ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 03-21


        སྤྱི་ཟླ་3པའི་ཚེས་20ཉིན་མོ་སི་ཁོར་ཕེབས་ཏེ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲི་གནང་ལ་ཉེ་བའི་མཚམས་འདིར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《ཨུ་རུ་སུའི་ཚགས་པར》དང་ཨུ་རུ་སུའི་གསར་འགྱུར་ཁང་གི་དྲ་ཚིགས་ཐོག་འགོ་བརྗོད་དུ《དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ། ཀྲུང་ཨུའི་མཛའ་གྲོགས་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་ལེའུ་གསར་པ་གཏོད་དགོས》ཞེས་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་གནང་ཡོད། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ་ལྟར།

        ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར། ང་རང་ནས་མི་རིང་བར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲི་ཞུ་རྒྱུ་ཡིན། དེ་ཡང་ལོ་10ཡི་གོང་། ང་རང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་རྗེས་ཨུ་རུ་སུ་ནི་ང་རང་ནས་འཚམས་འདྲི་ཞུ་སའི་རྒྱལ་ཁབ་ཐོག་མ་དེ་ཡིན། ལོ་10ཡི་རིང་། ང་རང་ནས་ཨུ་རུ་སུར་འཚམས་འདྲི་ཐེངས་བརྒྱད་ཞུས་མྱོང་བ་དང་ཚང་མ་སྤྲོ་སྣང་དང་གྲུབ་འབྲས་ཀྱིས་ཕྱུག་པ་ཤ་སྟག་ཡིན། དེ་ལྟར་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་ཀྲུང་ཨུའི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད།

        ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་དང་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླ་ཡིན་ཞིང་། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཙོ་བོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་པོས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་བསྟར་ནས། ཀྲུང་ཨུའི་འབྲེལ་བ་དེ་རང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྔོན་ལ་བསམ་བློ་གཏོང་བའི་ཁ་ཕྱོགས་སུ་བཞག་ཡོད།

        ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ལོ་རྒྱུས་ཀྱི་གཏན་ཚིགས་གསལ་པོ་དང་ནང་གནས་ཀྱི་སྒུལ་ཤུགས་ཆེན་པོ་ལྡན་ཡོད། ལོ་10ཡི་རིང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་སྟེ། གོམ་ཞེང་ཆེན་པོས་དུས་རབས་གསར་པར་བསྐྱོད་ཡོད།

        ——མཐོ་རིམ་འགྲོ་འོང་ཐད་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མཐོ་རིམ་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལམ་སྲོལ་ཆ་ཚང་ཞིག་བཙུགས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགན་ལེན་གལ་ཆེན་མཁོ་འདོན་བྱས་ཡོད། ལོ་དེ་དག་ནང་། ང་རང་དང་ཙུང་ཐུང་ཕུའུ་ཅིང་དབར་ལས་ཀའི་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་དང་རྒྱལ་སྤྱིའི་ཚོགས་རར་སྔ་རྗེས་སུ་ཐུག་འཕྲད་ཐེངས་40བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཆར་གཞི་བཀོད་པ་དང་། ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དུས་ཐོག་ཏུ་འབྲེལ་གཏུག་བྱས་ཐོག ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གཏན་འཁེལ་བྱས་ཡོད།

        ——ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། རྒྱལ་ཁབ་ཆེན་པོའི་འབྲེལ་བའི་རྣམ་པ་གསར་པ་གཏོད་ཡོད། ཀྲུང་ཨུ་ཕྱོགས་གཉིས་པོས་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་དང་མཉམ་ལས་མཉམ་རྒྱལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། མནའ་འབྲེལ་མི་བྱེད་པ་དང་། ཁ་གཏད་དུ་མི་ལངས་པ། ཕྱོགས་གསུམ་པར་མི་དམིགས་པ་བཅས་རྒྱུན་འཁྱོངས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ཕན་ཚུན་དབར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་དང་། ཕན་ཚུན་འཕེལ་རྒྱས་དང་དར་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཁྲོད་དེ་བས་འཐུས་ཚང་དང་བརྟན་དུ་ཕྱིན་པ། སྐྱེ་སྟོབས་དང་གསོན་ཤུགས་གསར་པ་ཟམ་མི་ཆད་མེད་པར་རྒྱས་ནས། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་དཔེ་མཚོན་གཏོད་ཡོད།

