༄༅།།ནང་བསྟན་སློབ་གསོ་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྐོར།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-16


 ནང་བསྟན་སློབ་གསོ་ལ་བརྟེན་ནས་ཕྱི་ནང་གི་ཁོར་ཡུག་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་སྐོར།

ནང་དོན་གནད་བསྡུས།  

བོད་རྒྱུད་ནང་བསྟན་སློབ་གསོས་ཁོར་ཡུག་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་ཤུགས་རྐྱེན་ཐེབས་པའི་དགེ་མཚན་ལ་བརྟེན་ནས་ཕྱི་ནང་གི་ཁོར་ཡུག་གྲུབ་ཚུལ་དང་ཁྱད་པར་གྱི་རིན་ཐང་ལྟ་བའི་སྒོ་ནས་དགེ་མཚན་ལྡན་པའི་སློབ་གསོའི་ཁྲོད་དུ་སྣོད་བཅུད་ལ་སྲུང་སྐྱོབ་བྱེད་པའི་སྐོར་ཡིན།

བརྡ་ཆད་གཙོ་བོ།  ནང་བསྟན།  སློབ་གསོ།  ཕྱི་ནང་།  ཁོར་ཡུག  འཛུགས་སྐྲུན།   སྲུང་སྐྱོབ།

དང་པོ།  ཕྱིའི་ཁོར་ཡུག་འདི་ཐོག་མར་ཇི་ལྟར་གྲུབ་ཚུལ་བཤད་པ།

དེའང་འབྱུང་བཞིའི་རྡུལ་ཕྲན་འདུས་པ་ལས་གྲུབ་པའི་ཕྱི་སྣོད་འཇིག་རྟེན་གྱི་ཁམས་འདི་སྐྱེ་དགུ་རྣམས་ལས་ཀྱི་དབང་གིས་སྤྱི་མཐུན་གྱི་འཚོ་བའི་བརྟེན་གཞིར་མ་གྱུར་བ་གཅིག་ཀྱང་མེད་ལ།   དེ་ལ་ས་ཆུ་མེ་རླུང་ནམ་མཁའ་སྟེ་དངོས་པོ་རེ་རེ་ཡང་འབྱུང་ལྔའི་ཁམས་ལས་མ་གྲུབ་པ་མེད་ཅིང་།  མྱུ་གུ་ལྟ་བུ་གཅིག་ལ་མཚོན་ན།  སས་རྟེན་པ་དང་། ཆུས་བསྡུད་པ།  མེས་སྨིན་པ།  རླུང་གིས་རྒྱས་པ།  ནམ་མཁས་གོ་འབྱེད་པའི་ལས་བྱེད་པའི་བྱེད་ལས་ཀྱིས་གྲུབ་པ་ཞིག་ཡིན།   དེ་ཡང་འབྱུང་བ་གཅིག་གི་བྱེད་རྒྱུ་མ་ཚང་ན་མྱུ་གུ་སྐྱེ་བའི་གོ་སྐབས་མེད་པས།  ད་ལྟའི་སྤྱི་མཐུན་གྱི་སྣང་བའི་འཇིག་རྟེན་གྱི་ཁམས་འདི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བྱུང་བ་ནང་བསྟན་ཆོས་ལུགས་ཀྱི་ལྟ་བའི་སྙིང་པོ་ལྟ་བུར་གྱུར་ཡོད། [ སཱ་ལུའི་ལྗང་པའི་མདོ་སྡེ་དགེའི་བཀའ་འགྱུར་པར་གཞི་མདོ་སྡེ་ཚ་དུམ་པའི་ཤོག་སྡེབ་༡༡༥པའི་ཉིན་ངོས་ཐིག་ཕྲེང་ལྔ་པ་ལས་དྲངས།  ] དེ་ཡང་སཱ་ལུ་ལྗང་པའི་མདོ་ལས། ཤ་རིའི་བུས་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་བྱ་ཞེས་དྲིས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་སྨྲས་པ། རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །ཞེས་གསུངས་པ་ལྟར།  དེ་ལྟ་བུའི་ཕྱིའི་ཁོར་ཡུག་ལ་ལྟོས་ནས་སྐྱེད་པའི་དངོས་པོའི་གྲུབ་ཆ་ལ་དཔེར་མཚོན་ན།  དམིགས་རྐྱེན་ནས་ཀྱི་ས་བོན་སྐྱོན་མེད་དེ་རང་འབྲས་ཐུན་མོང་མ་ཡིན་པ་སྐྱེད་བྱེད་རྒྱུ་ཡི་རྐྱེན་དང་། དེ་ཉིད་སྐྱེ་བ་བྱེད་པའི་གྲོགས་ཆུ་ལུད་དྲོད་གསུམ་གྱིས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ་སྐྱེད་པ་མྱུ་གུ་ཡིན་ལ།   དེས་ན་མྱུ་གུ་ལྟ་བུ་གཅིག་ལ་ཡང་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ཞིག་མ་ཚོགས་ན་སྐྱེད་པར་མི་འགྱུར་ཏེ།    [ སཱ་ལུའི་ལྗང་པའི་མདོ་སྡེ་དགེའི་བཀའ་འགྱུར་པར་གཞི་མདོ་སྡེ་ཚ་དུམ་པའི་ཤོག་སྡེབ་༡༡༥པའི་སྲིབ་ངོས་ཐིག་ཕྲེང་དང་པོ་ལས་དྲངས།  

]ཡང་དེ་ཉིད་ལས།   འདི་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་གཉིས་ཀྱི་ཕྱིར་འབྱུང་སྟེ།  གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའི་ཕྱིར་རོ། །དེ་ཡང་ཕྱིའི་དང་། ནང་གི་དང་རྣམ་པ་གཉིས་སུ་བལྟའོ། །ཞེས་གསུངས་པ་ལྟར།  རྒྱུ་དང་རྐྱེན་འབྲེལ་བ་ལས་ས་བོན་དང་མྱུ་གུ་དང་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་འབྲས་བུའི་བར་འབྱུང་བ་ལྟ་བུ་དང་།  ནང་གི་མ་རིག་པ་ལས་འདུ་བྱེད་སོགས་ནས་རྒ་ཤིའི་བར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལྡོག་གི་ཚུལ་དུ་གྲུབ་པ་དང་།།  དེ་ལྟ་བུའི་ཕྱི་སྣོད་འཇིག་རྟེན་གྱི་ཁོར་ཡུག་འདི་ཉིད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བྱུང་བ་ཡིན་ལ།  དེ་ཡང་ཞིབ་ཏུ་བརྟག་ན་རྒྱུ་འགའ་རེ་དང་རྐྱེན་སྣ་རེའི་གྲུབ་པའི་དངོས་པོ་ཞིག་མེད་པར་རྟོག་ན་ད་གཟོད་རྒྱུ་རྐྱེན་རྟེན་འབྲེལ་གྱི་རྣམ་བཞག་ལ་ཡིད་ཆེས་སྐྱེས་པར་འགྱུར་བ་དང་། དེའི་ཞོར་དུ་ལས་འབྲས་ལ་ཡིད་ཆེས་ཅུང་ཟད་རེ་སྐྱེ་བར་བྱེད་པའི་རྒྱུ་ཉིད་དུ་འགྱུར་ནས་སེམས་ཅན་གྱི་ཚེ་སྲོག་དང་འཚོ་བའི་རྟེན་གཞི་ཁོར་ཡུག་ལ་སྲུང་ཡོལ་བྱེད་དགོས་པར་རྟོགས་པའི་སེམས་འགུལ་ཞིག་རང་ཤུགས་སུ་ཐེབས་པར་འགྱུར་རོ།།

གཉིས་པ། ཁྱད་པར་གྱི་ཆོས་མཛེས་སྡུག་ལྡན་པའི་མཐོ་སྒང་གོ་ལའི་ཁོར་ཡུག་གི་གྲུབ་ཚུལ་བཤད་པ།

འདིར་ཁོར་སྲུང་གི་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་པ་ལ་དྭངས་གཙང་གི་ཁོར་ཡུག་ཟུར་ཙམ་སྨོས་ན།  སྤྱིར་འཛམ་བུ་གླིང་གི་མི་རིགས་སོ་སོའི་དྭངས་གཙང་གི་སྐྱེ་ཁམས་དཔལ་ཡོན་གྱི་ཁོར་ཡུག་ལ་དགའ་ཞེན་དང་དུང་ཞེན་ཡོད་པར་ཤ་སྟག་ཡིན་པར་ཁོ་ཐག་ཆོད་ལ། བྱེ་བྲག་ཏུ་མཐོ་སྒང་གི་འཇིག་རྟེན་འདིར་གྲངས་ཉུང་མི་རིགས་ཀྱི་ངོས་ནས་མི་འབོར་ཉུང་ཞིང་ས་ཁྱོན་ཆེ་བ་མ་ཟད། རང་བྱུང་གི་ཁོར་ཡུག་ཐམས་ཅད་རྫས་འགྱུར་དང་འཕྲུལ་ཆས་ཀྱི་བཟོ་གྲྭ་སོགས་འཛུགས་སྐྲུན་གྱི་ཐོན་སྐྱེད་བྱེད་པའི་ཁྲོད་ཀྱི་གད་སྙིགས་མང་པོའི་སླད་མ་ཞུགས་པར་གཙང་དག་ཤ་སྟག་ཡིན་ལ། གནམ་སའི་བར་ཐག་གི་ཁྱོན་ཐམས་ཅད་རང་བྱུང་ཁོར་ཡུག་གི་སྨན་གྱི་སྐྱེ་དངོས་མང་པོའི་དྲི་བཟང་བར་སྣང་དུ་འཁྲིགས་ནས་གཟུགས་ཁམས་ལ་བདེ་ཐང་བསྐྲུན་པར་བྱེད་པའི་དབྱང་དབུགས་ཀྱི་གསོས་སུ་སྨིན་པར་མ་ཟད།  ས་མཐོ་ཆུ་གཙང་སོགས་འཛམ་གླིང་གི་གོ་ལའི་ཏོག་ལྟར་མཛེས་པའི་ཕ་ཁྱིམ་གཙང་མ་ཁོ་ན་སྟེ། དགུང་སྔོན་དབྱིངས་སུ་ཟུག་པའི་ཤེལ་གྱི་མཆོད་རྟེན་སྤུངས་པ་ལྟར་སྤྲིན་དཀར་གྱི་སྐྱེད་ཚལ་ལས་འཕོས་པའི་ཆུ་འཛིན་དར་དཀར་གྱི་འདབ་མས་མགུལ་རྒྱན་བྱས་པའི་གངས་རི་ཐམས་ཅད་དཀར་གསལ་འོད་ཀྱི་གཟི་མདངས་དང་བརྗིད་ཉམས་སུ་མངོན་པའི་གངས་ལྷ་མེ་ཏོག་ལ་དུང་བའི་ཟོལ་གྱིས་བསིལ་ཟེར་འཕྲོ་བ།      རང་བྱུང་ཁམས་ལས་གྲུབ་པའི་ངམ་ནག་རྫ་རི་ཐམས་ཅད་དྲག་པོའི་གཏོར་ཟོར་འབར་བའི་ཉམས་ཀྱི་ཟིལ་རྔམ་འཕྲོས་པའི་སྨུག་རླངས་རྔུལ་གྱི་ཐིགས་པ་ལ་སྦྲང་ཆར་ཟིལ་མའི་འདོད་པ་འཇོ་བའི་མོན་གྱི་བུ་མོའི་མགྲིན་སྙན་དབྱངས་སུ་གྱེར་བ་ལ།    གཡའ་རྫིའི་བར་ནས་གོང་མོ་རྣམས་དགའ་བའི་ཕོ་ཉ་འགྱེད་པའི་གོ་ཀིས་དགོད་སྒྲ་སྒྲོག་པ་དང་།  དབྱར་གྱི་བུ་མོའི་མཛེས་སྡུག་གི་ལང་ཚོ་གནམ་ས་བཀྲ་བའི་བར་ནས་སྤང་རི་ཐམས་ཅད་མེ་ཏོག་སྣ་ཚོགས་བཞད་པའི་གཟུགས་མཛེས་ཀྱི་སྒེག་ཉམས་ཁྲོད་ནས་སྟག་ལྤག་གིས་རྒྱན་གོས་སྤྲས་པའི་རྐང་དྲུག་གཞོན་ནུ་རྣམས་སྙན་འགྱུར་སྟོང་གི་རོལ་མོ་དཀྲོལ་ནས་གེ་སར་གྱི་ཚེམས་ཕྲེང་སྟར་བ་ལ་དགའ་བའི་མཆུ་སྦྱོར་དང་འཕུར་ལྡིང་གཡོ་བས་ངོ་མཚར་སྟོང་གིས་སྒྱུ་རྩལ་ལས་སྤྲོས་པའི་ཟློས་གར་གྱི་དཔལ་ལ་རོལ་པ།   སྔོ་ལྗང་ཡལ་འདབ་ཀྱི་ན་བཟའ་གསོལ་བའི་ལྗོན་བཟང་ནགས་ཀླུང་སྟུག་པོའི་རྒྱ་མཚོ་འཁྱིལ་བ་ལ་འབྲས་བཟང་གི་ཁུར་གྱིས་དུད་པའི་ཡ་གའི་རྩེར་སྤྲ་དང་སྤྲེའུས་ཡང་རྩལ་འགྲན་པ་དང་།  གཅན་གཟན་སྣ་ཚོགས་ཀྱི་སྡེར་མོ་ས་ལ་བགྲད་ནས་གནམ་སའི་མཐོང་ཕྱེ་བའི་དྲག་ཤུལ་གྱི་ངར་སྒྲ་འབྱིན་པ་སོགས་ལྟ་བས་ཆོག་མི་ཤེས་པའི་རང་བྱུང་ཁོར་ཡུག་མཛེས་སྡུག་གིས་ཡིད་དབང་ཅིག་ཆར་དུ་འཕྲོག་པ་བྱེད་པ།   མཐོ་གསུམ་ཉི་ཟླའི་མཁའ་ལ་བསྙེགས་པའི་གངས་དཀར་ལྷུན་པོའི་སྤོ་ནས་ཕྱོགས་མཚམས་མེད་པར་བཞུར་བའི་གངས་ཞུན་གྱི་ཐིགས་པ་དག།      ལྷུང་ལྷུངས་དལ་གྱིས་འབབ་པའི་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་ཆུ་ཕྲན་རྣམས་མ་བགྲོས་གཅིག་ཏུ་འདུས་པའི་འབབ་རྒྱུན་འཆི་མེད་ལྷའི་བདུད་རྩིའི་བྲན་པའི་རང་བྱུང་མཐོ་སྒང་གི་སྐྱེ་ཁམས་སྨན་གྱི་རྩི་བཅུད་ཀྱི་དྲི་བཟང་དང་སྡེབ་ནས་ཕྱོགས་མཚམས་ཐམས་ཅད་དུ་བཞུར་ཞིང་སྲོགས་ཆགས་རྣམས་ཀྱི་གཟུགས་ཁམས་ཀྱི་ཕྲ་ཕུང་ལ་གསོན་ཤུགས་བརྟས་པའི་སྟོང་གྲོགས་བྱེད་པ།         གངས་རི་དེའི་ཕྱོགས་བཞིར་རང་བྱུང་བྲག་རིའི་ཁམས་ལས་གྲུབ་པའི་རྟ་མཆོག་དང་རྨ་བྱ་སེང་གེ་གླང་ཆེན་སྟེ་སྲོག་ཆགས་རིགས་བཞིའི་ཞལ་སྐྱིན་གྱི་སྨྲ་སྒོ་ནས་དྲག་ཞུན་སྤེལ་མའི་རླབས་ཕྲེང་འཐོར་བའི་འབབ་རྒྱུན་དང་འགྲོགས་པའི་གངྒ་དང་།  པཀྴུ།  སིངྔྷུ།  སི་ཏ་སྟེ་དལ་འགྲོ་གཙང་ཆབ་སྔོན་མོའི་རིན་ཆེན་སྣ་ཚོགས་ཀྱི་བྱེ་མ་སོ་སོའི་ཉེ་འཁོར་གྱི་ཕྱོགས་སུ་འདྲེན་པ། གནམ་སྔོན་ཐང་དུ་འཁྱིལ་བའི་ཟླ་ལས་མཐོན་མཐིང་འོད་དུ་འཚེར་བའི་དྭངས་གཙང་བེེཌུརྱའི་མེ་ལོང་གི་ངོས་ལྟར་སྙོམས་པའི་གྲགས་པའི་མཚོ་ཆེན་བཞི་དང་།   མ་བཅོས་རང་བཞིན་ལྷུན་གྱིས་གྲུབ་པའི་རང་བྱུང་ཁམས་འདིས་ཆེད་དུ་བསྟབས་པའི་འདོད་ཡོན་སྣ་ཚོགས་སྤྲིན་ལྟར་གཏིབ་པའི་མཚོ་དང་མཚེའུ།  རྫིང་བུ་དང་ཏིང་ཀ་ཆུ་མིག་སོགས་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་བསྐོར་བའི་ཁོར་ཡུག་གཅིག་ཏུ་ཟླུམ་པའོ།།  

 གསུམ་པ། ནང་བསྟན་ཆོས་ལུགས་སློབ་གསོའི་ཕྱི་སྣོད་འཇིག་རྟེན་གྱི་ཁོར་ཡུག་ལ་རིན་ཐང་ལྟ་བའི་སྐོར།

