༄༅།།འབྲོག་པའི་བལ་སྟོན་བཤད་པ།

འབྲོང་ཕྲུག་ལྷ་ཆེན་རྒྱལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 03-15


   བདག་གི་དྲན་པའི་ཁྲོད་དུ་ཞག་ལྟར་ཆགས་ཤིང་མར་བཞིན་སིམ་འདུག་པ་ཞིག་ལ། ལོ་རེ་རེའི་ཟླ་ལྔ་པའི་ཟླ་མཇུག་གམ་ཟླ་དྲུག་པའི་ཟླ་མགོ་གང་རུང་དུ་འབྲོག་པའི་བལ་སྟོན་བྱེད་པ་དེ་ཡིན། འབྲོག་པའི་བལ་སྟོན་ནི་ཁྱིམ་ཚང་སུ་ཞིག་གིས་ལུག་བལ་འབྲེག་དུས་སུ། རུ་ཁ་ཁྱིམ་མཚེས་ཀྱི་ལོ་གཞོན་ཕོ་མོ་དག་མ་སྐུལ་དང་བླངས་ཀྱིས་མཉམ་དུ་འཛོམས་ཤིང་། རྒན་པ་བསམ་ཤེས་དག་གི་བཀའ་བཀོད་བཞིན་ཐོག་མར་བྱིས་པ་དག་གིས་ལུག་ར་བར་སྐྱིལ་བ་དང་གསར་བུ་དག་ལུག་ཁྱུར་བརྒྱུགས་ནས་བལ་གང་ཡོད་གང་འཛོམས་ཀྱི་ལུག་འཛིན་པར་བྱེད། ལུག་བཟུང་ཡོང་ནས་འབྲེང་བས་ཕྲེང་ལ་བསྟར་ནས་བཀྱིག་རྗེས་བལ་འབྲེག་མགོ་རྩོམ་པ་ཡིན། བལ་འབྲེག་མཁན་ནི་ལོ་ན་གཞོན་པའི་གསར་བུ་དང་བལ་འབྲེག་ལ་བྱང་བའི་དར་མ་དག་ཡིན་པ་དང་། ཁོ་ཚོས་སྟར་ལ་བཀྱིག་པའི་ལུག་བཅུ་ཁ་བོ་དེ་སུས་སྔོན་ལ་བྲེག་ཚར་མིན་གྱི་སྔ་གཞུག་ལ་འགྲན་བསྡུར་བྱེད་པ་ཡིན་ལ། བུད་མེད་དང་བྱིས་པ་དག་གིས་བྲེགས་ཟིན་པའི་ལུག་བལ་ཕྱོགས་གཅིག་ཏུ་སྤུངས་ནས་བལ་དོས་རྒྱག་པར་གྲ་སྒྲིག་བྱེད། སྤྱིར་བཏང་དུ་ལུག་བལ་ནི་དྲོས་ཇའི་བར་དུ་བྲེགས་ཚར་བར་བྱེད་པ་དང་། ཁྱིམ་བདག་གིས་ཀྱང་ལུག་བཤས་ཏེ་ནང་ལྡུག་པ་དང་ཤ་བཙོ་བའི་ལས་ཀ་བྱས་ནས་དྲོས་ཇར་གྲ་སྒྲིག་བྱེད། ཨ་ཕ་ནི་ལུག་བཤའ་བ་དང་ནང་ལྡུག་པ་ལ་དེ་འདྲ་འཇོན་པོ་ཞིག་མིན་ནའང་། ཨ་མ་ལག་རོགས་སུ་ཡོད་ན་འབྲོག་པའི་ཁ་དཔེ་བཞིན་ཇ་དཀར་ཡོལ་གང་འཐུང་ཡུན་དུ་ཡོད་ཚད་ཚགས་སུ་ཆུད་ཐུབ་པ་ཞིག་ཡོང་། སྤྱིར་འབྲོག་ཁུལ་དུ་ལུག་བཤའ་བའི་ལས་ཀ་དེ་ནི་སྐྱེས་པ་དག་གིས་མ་ཎི་འདོན་པ་དང་ཁོག་འབྱེད་རྒྱུ་དང་། བུད་མེད་དག་གིས་ནང་ལྡུག་རྒྱུ་དང་ཤ་བཙོ་བར་བྱེད་པ་ཡིན། དྲོས་ཇ་འཐུང་རྗེས་བལ་དོས་རྒྱག་པ་ཡིན་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ཡུས་ཐག་འཁེལ་བ་དང་བྱིས་པ་དག་གིས་འབྲུག་བཅོ་ཞིང་གསར་བུ་ཚོས་བལ་དོས་རྒྱག་པར་བྱེད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་དུས་སྐབས་དེར། བལ་སྟོན་ཞེས་ཆེ་ཆེ་གྲགས་གྲགས་ཤིག་བཤམས་རྒྱུ་མེད་ནའང་། བལ་འབྲེག་དུས་དང་བལ་དོས་རྒྱག་དུས། དྲོས་ཇ་འཐུང་དུས་གང་ཡིན་ཡང་མི་རྣམས་ཀྱི་གཏམ་དང་ཀུ་རེ་རྒྱུན་ཆད་མེད་པར་ལས་ཀ་ནི་རྩེད་མོ་ཞིག་གི་རྣམ་པར་བསྒྱུར་བ་དེས་ནི་བས་མཐའི་རི་ལུང་རྫ་ཀླུང་དུ་ནོར་ལུག་གི་རྨིག་རྗེས་དང་ལྕི་འདམ་གྱི་ངད་ཁའི་ཁྲོད་མི་ཚེ་སྐྱེལ་བའི་འབྲོག་པའི་འཚོ་བ་ལ་སྔར་མེད་ཀྱི་སྤྲོ་སྣང་ཞིག་ཁྱེར་ཡོང་གིན་ཡོད། ལྷག་པར་དུ་ལུག་བལ་བྲེགས་ཚར་རྗེས། ཁྱིམ་མཚེས་དུ་མས་ཚེགས་བརྒྱབ་སྟེ་མཉམ་དུ་ལུག་བལ་ཁལ་མར་བཀལ་ནས་འཚོང་དུ་སོང་བ་ན། ང་ཚོ་བེའུ་རྫི་བྱིས་པ་རྣམས་དང་ནོར་རྫི་བུ་མོ་ཚོས་རེ་སྒུག་གི་ཉི་མ་མཛུབ་བར་ནས་གསོག་མགོ་རྩོམ། ང་ཚོ་བེའུ་རྫི་རྣམས་ཀྱིས་ཨ་ཕས་ཟས་ཞིམ་པོ་དང་གོས་སོ་མ་ཉོས་ཡོང་བར་རེ་བ་བྱེད་པ་ཡིན་ཏེ། ལོ་གཅིག་གི་ནང་དུ་ལོ་སར་གྱི་འཕྲོ་ནས་ཟས་ཞིམ་པོ་བཟའ་བ་དང་གོས་སོ་མ་གྱོན་པའི་བསོད་ནམས་ནི་དུས་ཚོད་འདི་ཁོ་ན་ཉིད་དོ། །ཡིན་ནའང་། ནོར་རྫི་བུ་མོ་ཚོས་ཅི་ཞིག་ལ་རེ་སྒུག་བྱེད་པ་ནི་ལོ་ནར་མ་སོན་ཞིང་བསམ་མི་ཤེས་པའི་ང་ཚོ་བེའུ་རྫི་དག་ལ་འབྲེལ་བ་ཆེར་མེད་པས། དེ་ལ་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་དགོས་པའི་དགོས་པ་མི་འདུག་སྙམ་མོད། ཕྱི་ཉིན་མགོ་དཀྲིས་མདོག་ཆེན་དང་མཛུབ་དཀྲིས་གོང་ཆེན་གོན་པའི་ནོར་རྫི་བུ་མོ་ཚོའི་དགའ་སྣང་དེས་གསང་བ་ཅི་ཞིག་བརྟོལ་འདོད་ཀྱི་འདུན་པ་མེ་རུ་འབར་ནས་འདུག་བཟོད་མེད་པ་ཞིག་སྐྱེས་ཡོང་། སྤྱིར་བཏང་དུ་འབྲོག་པའི་རྩྭ་ས་ནི་དུས་ཚིགས་དང་ནམ་