        ——ཕྱོགས་གཉིས་པོའི་དབར་ཁྱོན་ཡོངས་དང་བང་རིམ་མང་བའི་མཉམ་ལས་ཀྱི་རྣམ་པ་ཞིག་ཆགས་ཡོད། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག ན་ནིང་ཀྲུང་ཨུ་ཕྱོགས་གཉིས་པོའི་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་1900ལས་བརྒལ་བ་དེ་ལོ་བཅུའི་གོང་ལས་116%འཕར་བ་དང་། ཀྲུང་གོ་ལོ་13བསྟུད་མར་ཨུ་རུ་སུའི་ཉོ་ཚོང་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་དང་པོར་གྱུར་ཡོད། རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་མ་འཇོག་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ནུས་རྒྱུ་དང་། མཁའ་འགྲུལ་མཁའ་སྐྱོད། མཉམ་སྦྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཆེན་པོའི་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་ཐེབས་པ། ཚན་རྩལ་གསར་གཏོད་དང་རྒྱལ་མཚམས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་ཕྱིན་པ། ས་གནས་ཀྱི་མཉམ་ལས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་ཕྱིན་པ་བཅས་བྱུང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད་ལ། ཕྱོགས་གཉིས་པོས་རང་སོའི་འཕེལ་རྒྱས་དང་དར་རྒྱས་ལའང་རྒྱུན་ཆད་མེད་པར་སྒུལ་ཤུགས་ཟམ་མི་ཆད་པར་བསྣན་ཡོད།

        ——ཕྱོགས་གཉིས་པོས་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འདུ་ཤེས་ལག་ལེན་བསྟར་བས་སྲོལ་རྒྱུན་གྱི་མཛའ་གྲོགས་ལོ་རྒྱུས་རིང་ལ་བརྟན་པོ་བྱུང་ཡོད། ཕྱོགས་གཉིས་པོས《ཀྲུང་ཨུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་20འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཤིང་། ང་རང་དང་ཙུང་ཐུང་ཕུའུ་ཅིང་གིས《ཆིངས་ཡིག》དུས་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་མ་ཟད་དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད། ཕྱོགས་གཉིས་པོས་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་བརྗོད་དོན་གཙོ་བོའི་ལོ་ཚོགས་ཐེངས་8གཉེར་ནས་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་མུ་མཐུད་བརྩམས་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་འཐབ་རྩོད་ནང་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་སྐུལ་ལྕག་བྱས་ཏེ། དཀའ་སྡུག་ཁྲོད་བརྩེ་བ་ཟབ་མོ་མངོན་པར་སླར་ཡང་བདེན་པ་ར་སྤྲོད་བྱས་ཡོད།

        ——ཕྱོགས་གཉིས་པོས་རྒྱལ་སྤྱིའི་སྟེགས་བུའི་ཐོག་རོགས་ལས་དམ་ཟབ་བྱས་ཏེ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་དང་ལས་འགན་ལག་ལེན་བསྟར་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་དོན་གྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་རྒྱལ་སྤྱིའི་ཕྱོགས་མང་སྒྲིག་གཞིའི་ནང་སྤེལ་རེས་དང་རོགས་ལས་དམ་ཟབ་བྱེད་པ འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་བ། དོན་ངོ་མའི་ཕྱོགས་མང་རིང་ལུགས་ལག་ལེན་ཧུར་ཐག་བསྟར་བ་དང་། མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་དར་སྤེལ་བཅས་བཏང་ཡོད།

        ཀྲུང་ཨུའི་འབྲེལ་བས་ལོ་ངོ་70ཡི་དྲག་ཆར་རླུང་འཚུབ་བརྒྱུད་ཡོད། སྔར་དྲན་ཕྱི་བསྡོམས་བྱེད་སྐབས། འདི་ལྟ་བུའི་ཀྲུང་ཨུའི་འབྲེལ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། ཀྲུང་ཨུའི་མཛའ་གྲོགས་ལོ་རྒྱུས་རིང་ཞིང་དུས་དང་མཐུན་པས་ངེས་པར་དུ་གཅེས་འཛིན་ལྡབ་བརྒྱ་བྱ་རྒྱུའི་མྱོང་ཚོར་བྱུང་། ལོ་རྒྱུས་དང་ལག་ལེན་ལས་ཀྲུང་ཨུའི་བར་གྱི་འབྲེལ་བས་རྒྱལ་སྤྱིའི་འཕོ་འགྱུར་སྣ་ཚོགས་ཀྱི་ཉམས་སད་ཐེགས་ཐུབ་པའི་འགག་རྩ་ནི་རྒྱལ་ཁབ་བར་གྱི་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་འཚོལ་ཞིབ་ཐུབ་པས་ཡིན་པ་ང་ཚོར་གསལ་པོར་བསྟན་ཡོད།