དེའང་ཕྱི་སྣོད་འཇིག་རྟེན་ཞེས་པ་དེ་དེང་དུས་གནམ་སའི་གོ་ལའི་ཁོར་ཡུག་འདི་ལ་ངོས་འཛིན་བྱས་ནས་བརྗོད་པ་ཞིག་ཡིན་ལ།   གནའ་བོའི་ཡིག་ཆ་དག་ཏུ་རི་རབ་གླིང་བཞི་ཉི་ཟླ་ལྷ་གནས་དང་བཅས་པ་ལ་ཕྱི་སྣོད་འཇིག་རྟེན་ཞེས་བརྗོད་ལ།  ནང་བཅུད་སེམས་ཅན་ནི་རིགས་དྲུག་གིས་འགྲོ་བའི་ཁམས་དབང་བསམ་པ་བག་ལ་ཉལ་སོགས་སེམས་ཁམས་ཀྱིས་བསྡུས་པ་ལ་ངོས་འཛིན་པ་བྱས་ཡོད་པ་དེ་ཡིན། གང་ལྟར་ཡང་སྤྱིའི་ཆ་ནས་ཆགས་འཇིག་བྱེད་པའི་སྣོད་བཅུད་རྟེན་བརྟེན་པའི་ཚུལ་དུ་གནས་པ་འདི་ལ་ཕྱི་ནང་གི་ཁོར་ཡུག་ཞེས་ཀླགས་ན་མ་འགྲིག་པ་མེད་པ་ཡིན།  འཛུགས་སྐྲུན་ཞེས་པ་དེའང་ད་ལྟའི་མིག་སྔར་ཕྱི་ནང་སྣོད་བཅུད་ཐམས་ཅད་སྤྱི་མཐུན་གྱི་སྣང་ཚུལ་ཇི་ལྟར་གནས་པ་དེ་གཞིར་བཞག་གི་ཐོག་ནས་སྔོན་མེད་གསར་དུ་འཛུགས་ཤིང་མཛེས་སྡུག་ཡིད་དུ་འོང་བར་ཞིག་སྐྲུན་པར་བྱ་རྒྱུ་དེ་ཡིན།   དེའང་ནང་བསྟན་ཆོས་ལུགས་ཀྱི་ངོས་ནས་ཕྱི་སྣོད་འཇིག་རྟེན་གྱི་ཁམས་འདི་ལ་ཇི་ལྟར་ལྟ་བའི་ཚུལ་ནི།  དེ་ཡང་གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་ནས་ལྟ་བའི་ས་མཚམས་མི་འདྲ་བ་གསུམ་ཙམ་བཞག་ཆོག་པ་ཡིན་ལ།   དེ་ལ་དང་པོ་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐས་བློ་མ་བསྒྱུར་བའི་སོ་སྐྱེས་གང་ཟག་དབང་པོ་ཐ་མའི་རིགས་ཀྱིས་ཕྱི་སྣོད་གོ་ལའི་འཇིག་རྟེན་གྱི་ཁམས་འདིར་གདོད་མ་ནས་ཕ་མེས་ཀྱི་ལུགས་སྲོལ་རྒྱུད་འཛིན་བྱས་པའི་ལོ་རྒྱུས་ལ་བརྟེན།  རི་ཐམས་ཅད་ཡུལ་ལྷ་དང་གཞི་བདག་གི་ལྟ་བ་འཛིན་ནས་དེ་དག་ལ་བཀུར་བའི་ཐབས་སུ།      སྟག་སེང་ཁྱུང་འབྲུག་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་སོགས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་རླུང་རྟ་དང་དར་ཅོག   མདའ་དར་དང་བལ་མཚོན་སྣ་ལྔ་སོགས་ཀྱིས་བྲེས་ཏེ་ལ་བཙས་ཀྱི་སྟེང་དུ་བཙུགས་ནས་གསོས་པ་ན།  ཡུལ་ལྷ་གཞི་བདག་རྣམས་མཉེས་ནས་གཞིས་བྱེས་གཉིས་ཀྱི་ཕྱོགས་ཐམས་ཅད་དགེ་ཞིང་ཤིས་པའི་སྟོང་གྲོགས་ཀྱི་ལས་བྱེད་པར་འགྱུར་བ་དང་།   ཡུལ་ལྷ་གཞི་བདག་དེ་དག་ལ་བཟའ་བ་དམ་རྫས་རྒྱན་ལྡན་གྱི་གཏོར་མ་དང་།  བཏུང་བ་སྐྱེམས་ཀྱི་ཞོ་དང་འོ་མ་ཆང་སོགས་དཀར་གསུམ་གྱི་ཕུད་དང་།  བཅའ་བ་ལ་ཕུད་སོགས་ཀྱི་རྩ་བ་དང་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་སོགས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་གྱིས་རླབས་ནས་མཆོད་པས་མཉེས་པར་བྱས་པ་ཡིན་ལ།  གལ་སྲིད་དེ་ལས་ལྡོག་སྟེ་རི་གཉེན་བརྐོ་བ་དང་།  ཤིང་གཉེན་གཅོད་པ།  རྩྭ་གཉན་འབྲེད་པ།  ཡུལ་ལྷ་དང་གཞི་བདག་གནས་པའི་སར་མནོལ་བའི་རྫས་ངན་དང་།  མི་གཙང་བའི་རིགས་འདོར་བ་དང་།  ཁ་དོག་མི་འདྲ་བའི་འོད་མདངས་མངོན་པར་སོགས་བྱས་ན་ཡུལ་ལྷ་གཞི་བདག་རྣམས་ཕྲག་དོག་གི་འཁྲུགས་ནས་ཡུལ་ཕྱོགས་དེའི་མི་ནོར་འཁོར་བཅས་ལ་གནོད་པའི་ལས་སེམས་ཅན་གྱི་སྲོག་ལ་རྒོལ་བའི་ཐོག་སེར་འབེབས་པ་དང་ལོ་ཏོག་འཇོམས་པ།  ཡུལ་ཕྱོགས་དེ་ལ་ས་གཡོ་བ་དང་ཆུ་འབྲུལ་བ་མེ་འབར་བ་རླུང་གིས་གཏོར་བ་སོགས་འབྱུང་བཞིས་མི་འདོད་པའི་དུ༔ཁ་སྣ་ཚོགས་འབྱུང་བ་བྱེད་ཅིང་། ཤ་འོད་དང་སྐྱིན་ཐང་ཆུ་འཁྱག་གི་གནོད་ཤུགས་རྒྱུན་མི་ཆད་པར་ཐེབས་པ་སོགས་མི་འདོད་པའི་ལས་ཀྱི་འབྲས་བུ་འབྱིན་པར་བཞེད་ལ།  དེ་དག་ལ་བསམ་ནས་རིའི་ཁོར་ཡུག་ལ་གནོད་པའི་ས་བརྐོ་རྡོ་སློག་དང་།  རྩྭ་འབྲེད་ཤིང་གཅོད་སོགས་མི་བྱ་བའི་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁོར་ཡུག་ལ་གནོད་པ་ཐེབས་པའི་གད་སྙིགས་མི་འདོར་བ་དང་།  ཁོར་ཡུག་གཅེས་སྤྲས་དང་གཙང་སེལ་བྱེད་པར་དོ་སྣང་དང་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན་ལ།   དེ་བཞིན་དུ་ཆུ་ལྟ་བུ་གཅིག་ལ་དཔེ་མཚོན་ན།    ཀླུ་གནས་སའི་ཡུལ་གཙོ་བོ་དེ་ཆུ་མིག་དང་ཆུ་འགོ་རྒྱ་མཚོ་ནེའུ་གསིང་ལྗོན་ཤིང་ཆེན་མོ་སོགས་ལ་གནས་ཡོད་པར་བཤད་ལ།  [ གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཆུ་གཏོར་སྡེ་དགེའི་པར་གཞི་སྡེབ་ཐུབ་མའི་ཤོག་ངོས་༡༢་པའི་ཉིན་ངོས་ལས་དྲངས།]དེ་ཡང་ས་སྐྱའི་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཆུ་གཏོར་ལས།  རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། །ཚི་ལི་ཚི་ལི་ཆེན་པོ་སོགས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་གསུངས་ལྟར།  དེ་དག་གི་གནས་སུ་མི་གཙང་བའི་རིགས་གཞོབ་སྲེག་དང་གད་སྙིགས་སོགས་མི་འདོར་བ་དང་།        ཀླུ་ཐེབས་ཀྱི་གཟའ་སྐར་འཕྲོད་སྦྱོར་དང་བསྟུན་ནས་ཀླུ་སྨན་དང་ཀླུ་བསང་ཀླུ་གཏོར་ཀླུ་མཆོད་སོགས་བྱེད་དགོས་པ་ཡིན་ལ།  ཀླུ་གནས་གཙོ་བོ་ཆུ་ཡིན་པ་དང་།  ཡུལ་ལྷ་དང་གཞི་བདག་སོགས་ལ་བསང་དང་གསེར་སྐྱེམས་ཀྱི་མཆོད་པ་འབུལ་ཚེ་དྭངས་ཞིང་གཙང་མའི་ཆབ་ཀྱིས་བྲན་ནས་མི་གཙང་བ་མནོལ་བས་སྦགས་པའི་གྲིབ་དང་དྲི་མ་རྣམས་བསང་ཞིང་སྦྱངས་བ་ཡིན་ལ།   མཆོད་ཡོན་དང་ཞབས་བསིལ་ཞལ་བསིལ་ཐོར་ཐུར་སོགས་ཀྱི་མཆོད་པའི་རྣམ་གྲངས་མང་པོའི་རྫས་སུ་འགྲོ་བར་ཆུའི་རིན་ཐང་ཤེས་པ་དང་།   མདོར་ན་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ཀྱི་ཡིད་དབང་འཕྲོག་པའི་བཏུང་བྱའི་རིགས་ཐམས་ཅད་ཆུ་ལ་མ་ལྟོས་པ་མེད་ལ།  བྱེ་བྲག་ཏུ་སྲོག་ཆགས་ཕལ་མོ་ཆེའི་གནས་བཅས་པའི་ཁང་བཟང་ཡང་ཡིན་ཕྱིར་དེ་ལ་བསྲུང་སྐྱོབ་དང་གཅེས་སྤྲས་ཀྱི་སློབ་གསོའི་ནུས་པ་གང་ལེགས་འདོན་སྤེལ་བྱེད་རྒྱུ་དང་།   མདོར་ན་རང་བྱུང་ཁམས་ཀྱི་སྐྱེ་དངོས་དཔལ་ཡོན་གྱི་རིགས་ཐམས་ཅད་ལ་ལྷ་ཀླུ་གཉན་གསུམ་དགེ་བསྙེན་ཐེའུ་རང་བཙན་དང་རྒྱལ་པོ་འབྱུང་པོའི་རིགས་སོགས་གནས་པའི་བརྟེན་མ་ཡིན་པ་གཅིག་ཀྱང་མེད་པ་ལྟ་བའི་རྐྱེན་གྱིས་ཁོར་ཡུག་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་པའི་དགོས་པ་དང་རྒྱུ་མཚན་མང་པོའི་ཐད་ནས་སློབ་གསོའི་ནུས་པ་འདོན་སྤྲོད་བྱེད་དགོས་པ་ཡིན་ལ།  དེ་ཡང་གནས་ལུགས་དང་རྒྱུ་མཚན་མེད་པའི་བྱུང་རྒྱལ་གྱི་གཏམ་མ་ཡིན་པར།  དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་རྩི་ཤིང་ནགས་ཚལ་སོགས་སྡོང་པོ་གཅིག་གི་ངོས་ལ་བལྟས་ན་སྲོགས་ཆགས་ཕྲ་རགས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་འགོས་ཡོད་པས།  དེ་དག་གི་འཚོ་བར་བསྟེན་པའི་གནས་ལ་ཤིང་གཅོད་པ་དང་རྩྭ་འབྲེད་པའི་ཁོར་ཡུག་ལ་གཏོར་བཤིག་བྱས་ཚེ།  དེ་དང་ལྷན་དུ་སྲོགས་ཆགས་དེ་ཚོའི་ཚེ་སྲོག་འཚོ་བའི་རྟེན་བརླགས་ནས་སྣོད་བཅུད་གཉིས་ཀྱི་ཕྱོགས་འཇོམས་པར་འགྱུར་བའི་ལས་བྱེད་པ་ཡིན།   གཉིས་པ་སློབ་གསོའི་ཁྲོད་ནས་འཚར་ལོངས་བྱུང་བའི་དབང་པོ་འབྲིང་གི་ཁོར་ཡུག་ལ་ལྟ་བའི་རིན་ཐང་ནང་བསྟན་སློབ་གསོའི་ནུས་པ་ཇི་ལྟར་འདོན་སྤེལ་བྱེད་དགོས་ཅེ་ན།  གཞན་གནོད་གཞི་དང་བཅས་པ་སྤོང་ནས་གཞན་ལ་ཕན་པ་གཞི་དང་བཅས་པ་སྒྲུབ་དགོས་པ་ནི་ནང་ཆོས་སློབ་གསོའི་རྩ་བའི་རྩ་དོན་ལྟ་བུ་ཡིན།  ཐེག་པ་གསུམ་ཆར་གྱི་ཉམས་ལེན་སྙིང་པོ་ལྟ་བུར་གྱུར་ཡོད་པ་ནི།  སོ་ཐར་གྱི་ལམ་ལ་ཞུགས་པའི་དམ་ཆོས་འདུལ་བའི་དགོངས་པ་ཉམས་བཞེས་མཛད་པའི་དགེ་ཚུལ་སློང་གི་ལག་ཏུ་བསྟར་བ་ནི་ཕམ་ལྷག་གི་ལྟུང་བ་ཞགས་དང་མི་འགྲོགས་བ་གཙོ་ཆེར་བྱས་ནས་འདུལ་ཁྲིམས་གཞན་རྣམས་ཀྱང་བཏང་སྙོམས་སུ་མི་འཇོག་པ་ཞོར་དུ་བསྲུང་ཐུབ་པར་བྱ་རྒྱུ་ནི་གནད་དམ་པ་ཡིན་ལ།  སྟོན་པ་བཀའ་དྲིན་ཅན་གྱིས་བཅས་པའི་སྡོམ་ཁྲིམས་དེ་དག་གུས་པས་དང་དུ་བླང་ནས་རང་གཞན་གཉིས་ཀྱི་ཕན་བདེའི་ལེགས་ཚོགས་མཐའ་དག་གོང་ནས་གོང་དུ་སྤེལ་བའི་ཐབས་ལམ་ཉག་ཅིག་ཡིན་པར་ཡིད་ཆེས་གཏིང་ནས་སྐྱེ་དགོས་པ་ནི་ཤེས་གསལ་ལྟར་ལགས་པས།  དེར་བརྟེན་རང་བྱུང་ཁམས་ཀྱི་སྐྱེ་དངོས་རྩྭ་ཡི་སྡོང་བུ་ལྟ་བུ་གཅིག་གཅོད་ན་ཡང་བདེ་བ་གཤེགས་པས་སྐྱེ་ཁམས་ཁོར་ཡུག་ལ་གནོད་ཚེ་ཐེབས་པའི་རྒྱུ་ཉིད་དུ་དགོངས་ནས་སྐྱེ་བ་གཅོད་མི་རུང་བར་གསུངས་ཏེ། [ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་མཁན་ཀུན་བཟང་དཔལ་ལྡན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་བདུད་རྩིའི་ཐིགས་པའི་རྩ་བའི་ཤོག་སྡེབ་ཉི་ཤུ་པའི་སྲིབ་ངོས་ནས་དྲངས།] དེ་ཡང་སྤྱོད་འཇུག་ལས་།  དོན་མེད་ས་རྐོ་རྩ་གཅོད་དང་། །ས་རིས་འབྲི་སོགས་བྱེད་འགྱུར་ན། །བདེ་གཤེགས་བསླབ་པ་དྲན་བྱས་ནས། །སྐྲག་པས་དེ་ཡི་མོད་ལ་འདོར།།ཞེས་གསུངས་པའི་དགེ་ཚུལ་སློང་ལ་བཅས་པའི་སོ་སོ་ཐར་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ཡིན་ལ།  བྱང་སེམས་ཀྱིས་སྐྱེ་བ་གཅོད་པ་ལ་དེ་ལྟར་མི་འགྱུར་རོ་སྙམ་ན།  ཀུན་སློང་གཞན་དོན་མ་ཡིན་པའི་ལས་གང་ཞིག    རང་འདོད་ཡིད་བྱེད་ཀྱི་སྒོ་ནས་བསམ་པ་དང་སྦྱོར་བའི་ལས་སུ་གྱུར་པ་ཐམས་ཅད་བྱང་སེམས་ཀྱི་བསླབ་བྱ་དང་འགལ་བ་ཡིན་ལ། [ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་སྡེ་དགེའི་བསྟན་འགྱུར་པར་གཞི་སྡེབ་གཉིས་པའི་སྲིབ་ངོས་ཐིག་ཕྲེང་ལྔ་པ་ལས་དྲངས།]  དེ་ཡང་མངོན་རྟོགས་རྒྱན་ལས།  སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་རོ། ། དེ་ལྟར་ཐེག་པ་གསུམ་གྱི་ལམ་ལ་འཇུག་ལྡོག་བྱེད་པའི་གང་ཟག་རྣམས་ཀྱིས་ཕྱི་སྣོད་འཇིག་རྟེན་གྱི་སྐྱེ་དངོས་ཐམས་ཅད་ཚེ་སྲོག་གི་འཚོ་བའི་ལམ་ནས་བྱུང་བའི་ལྟ་བ་དང་འབྲེལ་དེ་དག་ལ་གཅེས་སྤྲས་དང་བསྲུང་སྐྱོབ་བྱེད་པ་ནི་ཐེག་པ་གསུམ་གྱི་ལམ་ཞུགས་ཀྱི་གང་ཟག་ཞིག་ལ་ཆ་མཚོན་ན་ཕྲག་ཏུ་བབ་པའི་འོས་འགན་ཞིག་ཡིན་ནོ།།   

