—— བོད་ལྗོངས་ཀྱི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཐོང་ཐོས།
འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་རྨོད་གཉའ་གཅོག་ཡུལ་ཡིན་པ།
འདི་ནི་རྨོད་གཉའ་གཅོག་པའི་མཛད་སྒོའི་ཐོག་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་མང་ཚོགས་ཚོས་འདྲུད་འཐེན་འཕྲུལ་འཁོར་བཏང་སྟེ་རྨོད་གཉའ་གཅོག་རྩིས་བྱེད་བཞིན་པ།
དཔྱིད་དུས་ནི་སོ་ནམ་དུས་ཚིགས་ཡག་ཤོས་ཡིན་ཞིང་། བོད་ཀྱི་དཔྱིད་རྨོད་ཀྱི་སྲོལ་རྒྱུན་ལྟར་ལོ་ཐོའི་ནང་སྤྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་སྟེ་བོད་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་སྐར་མ་ཟོར་ཐོང་འཛོམས་པས་རྨོད་གཉའ་བཅག་ན་ལོ་ཕྱུགས་བཟང་ཞེས་འཁོད་པས། ས་མཐོར་ས་གནས་ཁག་ཏུ་དཔྱིད་རྨོད་དཔྱིད་འདེབས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བཞིན་མཆིས།
ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀར་སྟག་རྩེ་ཆུས་ཐང་དཀར་ཤང་ཐང་དཀར་གྲོང་ཚོའི་ཚོགས་ཆུང་བརྒྱད་པའི་གྲོང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་རེ་བའི་ས་བོན་ཁྱེར་ནས་རྨོད་གཉའ་གཅོག་པར་ཡོང་། ཞོགས་པའི་ཆུ་ཚོད་བཅུ་གཅིག་ལ་གླུ་དང་གར་ལ་མཁས་པའི་བུད་མེད་ཚོས་བང་བསྒྲིགས་ཏེ་བཀྲ་ཤིས་གླུ་དབྱངས་ལེན་པ་དང་། གྲོང་མི་ཚོས་གཞས་མ་དང་དེ་བཞིན་ཐོང་མཁན་དང་སོན་མ་ཡོངས་ལ་དཀར་གཙང་མཇལ་དར་བསྒྲོན་པ་དང་གྲོ་སོ་ཕྱེ་མར་དང་ཆང་ཕུད་བཀྱག
ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་དུ་གནས་པའི་ཐང་དཀར་གྲོང་ཚོ་ནི་ཞིང་ལས་གཙོ་བོར་བྱེད་ཅིང་། རྨོ་ཞིང་གི་རྒྱ་ཁྱོན་མུའུ་8000ལྷག་ཙམ་ཟིན་གྱི་ཡོད། 2022ལོར་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་སྒོར་ཁྲི་83ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24953ཟིན་ཡོད།
རྨོད་གཉའ་གཅོག་པའི་མཛད་སྒོ་འགོ་ཚུགས་རྗེས་མགོ་ལ་ཞྭ་མོ་ཚེ་རིང་སྐྱིན་ཁེབས་དང་ལུས་ལ་སྣམ་ཆས་གྱོན་པའི་གྲོང་མི་བཀྲ་ཤིས་ཚེ་རིང་གིས་ཉོས་མ་ཐག་པའི་འདྲུད་འཐེན་འཕྲུལ་འཁོར་བཏང་སྟེ་ད་ལོའི་རྨོད་དང་པོ་དེ་བརྒྱབ། སོན་མ་ཞིག་གིས་དེའི་རྗེས་སུ་འབྲངས་ནས་ད་ལོའི་སོན་དང་པོ་དེ་བཤོས།
“ང་ཚོའི་ཁྱིམ་ལ་ས་ཞིང་མུའུ་20ལྷག་ཙམ་ཡོད། དེ་སྔའི་འདྲུད་འཐེན་འཕྲུལ་འཁོར་ཆུང་ཆུང་དེས་ཞིང་ཁ་ཆེན་པོ་འདི་འདྲ་འདེབས་མི་ཐུབ་པས་ད་ལོ་སྒོར་ཁྲི་8ལྷག་སྤྲད་དེ་འདྲུད་འཐེན་འཕྲུལ་འཁོར་ཆེ་བ་ཞིག་ཉོས་པ་ཡིན། ད་ལོ་ཡང་ལོ་ལེགས་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད” “ང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་གཅིག་གྱུར་སྒྲིག་འཛུགས་འོག་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་བཙུགས་ཏེ་རྨོ་འདེབས་དང་བརྔ་བསྡུ་ཚང་མ་འཕྲུལ་འཁོར་གྱིས་བྱེད་ཀྱི་ཡོད་པས། ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་གྲོང་ཚོའི་ནང་གི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ཀྱང་ཕྱི་ལ་ཡོང་འབབ་གསོག་པར་འགྲོ་ཐུབ་ཀྱི་འདུག”ཅེས་བཀྲ་ཤིས་ཚེ་རིང་གིས་དགའ་ཚོར་ཆེན་པོས་བརྗོད།
