གྲོང་སྡེའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་བསྐྱེད་ནས། མཛེས་སྡུག་འཚོ་བ་གསར་བ་འཛུམ་གྱིས་བསུ།
ཉེ་བའི་ལོ་ཤས་རིང་། ལིས་རྫོང་བཀྲ་ཤིས་གླིང་གྲོང་རྡལ་ཞི་འདུ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུ་དེ་གཞི་རིམ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཞིང་ལས་ལག་རྩལ་དང་དེ་འབྲེལ་གྱི་ལྗོངས་གཟིགས་ཁྱད་ཆོས་སོགས་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་དཔལ་འབྱོར་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
འབྲི་ཏ་ས་འཛིན་འདེབས་འཛུགས་ནི་ཞི་འདུ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ཐོན་ལས་ཀྱི་གྲས་ཤིག་ཡིན་ཞིང་། ན་ནིང་ནས་བཟུང་བཀྲ་ཤིས་གླིང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་གྲོང་སྡེའི་ཨུ་ལྷན་གཉིས་སྒྲིག་འཛུགས་བྱས་ནས་ས་ཆ་གཞན་དུ་སོང་ནས་འབྲི་ཏ་ས་འཛིན་གྱི་སོན་བཟང་འདེབས་གསོ་དང་། འདེབས་འཛུགས་ལག་རྩལ། བྲིན་ཚོང་གཉེར་སྐྱོང་སོགས་ལ་དངོས་སུ་རྟོག་ཞིབ་བྱས་རྗེས། གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ས་ཆའི་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ་འབྲི་ཏ་ས་འཛིན་འདེབས་འཛུགས་ཀྱི་ལས་དོན་སྤེལ་ནས་ཐུན་མོང་དཔལ་འབྱོར་ལ་རྨང་གཞི་བརྟན་པོ་བཏིང་།
དཔྱིད་མགོའི་དུས་སུ་གསར་འགོད་པ་ཞི་འདུ་གྲོང་སྡེའི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞིར་སྐྱོད་སྐབས། རྣང་མའི་ནང་དུ་སྣུམ་ཞིང་ལྗང་བའི་མྱུ་གུ་རྒྱས་ཤིང་འབྲི་ཏ་ས་འཛིན་གྱི་འབྲས་བུ་ཡང་སྨིན་མགོ་ཚུགས་པས། རང་དབང་མེད་པར་འགྲམ་ཆུ་ལྡང་བ་ཞིག་འདུག གྲོང་སྡེའི་ཀྲི་པུའི་ཧྲུའུ་ཅི་ཏའེ་དབན་ཕུང་གིས་རྟེན་གཞིའི་ནང་འབྲི་ཏ་ས་འཛིན་སྐྱེ་འཚར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་ཡོད་པ་དང་། ཁོང་གིས་འབྲི་ཏ་ས་འཛིན་གྱི་གྲུབ་འབྲས་དེ་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པའི“ཉིང་བཅུད”ཅིག་ཡིན་པ་དང་། མིག་སྔའི་བར་འབྲི་ཏ་ས་འཛིན་གྱི་ཡོང་འབབ་སྒོར་9800ལྷག་ཙམ་ཟིན་ཡོད་ཅེས་ངོ་སྤྲོད་བྱས།
རྒྱུས་ལོན་བྱས་པ་ལྟར་ན། གོམ་སྟབས་རྗེས་མར་གྲོང་སྡེ་འདིས་ཐོན་ལས་ཀྱི་ཐུན་མིན་དགེ་མཚན་ལ་དམིགས་པ་དང་། ཐོན་ལས་སྦྲེལ་ཐག་རྒྱུན་འཁྱོངས། འབྲི་ཏ་ས་འཛིན་འདེབས་འཛུགས་ཀྱི་ཚན་རྩལ་འདུས་ཚད་ཇེ་མཐོར་གཏོང་བ། བྱེད་ཐབས་གསར་གཏོད། ལས་ཞུགས་ལས་གནས་མང་དུ་གཏོང་བ་བཅས་བྱེད་པ་དང་དུས་མཚུངས་སུ། འབྲི་ཏ་ས་འཛིན་དང་ཞིང་ལས་ལྗོངས་སྐོར་ཟུང་འབྲེལ་དེ་འཕེལ་རྒྱས་ཀྱི་ལམ་ཐིག་གཙོ་བོར་བྱས་ནས། ཞི་འདུ་གྲོང་སྡེའི་འབྲི་ཏ་ས་འཛིན་གྱི་སྐྱེ་ཁམས་སྤྲོ་གསེང་ལྡུམ་ར་བཏོད་དེ་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ཡོང་ཆེད་གསོན་ཤུགས་སྔར་ལས་མང་བ་བསྣན་ངེས་སོ།།