གསུམ་པ། ནང་བསྟན་ཆོས་ལུགས་སློབ་གསོའི་ནང་བཅུད་སེམས་ཅན་གྱི་ཁོར་ཡུག་ལ་རིན་ཐང་ལྟ་བའི་སྐོར།

དེ་ཡང་ལས་དང་སྨོན་ལམ་གྱི་དབང་གིས་ཕྱིའི་ཁོར་ཡུག་དང་བརྟེན་དང་རྟེན་པའི་ཚུལ་གྱིས་གྲུབ་པའི་སེམས་ཅན་གྱི་རིགས་གྲངས་ལས་འདས་པ་ཞིག་གི་ཁོར་ཡུག་གྲུབ་ཚུལ་ལ་ལྟས་ན།  རྒྱུ་རྐྱེན་རྟེན་འབྲེལ་ལས་གྲུབ་པའི་གདོས་བཅས་ཤ་ཁྲག་གི་ལུས་ལ་རང་རང་གི་སེམས་ཁམས་དང་འཕྲོད་པའི་ཚོར་བས་ཕན་དུ་རེ་བའི་བདེ་བས་ཚེ་སྲོག་གི་མཐུན་རྐྱེན་སྒྲུབ་པའི་ཆེད་དུ་རང་བྱུང་ཁམས་ཀྱི་འཐབ་རའི་ནང་འགྲན་ཞུགས་བྱས་པ་ཞིག་སྟེ།  [ ]དེ་ཡང་དགེ་འདུན་ཆོས་འཕེལ་གྱིས།  གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག །ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག །མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། །གཅིག་ལས་གཅིག་འགྱོགས་བདེ་བའི་ཕྱོགས་སུ་རྒྱུ།  ཞེས་གསུངས་པ་ལྟར།  བདེ་བའི་ཆེད་མ་གཏོགས་སྡུག་བསྔལ་དོན་དུ་གཉེར་བར་བྱེད་པའི་སེམས་ཅན་ཞིག་བསྐལ་པའི་བར་དུ་བཙལ་ཡང་རྙེད་པ་མི་འགྱུར་ལ།  དེ་ཡང་ཐོག་མར་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་སློབ་གསོའི་རང་གི་ཤེས་རྒྱུད་ཀྱི་ཁོར་ཡུག་ལ་གཙང་སེལ་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ།  རང་གི་འདོད་པ་ལྟར་སྲོག་ཆགས་དང་སེམས་ཅན་གཞན་གྱིས་ལུས་སེམས་ཀྱི་བདེ་སྡུག་ལ་ཞིབ་དཔྱོད་བྱས་ཏེ་བྱམས་པ་དང་སྙིང་རྗེ་མི་འདོར་བ་ནི་རྒྱལ་བ་སྲས་བཅས་དགྱེས་པའི་ཐབས་དམ་པ་ལགས་སོ།།   དེ་ཡང་ས་གནས་སོ་སོའི་རང་སའི་ཉེ་འཁོར་ན་ཡོད་པའི་མཚོ་དང་མཚེའུ་གཙང་པོ་ཆུ་ཕྲན་དག་ཏུ་ཆུ་གནས་སྲོག་ཆགས་ཀྱི་རིགས་དང་། གངས་རི་དང་ནགས་རི་སྤང་རི་རྫ་རི་སོགས་སུ་གནས་བཅས་པའི་རི་དྭགས་ཀྱི་རིགས་དང་གནམ་སའི་བར་ཐག་ཏུ་འཚོ་གནས་བྱས་པའི་འདབ་ཆགས་ཀྱི་རིགས་དང་།  ནགས་ཀླུང་གི་ཁྲོད་དང་རྫ་བྲག་སྒང་གཤང་སོགས་སུ་འཚོ་བའི་གོམ་ཁ་གཤིབ་པའི་གཅན་གཟན་གྱི་རིགས་དང་།  མདོར་ན་རྟ་ནོར་ར་ལུགས་དང་ཕག་པ་སོགས་སྒོ་ཕྱུགས་ཀྱི་རིགས་དང་།  རི་ལུང་ཐང་གསུམ་དང་ས་འོག་ས་སྟེང་ས་བླ་སོགས་རང་བྱུང་ཁམས་ཆེན་པོའི་སྣོད་དུ་ཆུད་ཅིང་ཚེ་སྲོག་གི་འཚོ་གནས་བྱས་པའི་སྲོག་ཆགས་གྲོག་སྤུར་ཡན་ཆད།  ད་ལྟའི་རང་རེ་འགྲོ་བ་མི་དང་འདྲ་བའི་ཕན་གནོད་དང་བདེ་སྡུག་གིས་ཚོར་བས་བསྡུས་པའི་ཚེ་སྲོག་གི་རིན་ཐང་ལྡན་པའི་ཤ་ཁྲག་གི་ལུས་རེ་དང་།  དེ་ལ་རྟེན་པའི་དྲན་འཛིན་གྱི་རྟོག་པའི་རྣམ་ཤེས་རེའི་འཚོ་གནས་བྱས་ཡོད་པས།  ང་རང་ཚོའི་ཚེ་སྲོག་ལ་གཅེས་སྤྲས་དང་རིན་ཐང་ཇི་ཙམ་ཆེ་ན།  གཞན་སྲོག་ཆགས་ཕྲ་མོ་རྣམས་ཀྱིས་ལུས་དང་སྲོག་ལ་ཡང་འདྲ་འདྲ་ཁྱོད་ཀྱི་དེ་ཙམ་ལས་མ་ལྷག་ནའང་མི་དམན་པའི་རིན་ཐང་དེ་ཙམ་ལྡན་པའི་ལྟ་བ་རེ་འཛིན་བཞིན་ཡོད་པར་སྨོས་ཅི་དགོས།  ། དེས་ན་དམན་པའི་སེམས་ཅན་དེ་དག་ལ་གཅེས་སྐྱོང་དང་སྲུང་སྐྱོབ་མི་བྱེད་པར་ཤ་ལྤགས་སྤུ་སོགས་དང་རྭ་དང་རུས་པ་རྩི་སོགས་ཀྱི་ཆེད་དུ་ཚོང་ལས་ཀྱི་ཁེ་སྤོགས་གཉེར་བ་དང་། འཚོ་བའི་གྲོགས་སུ་འདོད་རྔམས་ཆེན་པོའི་སྲོག་འཕྲོག་པར་བྱས་ན་ཚེ་འདིར་འཇིག་རྟེན་པའི་ལུགས་ལྟར་ན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་རྣམ་གྲངས་ཀྱི་རིན་ཐང་ལྟར་ཁྲིམས་ལུགས་དང་འགལ་བའི་ཉེས་ཆད་ལུས་སྲོག་གིས་འཇལ་དགོས་པ་དང་།  ཆོས་ཁྲིམས་ལྟར་ན་འདོད་ཆགས་ཀྱི་ཀུན་ནས་སློང་བའི་སྲོག་གཅོད་ཀྱི་ཉེས་དམིགས་རྣམ་སྨིན་གྱི་ལས་བསྐལ་པའི་མཐར་ཡང་ངན་སོང་གི་གནས་སུ་སྡུག་བསྔལ་མུ་མཐའ་མེད་པ་མྱོང་དགོས་པ་ནི།  [ སྡེ་དགེའི་བཀའ་འགྱུར་མདོ་སྡེ་ས་པོད་འཕགས་པ་དགའ་བ་ཅན་གྱི་མདོའི་ཤོག་ངོས་ཉིས་བརྒྱ་དྲུག་ཅུ་རེ་བརྒྱད་པའི་སྲིབ་ངོས་ཐིག་ཕྲེང་ལྔ་པ་ལས་དྲངས།]དེ་ཡང་འཕགས་པ་དགའ་བ་ཅན་གྱི་མདོ་ལས་འདི་ལྟར་གསུངས་ཏེ།  བཅོམ་ལྡན་འདས་ཀྱིས་དགའ་བ་ཅན་ སྲོག་གཅོད་པའི་ཉེས་དམིགས་བཅུ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། བཅུ་པོ་དག་གང་ཞེ་ན། འདི་ལྟ་སྟེ། ཚེ་འདི་ལ་འཁོན་སྐྱེད་པ་དང་། སྐྱེ་བ་གཞན་རྣམས་སུ་ཡང་འཁོན་དང་རྗེས་སུ་འབྲེལ་པར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གིས་ཡིད་མི་བརྟན་པར་འགྱུར་བ་དང་། སྡིག་པའི་རྨི་ལམ་མཐོང་བ་དང་། བདག་ཀྱང་འཇིགས་པ་སྐྱེ་ཞིང་སེམས་ཅན་རྣམས་ཀྱང་དེ་ལ་འཇིགས་པ་སྐྱེ་བ་དང་། བདེ་བར་ཉལ་ཡང་སྡུག་བསྔལ་བར་སད་པ་དང་། སྡིག་པ་རྣམ་པར་སེམས་པ་དང་། རྨོངས་པ་དང་བཅས་པར་འཆི་བའི་དུས་བྱེད་པའི་ཚེ་ཐུང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་ནས་ཀྱང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཚེ་ཐུང་བར་འགྱུར་ཞིང་ནད་མང་བར་ཡང་འགྱུར་ཏེ། དགའ་བ་ཅན་སྲོག་གཅོད་པའི་ཉེས་དམིགས་བཅུ་པོ་དེ་དག་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་དང་། [ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་སྡེ་དགེའི་བསྟན་འགྱུར་པར་གཞི་གེ་པོད་ཤོག་སྡེབ་བརྒྱ་དང་བདུན་པའི་སྲིབ་ངོས་ཐིག་ཕྲེང་བཞི་པ་ལས་དྲངས།]དེ་ཡང་རིན་ཆེན་ཕྲེང་བ་ལས།  ཀུན་གྱི་དང་པོ་ངན་འགྲོ་འགྲོ། །ཞེས་པ་ལྟར།     མི་དགེ་བཅུའི་དང་པོ་དེ་སྲོག་གཅོད་པའི་ལས་ཀྱི་རྣམ་པར་སྨིན་པས་ངན་འགྲོ་སྟེ་ངན་སོང་གི་གནས་སུ་སྐྱེ་བ་ནི།  ཞེ་སྡང་གིས་ཀུན་ནས་སློང་སྟེ་སྲོག་གཅོད་ན་ངན་འགྲོ་དམྱལ་བའི་གནས་སུ་སྐྱེ་བས་ཉེས་པ་ཆེས་ཆེ་བར་ཉིད་དུ་བཞེད་དོ།       འདོད་ཆགས་ཀྱིས་ཀུན་ནས་སློང་སྟེ་སྲོག་གཅོད་པས་རྣམ་སྨིན་གྱི་ལས་ཡི་དྭགས་ཀྱི་གནས་སུ་སྐྱེ་བ་དང་། གཏི་མུག་གིས་ཀུན་སློང་གི་སྒོ་ནས་སེམས་ཅན་གཞན་གྱིས་སྲོག་གཅོད་ན་དུད་འགྲོའི་གནས་སུ་སྐྱེ་བར་གསུང་སྟེ།  ཡང་དེ་ཉིད་ལས། [ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་སྡེ་དགེའི་བསྟན་འགྱུར་པར་གཞི་གེ་པོད་ཤོག་སྡེབ་བརྒྱ་དང་བདུན་པའི་སྲིབ་ངོས་ཐིག་ཕྲེང་ལྔ་པ་ལས་དྲངས།