        ང་རང་ཨུ་རུ་སུར་འཚམས་འདྲིར་བསྐྱོད་གྲབས་ཡོད་ཅིང་། དེ་ནི་མཛའ་གྲོགས་ཀྱི་འགྲུལ་བཞུད་གཅིག་དང་། མཉམ་ལས་ཀྱི་འགྲུལ་བཞུད་གཅིག ཞི་བདེའི་འགྲུལ་བཞུད་གཅིག་བཅས་རེད། ང་རང་ནས་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་འབྱུང་འགྱུར་དུས་མཚམས་ཤིག་རིང་གི་ཀྲུང་ཨུའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་གོང་འཕེལ་གྱི་མདུན་ལྗོངས་གསར་པ་དང་། འཆར་འགོད་གསར་པ། བྱ་ཐབས་གསར་པ་བཅས་བཟོ་རྒྱུར་རེ་སྒུག་བྱེད་བཞིན་ཡོད།

        ཕྱོགས་གཉིས་པོས་གཅིག་འགྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་རང་སོའི་གོང་འཕེལ་དར་རྒྱས་བྱ་གཞག་ཐོག་གཅིག་སྡུད་བྱེད་པ། བསམ་ཕྱོགས་གསར་པ་རྒྱ་སྐྱེད་གཏོང་བ། གོ་སྐབས་གསར་པ་གཏོད་པ། སྒུལ་ནུས་གསར་པ་སྣོན་པ་བཅས་བྱ་དགོས། དེ་བཞིན་ཕན་ཚུན་བར་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་མངོན་པའི་ནུས་པ་སྔོག་འདོན་བྱས་ཏེ། ཀྲུང་ཨུའི་འབྲེལ་བ་ཆུ་ཚད་མཐོ་པོའི་སྒོ་ནས་འཁོར་རྒྱུག་ཐུབ་པ་བྱ་དགོས།

        མ་འཇོག་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འབོར་ཚད་དང་སྤུས་ཚད་གཉིས་ཀ་གོང་མཐོར་འགྲོ་བ་བྱེད་པ་དང་། སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་མ་འཇོག་མཉམ་ལས་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་མཐུན་རྐྱེན་ཡག་པོ་བསྐྲུན་དགོས། ཕྱོགས་གཉིས་ཉོ་ཚོང་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཁེ་ཕན་མཉམ་གནས་དང་མཉམ་ལས་ཀྱི་འཕར་གཞི་དེ་བས་མང་བ་གཏོད་དེ། སྲོལ་རྒྱུན་ཉོ་ཚོང་དང་གསར་དར་མཉམ་ལས་གཉིས་ཕན་ཚུན་གསབ་རེས་དང་ཐུན་མོང་ཐོག་གོང་འཕེལ་འགྲོ་བའི་རྣམ་པ་གྲུབ་པ་བྱ་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་སྦྲེལ་མཐུད་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། ཕྱོགས་གཉིས་དང་ས་ཁོངས་མཉམ་ལས་ཆེད་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་དེ་བས་མང་བ་བྱེད་དགོས།

        མི་ཆོས་རིག་གནས་ཀྱི་སྤེལ་རེས་དམ་ཟབ་བྱས་ཏེ། ཀྲུང་ཨུའི་ལུས་རྩལ་སྤེལ་རེས་ལོ་ཡག་པོ་གཉེར་དགོས། ས་གནས་ཀྱི་མཉམ་ལས་སྒྲིག་གཞི་བེད་ཡག་པོ་སྤྱད་ནས། རྒྱལ་ཁབ་གཉིས་པོའི་ཞིང་ཆེན་དང་མངའ་སྡེའི་དབར་དང་མཛའ་གྲོགས་གྲོང་ཁྱེར་དབར་ཁ་གཏད་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་ལ་སྐུལ་མ་གཏོང་བ། རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་མཉམ་ལས་སླར་གསོ་ཧུར་ཐག་ཡོང་བ་བཅས་བྱ་དགོས། དབྱར་སྒར་དང་མཉམ་འབྲེལ་སློབ་གཉེར་སོགས་ཀྱི་བྱེད་སྒོ་ལེགས་པར་གཉེར་ནས། རྒྱལ་ཁབ་གཉིས་པོའི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་དབར་ཕན་ཚུན་རྒྱུས་ལོན་དང་ཁོང་ཚོའི་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་དགོས།

