ཨུ་རུ་སུ་དང་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་གིས་ཁ་པར་བརྒྱབ་ནས་ཨ་རིའི་མི་མེད་གནམ་གྲུ་མཚོ་ནག་ཏུ་ལྷུངས་པའི་དོན་རྐྱེན་ཐད་གྲོས་བསྡུར་བྱས་པ་རེད།
ཚེས་15ཉིན་གྱི་དགོང་མོར་ཨུ་རུ་སུའི་རྒྱལ་སྲུང་པུའི་དྲ་ཚིགས་ཐོག་བརྡ་ཁྱབ་སྤེལ་ནས་འཁོད་དོན། ཨ་རི་ཕྱོགས་ཀྱི་བླང་བྱ་ལྟར་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས་ཉིན་དེར་ཨ་རིའི་རྒྱལ་སྲུང་པུའི་པུའུ་ཀྲང་ཨའོ་སི་ཐིང་ལ་ཁ་པར་བཏང་ནས། ཚེས་14ཉིན་ཨ་རིའི་མི་མེད་གནམ་གྲུ་མཚོ་ནག་ཏུ་ལྷུངས་པའི་དོན་རྐྱེན་གྱི་རྒྱུ་རྐྱེན་དང་མཇུག་འབྲས་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད།
བརྡ་ཁྱབ་ནང་འཁོད་དོན། ཧྲའོ་དབྱི་ཀུའུ་ཡིས་ཁ་པར་ནང་དོན་རྐྱེན་ཐོན་པའི་རྒྱུ་རྐྱེན་ནི་ཨུ་རུ་སུས་དམིགས་བསལ་གྱི་དམག་དོན་བྱ་སྤྱོད་སྤེལ་སྐབས་འཕུར་སྐྱོད་ཚོད་འཛིན་ཁུལ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་གཏན་འབེབས་ཨ་རི་ཕྱོགས་ཀྱིས་བརྩི་སྲུང་མ་བྱས་པ་དང་འབྲེལ། ཨུ་རུ་སུའི་ཁེ་ཕན་ལ་དམིགས་པའི་གསང་འཕྲིན་གྱི་བྱེད་སྤྱོད་མང་དུ་བཏང་བའི་དབང་གིས་རེད། ཨ་རིའི་འཐབ་ཇུས་མི་མེད་གནམ་གྲུ་ཁེ་ལི་སྨི་ཡའི་ངོགས་སུ་འཕུར་སྐྱོད་བྱེད་པ་དེ་འཁྲུག་རྐྱེན་སློང་བའི་རང་བཞིན་ལྡན་པས། མཚོ་ནག་ས་ཁུལ་གནས་བབ་ཀྱི་རིམ་པ་སྤོར་བར་བསླུ་ཁྲིད་བྱེད་སྲིད་ཅེས་བསྟན།
བརྡ་ཁྱབ་ནང་འཁོད་དོན། ཨུ་རུ་སུ་ཕྱོགས་ཀྱིས་དོན་རྐྱེན་གྱི་འཕེལ་ཕྱོགས་ལ་དགའ་པོ་བྱེད་ཀྱི་མེད་མོད། འོན་ཀྱང་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད་ཚང་མར་དེ་མཚུངས་ཀྱི་ཡ་ལན་མུ་མཐུད་བསློག་རྒྱུ་ཡིན། དེ་དང་དུས་མཚུངས། ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཆེན་པོས་ངེས་པར་དུ་འགན་འཁུར་བའི་བྱེད་ཐབས་སྤྱོད་གང་ཐུབ་བྱེད་དགོས་ཤིང་། དེའི་ནང་དམག་དོན་འབྲེལ་གཏུག་གི་ཐབས་ལམ་རྒྱུན་འཁྱོངས་བྱས་ནས་ཉམས་ཉེན་གྱི་གནས་ཚུལ་གང་རུང་ལ་གྲོས་བསྡུར་བྱེད་པར་སྟབས་བདེ་ཡོང་བར་བྱེད་དགོས།