ཟླའི་འགྱུར་བ་དང་བསྟུན་ནས་དབྱར་ལ་མཐོ་ཞིང་བསིལ་ཆེ་བའི་རྫ་ལུང་རི་ལུང་དུ་བྱེད་པ་དང་དགུན་ལ་དམའ་ཞིང་དྲོད་ཆེ་བའི་ཐང་གཤོང་དུ་བྱེད་པ་ཡིན། དཔྱིད་དང་སྟོན་ནི་དབྱར་ས་དང་དགུན་སའི་བར་གྱི་ལུང་མདོ་རུ་བྱེད་པ་ཡིན་ལ། སྡོད་ཡུན་ཆེས་རིང་བོ་ཡང་དཔྱིད་ས་དང་སྟོན་ས་ཡིན་པས་གནས་དེ་རུ་འབྲོག་པའི་གཏན་སྡོད་ཁང་བ་ལས་ནས་ལོ་ལོན་དང་བྱིས་པ་དག་རྒྱུན་ཆགས་སུ་ཡོད། བདག་ཀྱང་སློབ་ཆུང་ལོ་རིམ་དང་པོར་ཞུགས་པ་ནས་བཟུང་དབྱར་སར་སོང་བའི་ལོ་རྒྱུས་མང་པོ་མི་འདུག་སྟེ། ངའི་དྲན་ཡིད་ཀྱི་དབྱར་ས་ཡང་ལོ་བརྒྱད་ལ་བུད་པ་ནས་བཟུང་གློག་ཆད་པ་ནང་བཞིན་དྲན་པར་མུན་པ་འཁོར་ཡོང་། ཡིན་ནའང་། བདག་ནི་ཁ་མལ་གཅིག་ནས་སྡོད་ཐུབ་པའི་རིགས་སུ་མི་གཏོགས་པས་ཨ་ཕ་དང་མཉམ་དུ་ལུག་རྫིར་འགྲོ་དགའ་ཆེ་ཞིང་ཨ་མ་དང་ལྷན་ཅིག་ཆུ་ལེན་དུ་འགྲོ་བར་ཡང་དགའ་བོ་ཡོད། དེ་མིན་ཁ་ཡ་ན་ཟླ་ཚོར་འགྲོགས་ནས་རྩེད་འཇོར་རོལ་རྒྱུར་ཡང་མི་དགའ་བ་ག་ལ་སྲིད། ང་ཚོས་བེའུ་ཁྱུ་དབྱར་སའི་ན་ཁུགས་དང་ཆུ་འགྲམ་དུ་བཀྲམ་རྗེས། རྐང་རྗེན་དུ་སྔོ་རྩྭའི་གསེང་དུ་རྒྱུག་ཅིང་ཆུ་ཕྲན་དཀྱིལ་དུ་བརྒལ་བ་བགྲང་གིས་མི་ལང་། དེ་བཞིན་དུ་ན་མཉམ་གྱི་བེའུ་རྫི་གཞན་དང་ལྷན་ཅིག་གད་འོག་ཏུ་ཆར་ལྭས་མགོ་སྦྲ་ཕུབ་ཅིང་སྤོ་ཐོས་ཐབ་ཀ་ལས་པ་དང་། རྡོ་གཡའ་མས་དོ་ཆ་བརྩིགས་ཤིང་རྡེའུ་དཀར་ནག་གིས་ནོར་ལུག་འཚོས་པའི་ལོ་ཟླ་དེ་དག་ནི་ཁ་སང་གི་དོན་དག་ཅིག་དང་འདྲ་ལ། རྗེས་མར་ནོར་རྫི་ནས་ཨ་ཅེ་དང་ཕུ་བོ་དག་གི་ཚབ་ཏུ་ནོར་ཁ་ལེན་དུ་འགྲོ་བ་དང་ཡི་གེ་སྐྱེལ་རོགས་བྱས་པའི་དུས་ཚོད་ཀྱི་གཙང་བོ་དེ་ནི་ད་དུང་ཡང་བདག་གི་ནང་སེམས་སུ་དྭངས་གཙང་གིས་བཞུར་བཞིན་ཡོད། མཛེས་སྡུག་དང་བདེ་སྐྱིད་ནི་དེ་འདྲ་རྙེད་སླ་ཞིང་རྒྱུན་སྲིང་དཀའ་བ་ཞིག་ཀྱང་ཡིན་པ་སུ་ཡིས་ཤེས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1