        དེང་གི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད། ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་ལོ་རྒྱུས་ཀྱི་རླབས་རྒྱུན་ནི་འགོག་ཐབས་མེད་པ་ཞིག་ཡིན་པས། འཛམ་གླིང་སྣ་མང་ཅན་དང་། དཔལ་འབྱོར་གོ་ལ་ཅན། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་བཅས་ཀྱི་འཕེལ་ཕྱོགས་ཆེན་པོ་ནི་འགྱུར་ཐབས་མེད་པ་ཞིག་རེད། དེ་དང་ཆབས་ཅིག སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འགྲན་རྩོད་སྣོལ་འདྲེས་སུ་ཐོན་པ་དང་། བཙན་དབང་དང་བཙན་ལུགས། བཙན་འགེབས་བཅས་ཀྱི་བྱ་སྤྱོད་ཀྱི་གནོད་འཚེ་ཆེ་བ། འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བ་བྱེད་པའི་ལམ་བུའི་ཐོག་འགོག་རྐྱེན་མང་ལ་ལམ་ཐག་རིང་པོ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ལ་དཀའ་གནད་ཆེན་པོ་འཕྲད་ཡོད་པས། དེ་ལྟ་བུའི་ཉམས་ཉེན་སེལ་བའི་མཉམ་ལས་ནི་དགོས་མཁོ་ཆེན་པོ་ཡོད།

        2013ལོའི་ཟླ་3པར། ང་རང་གིས་མོ་སི་ཁོའི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་ནང་གཏམ་བཤད་སྤེལ་ནས། རྒྱལ་ཁབ་ཁག་དབར་ཕན་ཚུན་འབྲེལ་གཏུགས་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱེད་ཚད་སྔར་ན་མེད་པའི་ཟབ་ཏུ་ཕྱིན་ཡོད། མིའི་རིགས་ནི་སའི་གོ་ལའི་གྲོང་ཚོ་གཅིག་གི་ནང་འཚོ་སྡོད་བྱེད་ཅིང་། ཁྱེད་ཀྱི་ཁྲོད་ན་ང་གནས་པ་དང་ངའི་ཁྲོད་ན་ཁྱེད་གནས་པའི་ལས་དབང་གཅིག་མཐུན་ཚོགས་པར་དེ་བས་ཀྱང་གྱུར་ཡོད་ཅེས་བཏོན་ཡོད། དེ་རྗེས་ངས་ཡང་བསྐྱར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུའི་གྲོས་འགོ་དང་། འཛམ་གླིང་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ འཛམ་གླིང་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ནང་དོན་དང་ལག་ལེན་གྱི་ལམ་ཕྱོགས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག  ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ལ་ཁ་གཏད་གཅོག་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།

        ལོ་10ཡི་རིང་། ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ཉིན་རེ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་ཡོད་པ་དང་། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་རྒྱལ་ཁབ་དེ་བས་མང་བ་ཞིག་གི་ཐུན་མོང་གི་དོན་གཉེར་བྱེད་ས་ཞིག་ཏུ་གྱུར་ཡོད། འཛམ་གླིང་ཐོག་རྒྱལ་ཁབ་གཞན་དག་ལས་ལྷག་པའི་རྒྱལ་ཁབ་ཅིག་མེད་ལ། འཛམ་གླིང་ཡོངས་ལ་འཕྲོད་པའི་རྒྱལ་ཁབ་བཅོས་སྐྱོང་བྱེད་སྟངས་ཤིག་མེད་པ། རྒྱལ་ཁབ་གང་རུང་ཞིག་གིས་བཤད་པ་ཁོ་ནར་བརྩི་སྲུང་ཞུ་དགོས་པའི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་མེད་པ་བཅས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ངོས་འཛིན་གསལ་པོ་ཐུབ་ཡོད།  མཐུན་སྒྲིལ་ཡིན་པ་ལས་ཁ་བྲལ་མིན་པ་དང་ཞི་བདེ་ཡིན་པ་ལས་ཟང་ཟིང་མིན་པའི་འཛམ་གླིང་ནི་ད་གཟོད་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད།