 ]ཞེ་སྡང་གིས་ནི་དམྱལ་བར་སྐྱེ།  །ཆགས་པས་ཡི་དྭགས་གནས་སུ་སྐྱེ།།རྨོངས་པས་ཕལ་ཆེར་དུད་འགྲོར་འགྲོ།།ཞེས་སོ།།  མི་ལས་གཞན་དུ་གྱུར་པའི་སྲོག་ཆགས་ཀྱི་རིགས་དེ་དག་ཀྱང་བདག་པོའི་ཡོངས་སུ་མ་བཟུང་བའི་སེམས་ཅན་ཀྱི་རིགས་ཤིག་ཡིན་ནོ་སྙམ་དུ་མི་སེམས་པ།   གོང་དུ་ཞུས་པ་ལྟར་དམངས་ཁྲོད་ཀྱི་ངག་རྒྱུན་དང་མཐུན་པའི་ལོ་གཏོ་དང་བསང་ཡིག་རྣམས་ཀྱི་བཅའ་ཆོག་གཏོར་པར་དུ་རི་སྐྱེས་སྲོག་ཆགས་ཤྭ་རྣ་བགོ་གསུམ་དང་སྟག་གཟིག་དམ་དྲེད་སོགས་གཟུགས་འགྲོས་ཀྱི་རྣམ་པ་ཡུལ་ལྷ་གཞི་བདག་དགའ་མགུ་རངས་བའི་ཐབས་སུ་སྒོ་ཕྱུགས་དང་སྒོ་ཁྱི་སོགས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་གྱིས་རླངས་ནས་མཆོད་འབུལ་བྱེད་པའི་སྲོལ་རྒྱུན་དེང་སང་གི་བར་དུ་ཡོད་པ་དང་།   དེ་བཞིན་དུ་ཆུ་གནས་ཀྱི་སྲོག་ཆགས་རྣམས་ཀྱང་ཀླུ་ཆེན་བརྒྱད་ཀྱི་གཙོ་བོར་བྱས་པའི་ཀླུའི་རིགས་ལ་རང་རང་གི་ལས་སྐལ་དང་མཚམས་པའི་ཡིད་ལ་འདོད་པ་འཇོ་བའི་རེ་བ་རྫོགས་པར་བྱེད་པའི་སླད་དུ་ཀླུ་གཏོར་དང་དཀར་གསུམ་གྱི་ཟན་རིལ་དང་མངར་གསུམ་གྱི་བདུད་རྩིར་སོགས་འབུལ་བ་ནི། [ ཇོ་བོ་རྗེས་མཛད་པའི་ཀླུ་མཆོད་སྡེ་དགེའི་བསྟན་འགྱུར་པར་གཞི་ཚུ་པོད་གྱི་ཤོག་སྡེབ་ཉིས་བརྒྱ་ཉེ་གཉིས་པའི་སྲིབ་ངོས་ཐིག་ཕྲེང་བཞི་པ་ལས་དྲངས།] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཀླུ་མཆོད་ལས།   དཀར་གསུམ་མངར་གསུམ་བདུད་རྩིར་བཅས། །དམ་ཚིག་ཡེ་ཤེས་ཀླུ་རྣམས་མཆོད། །ཅེས་ཀླུ་རྣམས་དགའ་མགུ་སྐྱེད་པའི་ངོ་བོ་བཟང་ཞིང་གཙང་མའི་ཉེ་སྤྱོད་འདོད་ཡོན་རྣམ་ལྔ་དང་དཀར་གཏོར་རིན་ཆེན་ཕྱེ་མས་སྤུངས་པ་དང་།  དཀར་གསུམ་གྱི་ཟན་རིལ་དང་མངར་གསུམ་གྱི་བདུད་རྩིར་བཅས་ཀླུ་ཆེན་བརྒྱད་ཀྱི་མཚན་ནས་བོས་པ་ནི། [ ཇོ་བོ་རྗེས་མཛད་པའི་ཀླུ་མཆོད་སྡེ་དགེའི་བསྟན་འགྱུར་པར་གཞི་ཚུ་པོད་གྱི་ཤོག་སྡེབ་ཉིས་བརྒྱ་ཉེ་གཉིས་པའི་ཉིན་ངོས་ཐིག་ཕྲེང་དང་པོ་ལས་དྲངས།