ཚེས་14ཉིན་གྱི་དགོང་མོར་ཨུ་རུ་སུའི་རྒྱལ་སྲུང་པུས་གསལ་བསྒྲགས་སྤེལ་ནས་བཤད་དོན། ཉིན་དེའི་སྔ་དུས་ཙམ་ནས། ཨུ་རུ་སུའི་མཁའ་དབྱིངས་དམག་དཔུང་གིས་ཁེ་ལི་སྨི་ཡ་ཕྱེད་གླིང་མཐའ་འཁོར་གྱི་མཚོ་ནག་ཁོངས་ཀྱི་མཁའ་དབྱིངས་སུ་ཨ་རིའི་MQ-9རྟགས་ཅན་གྱི་མི་མེད་གནམ་གྲུ་ཞིག་རྙེད་ཅིང་། སྐབས་དེ་དུས་མི་མེད་གནམ་གྲུ་དེ་ཨུ་རུ་སུའི་མཐའ་མཚམས་ཕྱོགས་སུ་འཕུར་སྐྱོད་བྱེད་བཞིན་ཡོད་པ་དང་། གནམ་གྲུའི་ཐོག་གི་ཨ་ལན་སློག་ཆས་ཁ་བརྒྱབ་པའི་ཚུལ་དུ་གནས་ཡོད། ཨུ་རུ་སུའི་མཁའ་དབྱིངས་དམག་གི་ལས་རེས་དམག་འཐབ་གནམ་གྲུ་མཁའ་དབྱིངས་སུ་འཕུར་ནས། མཁའ་དབྱིངས་ཀྱི་བཙན་འཛུལ་འཕུར་སྐྱོད་ཡོ་ཆས་ལ་དབྱེ་འབྱེད་བྱས་པ་དང་། མི་མེད་གནམ་གྲུས་ཛ་དྲག་གི་བབ་བསྟུན་འཕུར་སྐྱོད་བྱེད་དུས་ཚོད་འཛིན་མི་ཐུབ་པར་མཚོའི་ནང་ལྷུངས་པ་རེད། ཨུ་རུ་སུ་ཕྱོགས་ཀྱི་དམག་འཐབ་གནམ་གྲུས་མཚོན་ཆ་སྤྱད་མེད་པ་དང་། ཨ་རི་ཕྱོགས་ཀྱི་མི་མེད་གནམ་གྲུ་དང་ཐུག་འཕྲད་མ་བྱས་པ་མ་ཟད། བཅའ་སྡོད་བྱ་ཡུལ་གྱི་གནམ་ཐང་དུ་བདེ་འཇགས་ངང་ལོག་པ་རེད།
ཨ་རིའི་ཡོ་རོབ་དམག་སྤྱི་ཁང་གིས་ཚེས་14ཉིན་གསལ་བསྒྲགས་སྤེལ་ནས། ཨ་རིའི་MQ-9མི་མེད་གནམ་གྲུ་ཞིག་མཚོ་ནག་གི་མཁའ་དབྱིངས་སུ་ཨུ་རུ་སུའི་སུའུ་-27རྟགས་ཅན་གྱི་དམག་འཐབ་གནམ་གྲུ་གཉིས་ཀྱིས་བཀག་པ་དང་། དེའི་ནང་དམག་འཐབ་གནམ་གྲུ་གཅིག་གིས་མི་མེད་གནམ་གྲུའི་དུང་འཁྱིལ་འཕུར་གྲུར་བརྡུངས་ནས། ཨ་རིའི་དམག་གིས་མི་མེད་གནམ་གྲུ་དེ་མཚོ་ནག་མཚོ་ཁོངས་སུ་ལྷུངས། གདོང་ཐུག་མ་བརྒྱབ་གོང་། སུའུ་-27རྟགས་ཅན་གྱི་དམག་འཐབ་གནམ་གྲུ་གཉིས་ཀྱིས་“ཨ་རིའི་མི་མེད་གནམ་གྲུར་འབར་སྣུམ་ཐེངས་མང་བཤོས་པ་དང་འབྲེལ་དེའི་མདུན་དུ་འཕུར་བ་རེད་ཅེས་བཤད་པ་རེད།