        ན་ནིང་ནས་བཟུང་། ཡུག་རེན་གྱི་ཉམས་ཉེན་ཕྱོགས་ཡོངས་ནས་ཛ་དྲག་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དོན་དག་རང་ངོས་ཀྱི་བདེན་རྫུན་དྲང་འཁྱོག་ལ་དམིགས་པ་དང་། དངོས་ཡོད་དང་དྲང་གཞག་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ། འདུམ་འགྲིག་དང་གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། རྒྱལ་ཁབ་ཁག་གི་ལུགས་མཐུན་གྱི་བདེ་འཇགས་ཐད་ཀྱི་དོ་ཁུར་ལ་བརྩི་འཇོག་བྱ་དགོས་པ། ཡུག་རེན་གྱི་ཉམས་ཉེན་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་གཞོལ་བའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱས་ཏེ་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་སོགས་ཀྱི་འདོད་ཚུལ་མང་པོ་བཏོན་ཡོད། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་རྩ་བའི་བརྩི་སྲུང་ཞུ་ཡུལ་ཞིག་ཏུ་གྱུར་ཡོད། མི་རིང་བའི་གོང་། ཀྲུང་གོས《ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》ཀྱི་ཡིག་ཆ་ཁྱབ་བསྒྲགས་བྱས་ཡོད་ཅིང་། ཕྱོགས་ཁག་གི་ལུགས་མཐུན་གྱི་དོ་ཁུར་བསྡུ་ལེན་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་ཀྱི་སྤྱིའི་བགོ་གྲངས་ཆེ་ཤོས་མཚོན་ཡོད་པ་དང་། ཉམས་ཉེན་རྒྱ་ཡན་དུ་མི་འགྲོ་བ་དང་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་སྐབས་བྱ་ཐབས་སྟབས་བདེ་པོ་ཞིག་མེད། དེ་བས། ཕྱོགས་ཁག་གིས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། འདྲ་མཉམ་དང་། སྟངས་འཛིན། དངོས་གཉེར་བཅས་ཀྱི་སྐད་ཆ་ཤོད་རེས་དང་གྲོས་མོལ་མཐའ་འཁྱོངས་བྱས་ཚེ། ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ལུགས་མཐུན་གྱི་ཐབས་ལམ་རྙེད་ཐུབ་ངེས་ཡིན་པ་དང་། འཛམ་གླིང་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་ཏུ་བདེ་འཇགས་ཡོང་བའི་འོད་སྟོང་འཕྲོ་བའི་ལམ་ཆེན་རྙེད་ཐུབ་ངེས་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད།

        འཛམ་གླིང་ཐོག་གི་བྱ་བ་ལེགས་པར་བསྒྲུབ་དགོས་ན། ཐོག་མར་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ཞེས་པ་དེ་མདོར་བསྡུས་ནས་བཤད་ན། མི་འབོར་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བདེ་གོང་འཕེལ་གྱི་ལམ་བུར་སྐྱོད་པའི་དེང་རབས་ཅན་བཅས་རེད། ཀྲུང་གོའི་ཁྱད་ཆོས་འདི་དག་ཐོག་ང་ཚོའི་དུས་ཡུན་རིང་པོའི་ལག་ལེན་གྱི་འཚོལ་ཞིབ་འདུས་ཡོད་པ་དང་། ང་ཚོས་རྒྱལ་སྤྱིའི་ཉམས་མྱོང་ལ་ཕྱོགས་བསྡོམས་གཏིང་ཟབ་བྱས་པ་མཚོན་ཡོད། འབྱུང་འགྱུར་ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། འདིས་ཨུ་རུ་སུ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་གཏོད་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

        ལོ་གཅིག་གི་འགག་རྩ་དཔྱིད་ཀར་ཐུག བྱ་བ་ཀུན་གྱི་རྩ་བ་ལག་ལེན་ལ་ཐུག འཕེལ་རྒྱས་དང་དར་རྒྱས་གཏོང་བའི་ལམ་བུའི་ཐོག་གི་ལམ་གྲོགས་ཡིན་པའི་ཆ་ནས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པ་ང་ཚོས་རེ་སྒུག་བྱེད་པར་རྒྱུ་མཚན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1