] ཡང་དེ་ཉིད་ལས། མཐའ་ཡས་དང་ནི་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་དང་ནི་དུང་སྐྱོང་དང་། །པདྨ་དང་ནི་ཆུ་ལྷ་དང་། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་དང་ནི་རྒྱ་མཚོ་ཆེ། །དཔལ་གྱི་འོད་དང་འོད་པོ་ཆེ།།གཟུགས་ཆེན་སྦྲུལ་བཟང་སྟོབས་པོ་ཆེ། །ཀླུ་ཆེན་བརྒྱད་པོ་འཁོར་དངབཅས། ། འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས།  ། མཛེས་པའི་དཀར་གསུམ་གཏོར་མ་འདི།  །མངར་གསུམ་འོ་མའི་རྒྱ་མཚོ་བཅས། །རིན་ཆེན་ཕྲེང་བའི་ཐེམས་སྐས་ཅན། །ཀླུ་ཡི་གནོད་པ་སྐྱོབ་བྱེད་པ། །མཐུན་པའི་རྫས་སུ་འདི་གྱུར་ཅིག།  ཅེས་གོང་གི་ལུང་དོན་ལྟར་དམ་ཚིག་ཡེ་ཤེས་ཀླུ་རྣམས་མཆོད། ཅེས་པའི་དོན་ནི་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་ཡེ་ཤེས་པ་འགུག་བཞུགས་བསྟིམ་གསུམ་སོགས་ལྷའི་ང་རྒྱལ་གྱི་སྒོ་ནས་མཆོད་རྫས་རྣམས་འདོད་ཡོན་གྱི་རྒྱ་མཚོ་ཆེན་པོ་བྱིན་གྱིས་བརླབས་ནས་ཀླུ་ཆེན་བརྒྱད་ཀྱི་གཙོ་བོར་བྱས་པའི་ཀླུ་ཡི་རིགས་ཐམས་ཅད་ལ་འདོད་ཡོན་གྱི་མཆོད་གཏོར་ཟད་མི་ཤེས་པ་མཆོད་པ་འབུལ་བའི་དོན་ཡིན་ལ། དེ་ལྟ་བུའི་ཀླུ་མཆོད་པའི་དགོས་པ་ཡང་འགྲོ་བའི་རིས་ཕན་ཚུན་གོ་ལའི་ཁོར་ཡུག་ཏུ་མཉམ་གནས་ཐུབ་པའི་ཆེད་དུ་ནང་ཆོས་ཀྱི་སློབ་གསོའི་མིའི་འགྲོ་བ་དང་སེམས་ཅན་གཞན་བར་ཕན་ཚུན་མཛའ་གྲོགས་སུ་འགྲོ་བའི་ནུས་པ་འདོན་སྤེལ་བྱས་ཡོད་པ་མ་ཟད་གཅིག་ཕན་གཅིག་སྒྲུབ་ཏུ་འགྲོ་བའི་ལྟ་བ་ཟབ་མོ་སྟོན་ཡོད།   དེ་ལྟ་བུའི་གཞན་ཕན་གྱི་ལྷག་བསམ་ཞིག་གང་ཟག་གང་གི་

རྒྱུད་ལ་ཡོད་ཕྱིན་ཆད་དེ་ལ་ཕྱི་ནང་གི་འགལ་རྐྱེན་ཉེར་འཚེའི་དབེན་ཞིང་ཞི་བ་དང་།  མཐུན་རྐྱེན་གེག་མེད་ལྷུན་གྱིས་འགྲུབ་པའི་རྒྱུ་འགྱུར་བ་ཡིན། [ གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་སྡེ་བརྒྱད་གསེར་སྐྱེམས་ལས་དྲངས།] དེ་ཡང་སྡེ་བརྒྱད་གསེར་སྐྱེམས་ལས།  ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །ཀླུ་ཡི་དབང་པོ་དགའ་བོ་དང་། །ལྷ་མིན་དབང་པོ་ཐག་བཟང་རིས། །མི་འམ་ཅི་ལྗོན་རྟ་མགོ་ཅན། །གནོད་སྦྱིན་གང་བ་བཟང་པོ་དང་། །མཁའ་ལྡིང་གསེར་མིག་འཁྱིལ་པ་དང་། །ཆོས་སྐྱོང་མ་ཧཱ་ཀ་ལ་དང་། །དྲི་ཟ་ཟུར་ཕུད་ལྔ་པ་སོགས། །ཕྱི་ཡི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། ། བདག་གི་འདོད་དོན་སྒྲུབ་ཏུ་གསོལ།  ཞེས་པ་ལྟར།  ལྷ་ཀླུ་གནོད་སྦྱིན་སོགས་ཕྱི་ནང་གསང་གསུམ་གྱི་སྡེ་བརྒྱད་ལ་མཆོད་གཏོར་དང་གསེར་སྐྱེམས་ཕུལ་བས།   ཚེ་རིང་ཞིང་ནད་མེད་པ་དང་འདོད་དོན་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པའི་རྒྱུ་འགྱུར་བ་ཡིན་ཏེ།   [ རྒྱུད་འབུམ་སྡེ་དགེའི་པར་གཞི་ཅ་པོད་ཤོག་སྡེབ་ཞེ་གསུམ་པ་ལས་རྗེ་བཙུན་མ་སྒྲོལ་མ་ཉེར་གཅིག་བསྟོད་པའི་ཕན་ཡོན་ལས་དྲངས།]དེ་ཡང་སྒྲོལ་བསྟོད་ཕྱག་འཚལ་ཉེར་གཅིག་གི་ཕན་ཡོན་བསྟན་པ་ལྟར།  བུ་འདོད་པས་ནི་བུ་ཐོབ་གྱུར་ལ། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ། ། བགེགས་རྣམས་མེད་ཅིང་སོ་སོར་འཇོམས་གྱུར་ཅིག། ཞེས་པ་ལྟར་རོ།།   ཁྱད་པར་དུ་རང་གི་ཕ་མེས་ཀྱི་སྐབས་གསོལ་མཆོད་བྱས་པའི་ལྷ་ཀླུ་གཉན་གསུམ་སོགས་རྣམ་རྟོག་གི་ལྷ་འདྲེ་ལན་ཆགས་ཀྱི་བདག་པོར་གྱུར་ནས་དེ་ལ་རྔན་པར་སྦྱིན་པའི་སྲོལ་བཅད་ན་མི་ཤི་ཕྱུགས་འཐོར་གྱི་གནོད་པ་འཕེལ་བར་འགྱུར་ཞེས་པའི་གཏམ་རྒྱུད་ཀྱང་ཡོད་ལ།  མདོར་ན་རྣམ་རྟོག་ཕྲ་མོའི་འགྱུ་བ་འདི་མ་ཆད་ཀྱི་བར་དུ་ལྷ་འདྲེའི་གནོད་པ་ཡོང་ངེས་པར་ཡིན།  ཁྱོད་ལ་ལྷ་འདྲེ་ཡོད་པའི་རྒྱུ་མཚན་ཅི་བཤད་རྒྱུ་ཡོད་སྙམ་ན།    བཟང་ངན་ཤན་འབྱེད་ཅིང་བཟང་པོ་ལ་ལྷ་བཀུར་ཞིང་ངན་པ་ལ་འདྲེ་འཛིན་པའི་ལྐོག་འགྱུར་གྱི་ཤེས་པ་ལ་གཉིས་འཛིན་གྱི་གདོན་ཞུགས་ནས་རྣམ་རྟོག་གི་ས་བོན་སེམས་ལ་འདེབས་པའི་ཆགས་སྡང་གི་རང་གཟུགས་ཅན་གྱི་ལྷ་འདྲེ་གཉིས་བྱུང་བ་རེད་ཅེས་ཀུ་རེ་ལྟར་བཤད་ན་བདེན་བདེན་འདྲ་པོ་ཞིག་འབྱུང་ངེས་ན་ཡང་།  ལྷ་མཆོད་ཀླུ་མཆོད་བྱེད་པ་འདི་ཕ་མེས་ཀྱི་ཤུལ་བཞག་སྲོལ་རྒྱུན་རིག་གནས་ཀྱི་གོམས་གཤིས་རྒྱུད་འཛིན་བྱེད་པ་ཞིག་ཀྱང་ཡིན་ཞེས་བཤད་ན་དེང་དུས་ཀྱི་མི་མང་ཆེ་ཤོས་ཀྱི་རྣ་ལམ་དུ་འགྲོ་བར་མི་འགྱུར་རམ།                                                                                                                                                                                                                                      

ནང་བསྟན་ཆོས་ལུགས་སློབ་གསོའི་གསང་བ་རྟོག་ཚོགས་སེམས་ཀྱི་ཁོར་ཡུག་གཙང་སེལ་བྱེད་པའི་སྐོར།

