་ལེན་བྱེད་པ་དང་། སློབ་ཁྲིད་ནང་དོན་ལ་ཕན་ནུས་ལྡན་པའི་སྒོ་ནས་ཁ་གསབ་དང་རྒྱ་བསྐྱེད་བྱེད་དགོས་སམ། ཐོག་མར། ཁྱིམ་བདག་གིས་དཔེ་ཀློག་དང་སློབ་སྦྱོང་བྱེད་ཤེས་པ་དང་། ཕུན་སུམ་ཚོགས་པའི་ནང་དོན་འདེམ་ཤེས་པ། གནས་ཚུལ་ག་འདྲ་ཞིག་ཡིན་རུང་བྱིས་པ་དང་མཉམ་དུ་དཔེ་ཀློག་དང་རྩོམ་འབྲི་བྱེད་དགོས། དཔེ་ཀློག་བྱས་རྗེས་ཀྱི་མྱོང་བ་ཁོ་ཚོ་དང་ལྷན་དུ་མཉམ་སྤྱོད་བྱེད་པ་སོགས་ཐབས་ལམ་སྣ་མང་བེད་སྤྱོད་བྱས་ཆོག དཔེར་ན། རི་མོ་འབྲི་བ་དང་གཏམ་བཤད་སྤེལ་བ། གླུ་དབྱངས་ལེན་པ་སོགས་བྱིས་པའི་དང་ལེན་བྱེད་སླ་བའི་ཐབས་ཅི་རིགས་སྤྱོད་དགོས། གཞན་ཡང་། བྱིས་པ་དང་མཉམ་དུ་གླེང་མོལ་དང་བགྲོ་གླེང་བྱེད་པ། དཔེ་དེབ་དང་དྲ་ལམ་གྱི་ནང་དོན་ལེགས་པོ་དང་ལེན་བྱེད་པ། བྱིས་པའི་བསམ་གཞིགས་ཀྱི་ནུས་པ་དང་གསར་གཏོད་ཀྱི་ནུས་པ། རིན་ཐང་གི་ལྟ་བ་བཤད་པ་སོགས་བྱས་ཏེ་ཤེས་བྱ་བེད་སྤྱོད་གང་ལེགས་བྱེད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1