དེ་རྗེས་ཡུལ་མི་40ལྷག་ཙམ་གྱིས་འདྲུད་འཐེན་འཕྲུལ་འཁོར་བཏང་སྟེ་དཔྱིད་རྨོད་དཔྱིད་འདེབས་བྱེད་འགོ་བརྩམས། ཁོང་ཚོས་སྐབས་རེ་མདུན་ཕྱོགས་ལ་ལྟ་བ་དང་སྐབས་རེ་ལོག་བརྒྱབ་པའི་ཞིང་ཁར་བལྟས། དེའི་གཞུག་ཏུ་སོན་མ་ཚོས་ནས་དང་། དགུན་གྲོ སྲན་མ་སོགས་ཀྱི་སོན་བཤོས།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་སྟག་རྩེ་ཆུས་ཀྱིས་ཞིང་ཁའི་ས་རྒྱུ་ལེགས་སུ་གཏོང་བ་དང་ཞིང་ཆུ་འདྲེན་སྟངས་སྒྱུར་བཀོད་སོགས་ལ་བརྟེན་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། དགུན་གྲོ་དང་ནས་སོགས་ཀྱི་ཐོན་འབབ་མུའུ་རེ་ནས་རྒྱ་མ་200མང་དུ་ཕྱིན་ཡོད། “ལོ་གསར་ཚར་རྗེས་ད་ལོའི་དཔྱིད་རྨོད་ཀྱི་གྲ་སྒྲིག་བྱེད་དགོས་པས་ལས་བྲེལ་ཆེ་རུ་ཕྱིན་ཡོད། ད་ལོ་འདི་གར་མུ་མཐུད‘བོད་ནས་ཨང་2000’དང‘ཧི་མ་ལ་ཨང་22’སོགས་སོན་བཟང་བཏབ་ཡོད། དེའི་རྗེས་སུ་ང་ཚོས་ད་དུང་ནད་དང་གནོད་འབུ་འགོག་བཅོས་དང་། ཆུ་གཏོང་བ། ལུད་རྒྱག་པ། བརྔ་བསྡུ་བྱེད་པ་སོགས་ཀྱི་ལག་རྩལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན”ཞེས་སྟག་རྩེ་ཆུས་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་ཀྲན་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས།
གངས་ལྗོངས་ས་མཐོའི་ས་གཞི་ཆེན་མོར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པས། མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་མི་སེར་ཚོས་སྔ་ས་ནས་ལུས་ལ་གཟབ་མཆོར་སྤྲས་ཏེ་ཞིང་ནང་དང་མུ་ཁར་འཛོམས་ནས་དཔྱིད་རྨོད་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་གཉེར་རྒྱུའི་གྲ་སྒྲིག་བྱེད་བཞིན་མཆིས། གྲོང་མི་བརྒྱ་གྲངས་ཞིང་ནང་དང་མུ་ཁར་འཛོམས་པའི་རྣམ་པ་འཁྲུག་ཆ་དོད་པས་འགྲུལ་པའང་རླངས་འཁོར་ཁ་བཀག་སྟེ་ལྟད་མོ་ལྟ་བར་ཡོང་།
མཛད་སྒོ་འགོ་ཚུགས་སྐབས་བཀོད་འདོམས་བྱེད་མཁན་གྱིས་བཀོད་པ་བཏང་མ་ཐག་སོན་མ་བཅུ་ཕྲག་གིས་གོ་རིམ་ལྡན་པའི་ངང་སོན་བཤོས་པ་དང་། སྔ་ས་ནས་གྲལ་བསྒྲིགས་པའི་འདྲུད་འཐེན་འཕྲུལ་འཁོར་150ཡིས་ས་ཞིང་རྨོད་འགོ་བརྩམས།
ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་ཚད་མཐོ་རུ་ཕྱིན་པ་དང་སྦྲགས། མོ་གྲོང་གྲོང་ཚོའི་སྲོལ་རྒྱུན་གྱི་རྨོད་འདེབས་བྱེད་སྟངས་ལའང་འགྱུར་ལྡོག་ཆེན་པོ་བྱུང་སྟེ་རྨོན་པ་དོར་སྡེབ་ནས་འདྲུད་འཐེན་འཕྲུལ་འཁོར་དང་། དེ་ནས་ད་ཆའི་རྟ་ཤུགས་130ཟིན་པའི་རྨོད་འདེབས་འཕྲུལ་འཁོར་བར་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་། ཞིང་ལས་གཉེར་སྐྱོང་བྱེད་སྟངས་ཀྱང་རགས་བསྡུས་ཅན་ནས་ལེགས་བསྡུས་ཅན་དུ་གྱུར་པ་མ་ཟད། གཉེར་སྐྱོང་བྱེད་པོ་ཡང་ཞིང་དུད་ནས་གྲོང་ཚོའི་མཉམ་སྡེབ་ཏུ་གྱུར་ཡོད།
ས་མཐོའི་ཞིང་པ་རྣམས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་གོམས་སྲོལ་ཏེ། རྨོད་གཉའ་གཅོག་པའི་མཛད་སྒོ་དེ་ད་ཆ་བོད་ཀྱི་སོ་ནམ་རིག་གནས་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད། དཔྱིད་རྨོད་དུས་ཚིགས་སུ་སོ་ནམ་པས་དཔྱིད་ཀྱི་རེ་བའི་ས་བོན་ཞིང་ས་གཤིན་པོར་བཏབ་ནས་བློ་རིག་དང་དཀའ་སྤྱད་ལ་བརྟེན་ནས་ལོ་ལེགས་ཀྱི་ལོ་ཞིག་བསུས་ཡོད།