སྤྱིར་འཁོར་བའི་འཁྲུལ་རྟོག་མ་དག་པའི་སྣང་བ་ཐམས་ཅད་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་རྒྱུ་མ་རིག་པ་ལས་བྱུང་བ་ཡིན་ཞེས་གསུངས་ཏེ།  འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་མདོ་སྔགས་གཉིས་ཀྱི་ཕྱོགས་ནས་འགྲེལ་བཤད་མང་ཙམ་རྒྱག་ཡོད་པར་སྣང་ཡང་།  དོན་དུ་དེ་ཁོ་ན་ཉིད་ལ་རྨོངས་ཤིང་རིག་པའི་འགལ་ཟླར་གྱུར་པ་ཞིག་ལ་མ་རིག་པ་ཞེས་བརྗོད་ན་འགལ་བར་མེད་པར་སེམས།  དེ་ལ་དབྱེ་ན་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་དང་།    ལྷན་ཅིག་སྐྱེས་པའི་མ་རིག་པ།    ཀུན་ཏུ་བཏགས་པའི་མ་རིག་པ་གསུམ་གྱིས་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པའི་སྒྲིབ་པ་ཅན་ཞིག་སྟེ།  དེ་ཡང་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ནི་ཐོག་མ་མེད་པའི་དུས་ནས་སེམས་སེམས་བྱུང་གཉིས་ཆུ་དང་ཆབ་རོམ་ལྟར་རྒྱུ་ངོ་བོ་གཅིག་ལས་བྱུང་ཡང་རྣམ་པ་ཐ་དད་དུ་སྣང་བ་འགྱུར་བའི་དཔེ་ལྟར་རང་སེམས་ཆུ་ལྟ་བུ་དེ་སེམས་བྱུང་རྣམ་རྟོག་གི་ལྷག་པ་ལྟ་བུས་བསྡམས་ནས་ཆབ་རོམ་དུ་བསྒྱུར་བའི་དཔེ་ལྟར།  སེམས་ཀྱི་རང་བཞིན་ནམ་མཁའ་ལྟར་སྟོང་ཞིང་བདག་མེད་པ་དེ་ཉིད།     རྣམ་རྟོག་མ་རིག་པའི་རླུང་གི་གཡོས་ནས་ང་མེད་ལ་ང་དང་བདག་མེད་ལ་བདག་ཏུ་ཞེན་ནས།    འཁོར་བའི་གནས་འདིར་འཁྱམས་དགོས་བྱུང་བ་ཡིན་ལ།  [ སྡེ་དགེའི་བསྟན་འགྱུར་རྒྱུད་འབུམ་དཔལ་ཀྱེེ་རྡོ་རྗེ་བཤད་པའི་རྒྱུད་ཐུན་མོང་བ་སཾ་པུ་ཊ་ལས་དྲངས།   ]དེ་ཡང་ཇི་སྐད་དུ།  རྣམ་རྟོག་མ་རིག་ཆེན་པོ་སྟེ།  ། འཁོར་བའི་རྒྱ་མཚོ་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པ་ལྟར།  རྒྱུ་སེམས་སེམས་བྱུང་ངོ་བོ་བདག་ཉིད་གཅིག་ཀྱང་སེམས་བྱུང་མ་རིག་པའི་དབང་གིས་ཡང་དག་པར་རིག་པ་ཡེ་ཤེས་ཀྱི་དོན་མཐོང་བ་ལ་སྒྲིབ་ནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་ནས་རྒྱུད་དེ།    སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་མུན་པའི་གླིང་འདིར་བསྐྱུངས་བ་ཡིན།   ལྷན་ཅིག་སྐྱེས་པའི་མ་རིག་པས་ནི་མའི་མངལ་ནས་སྐྱེས་པ་དང་ལྷན་ཅིག་ཏུ་ང་འཛིན་གྱི་བློ་མ་རིག་གཉིས་འཛིན་གྱི་རྟོག་པ་སྐྱེན་པོ་ཟློག་ཏུ་མེད་པ་སྐྱེ་བ་ཞིག་སྟེ།  [ སྡེ་དགེའི་བསྟན་འགྱུར་ཅེ་པོད་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ཤོག་སྡེབ་བརྒྱ་དང་བཅུ་དྲུག་པའི་ཉིན་ངོས་ཐིག་ཕྲེང་དང་པོ་ལས་དྲངས།]དེ་ཡང་ཚད་མ་རྣམ་འགྲེལ་ལས།  བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལ་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་རོ།། ང་འཛིན་ལྷན་ཅིག་སྐྱེས་པའི་མ་རིག་པས་རྒྱུ་བྱས་ཏེ་ང་མེད་ལ་ང་དང་བདག་མེད་ལ་བདག་ཏུ་ལྟ་བའི་བདག་འཛིན་མ་རིག་པའི་རྟོག་པ་འཕེལ་བ་ལ་བརྟེན་ནས་གཞན་གཉིས་སྣང་གི་བློ་གཟུང་འཛིན་རྒྱང་ཆད་དུ་སོང་སྟེ་ཆགས་སྡང་གི་རྟོག་པ་བར་མེད་དུ་འཕེལ་ནས་ཡང་སྲིད་ཀྱི་ས་བོན་འདེབས་པའི་སྡུག་བསྔལ་གསུམ་གྱི་ཉེས་པ་མི་བཟད་པར་འཕེལ་བར་བྱེད་དོ།།   ཀུན་ཏུ་བཏགས་པའི་མ་རིག་པ་ནི་ཀུན་རྟོག་ཡིད་ཀྱི་ཤེས་པ་རང་འཛིན་རྟོག་པས་བཏགས་པའི་རྣམ་པ་ཞིག་སྟེ།  དེ་ཡང་རྒྱུད་བླ་མ་ལས།  [ སྡེ་དགེའི་བསྟན་འགྱུར་ཕི་པོད་རྒྱུད་བླ་མའི་བསྟན་བཅོས་ཤོག་སྡེབ་ང་བདུན་པའི་ཉིན་ངོས་ཐིག་ཕྲེང་བཞི་པ་ལས་དྲངས།]ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་ཏུ། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཞེས་པ་ལྟར།  གང་དམིགས་པ་བྱ་བའི་ཡུལ་ལ་ཡིད་གཡོས་ཏེ་ཚུལ་བཞིན་མ་ཡིན་པར་ལས་ཉོན་གྱི་དབང་གིས་ང་དང་ང་ཡིར་འཛིན་པའི་གང་ཟག་དང་ཆོས་སོགས་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པ་ལ་བརྟེན་ནས་གཞན་དབང་ལས་ཀྱི་ཁོལ་པོ་སྐྱེ་རྒ་ན་འཆིའི་ལམ་དུ་ཞུགས་དགོས་པ་བྱུང་བ་ཡིན།   དེ་ལྟར་ནང་བསྟན་སློབ་གསོའི་ནུས་པ་འདོན་སྤེལ་བྱས་པ་ལ་བརྟེན་ནས་མ་དག་འཁོར་བའི་འཁྲུལ་སྣང་གསང་བ་རྟོག་ཚོགས་སེམས་ཀྱི་ཁོར་ཡུག་གཙང་སེལ་ཇི་ལྟར་བྱ་བ་ལ།       ཐོག་མར་རྟོག་ཚོགས་ཞེས་རྣམ་རྟོག་གི་ཚོགས་འདི་ཞི་བའི་ཐབས་སུ་འབད་པར་བྱ་བ་ནི་སེམས་ཀྱི་ཁོར་ཡུག་གཙང་སེལ་བྱ་བའི་ནང་བསྟན་སློབ་གསོའི་བསླབ་བྱའི་རིམ་པ་ཞིག་ཡིན།   སེམས་འདི་ཡོད་ཙམ་ནས་འཁོར་འདས་སྣང་སྲིད་སྣོད་བཅུད་དེ་དག་མ་དག་སོགས་རྣམ་རྟོག་གི་ར་བ་ལས་རྒལ་མ་ནུས་པས།   སེམས་ཀྱི་གནས་ལུགས་ལ་ཁོ་ཐག་ནང་ནས་ཆོད་པའི་ངེས་ཤེས་ཤིག་རྙེད་པར་བྱ་བ་ནི་སེམས་ཀྱི་ཁོར་ཡུག་གཙང་སེལ་བྱེད་པའི་ཐབས་དམ་པ་ཞིག་ཡིན།   འདི་ལ་ཞི་གནས་ཀྱི་སྒོ་གསུམ་དབེན་པ་བསྟེན་ནས་རྟོག་ཚོགས་སེམས་ཀྱི་ཁོར་ཡུག་གཙང་སེལ་བྱ་བ་དང་།      ལྷག་མཐོང་གི་གནས་ལུགས་ཀྱི་དོན་ལ་ལྷག་པར་ངེས་ཤེས་འདྲེན་པ་དང་།   ཞི་ལྷག་ཟུང་འཇུག་གི་སྒོ་ནས་རྣམ་རྟོག་གི་མཚན་མ་རང་སར་ཞི་སྟེ་ལྷག་པར་གནས་ལུགས་ཀྱི་དོན་ཇེ་གསལ་ཇེ་དྭངས་སུ་མཐོང་བའི་ནང་བསྟན་སློབ་གསོའི་སེམས་ཀྱི་ཁོར་ཡུག་གཙང་སེལ་བྱ་བ་ཞིག་སྟེ།  དེ་ཡང་ཇི་སྐད་དུ།  [ རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་རྫོགས་ཆེན་མཁན་པོ་ཀུན་བཟང་དཔལ་ལྡན་གྱིས་འགྲེལ་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་སྡེབ་༤༠པའི་སྲིབ་ངོས་ལས་དྲངས།] ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ།  ཅེས་དང་། [ ཁྲེན་ཏུའི་སམ་བྷོིཊ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྒྱལ་སྲས་དངུལ་ཆུ་ཐོག་མེད་ཀྱིས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཤོག་སྡེ་༩པའི་སྲིབ་ངོས་ལས་དྲངས།]  རྒྱལ་སྲས་ཐོག་མེད་ཀྱིས་ཀྱང་།    ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། ། གཟུགས་མེད་བཞི་ལས་ཡོངས་སུ་འདས་པ་ཡིས། །བསམ་གཏན་སྒོམ་པར་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར་རོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1