—— བོད་ཀྱི་ཞིང་ལས་དེང་རབས་ཅན་གྱི་བསྡུས་རིས།
འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་གྲོང་ཚོའི་དཔྱིད་རྨོད་མཛད་སྒོར་ཞིང་ལས་འཕྲུལ་ཆས་སྣ་ཚོགས་བང་སྒྲིག་ནས་བཞག་པ།
ཉེ་དུས་བོད་ཀྱི་ས་ཆ་མང་པོར་སྲོལ་རྒྱུན་གྱི་དཔྱིད་རྨོད་མཛད་སྒོ་གཉེར་ནས་རྨོ་འདེབས་བྱེད་འགོ་ཚུགས་ཡོད། ལོ་56ལ་སླེབས་པའི་བཀྲ་ཤིས་ཚེ་རིང་གིས་ཞོགས་སྔ་ལངས་བྱས་ནས་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་ཡོང་སྟེ་གྲོང་མི་ཚོ་དང་མཉམ་དུ་ལོ་གཅིག་དུས་གཅིག་གི་དཔྱིད་རྨོད་མཛད་སྒོར་ཞུགས།
གསར་འགོད་པས་ལྷུན་གྲུབ་རྫོང་བྱང་ཁ་གྲོང་ཚོ་ནས་ཤེས་རྟོགས་བྱུང་གསལ། ཞིང་སྤྱོད་འདྲུད་འཐེན་འཕྲུལ་འཁོར་33ཤར་ཕྱོགས་སུ་ཁ་གཏད་དེ་ཡུག་སྦྲེལ་གྱི་ཞིང་ནང་དུ་བཞག་པ་དང་གཡས་གཡོན་དུ་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་གི་རྨོ་འདེབས་འཕྲུལ་འཁོར་དང་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་མང་དག་ཅིག་བཞག་ཡོད་པ་རེད། “དེ་སྔ་ས་ཞིང་རྨོ་སྐབས‘རྨོན་མཛོ་དོར་སྦྲེལ’བྱེད་ཀྱི་ཡོད་མོད། འོན་ཀྱང་ད་ཆ་ཚང་མས་འདྲུད་འཐེན་འཕྲུལ་འཁོར་སྤྱོད་ཀྱི་ཡོད”ཅེས་བཀྲ་ཤིས་ཚེ་རིང་གིས་མྱོང་ཚོར་ཟབ་མོས་བཤད།
བོད་ཀྱི་ས་ཁུལ་དུ“རྨོན་མཛོ་དོར་སྦྲེལ”གྱིས་རྨོ་འདེབས་བྱེད་པའི་ལོ་རྒྱུས་ཡུན་རིང་ལྡན། བོད་རིགས་མི་དམངས་ཀྱིས་ཡུལ་བབ་དང་བསྟུན་ནས་སྤྱད་པའི་ཐོང་གཤོལ་སྤྱོད་སྟངས་དེ་བོད་དུ་ལོ་2000ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དུས་རབས་གོང་མའི་ལོ་རབས་50པར་བོད་དུ་སྔར་བཞིན་བོད་གཤོལ་སྤྱོད་ཀྱི་ཡོད་པ་དང་ལྕགས་གཤོལ་གྱི་ཞིང་སྤྱོད་ཡོ་ཆས་ཁྱབ་གདལ་བྱུང་མེད།
“བོད་རྙིང་པའི་ཞིང་ལས་ཐོན་སྐྱེད་ཡོ་ཆས་ཧ་ཅང་རྗེས་ལུས་ཡིན་པ་དང་ཐོན་སྐྱེད་ཡོ་ཆས་ཀྱི་གྲངས་འབོར་ཡང་མང་པོ་མེད” ཅེས་འདི་ལོ་ལོ་97ལ་སླེབས་པའི་ཚེ་རིང་ལྷ་མོས་བཤད། 1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་སྐབས་ཁོང་ཚུད་པའི་དུད་ཚང་11གི་ནང་གཟན་ལ་ཐོན་སྐྱེད་ཡོ་ཆས་ཐོང་གཤོལ་རྙིང་པ་2དང་། ཤ་ལ་རྙིང་པ་3 རྨོན་མཛོ་3བཅས་ལས་མེད། ཁོ་ཚོས་རང་འགུལ་ངང“ནང་གཟན་རོགས་རེས་ཚོགས་ཆུང”བཙུགས་ནས་ཐོན་སྐྱེད་ཡོ་ཆས་མི་འདང་བ་ཁྱད་བསད་བྱེད་ཀྱི་ཡོད།
དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྒྱལ་ཁབ་ཀྱིས་བོད་ཀྱི་ཞིང་འབྲོག་པར་ལྕགས་ལས་བཟོས་པའི་ཞིང་ལས་ཡོ་ཆས་ཁྲི་བརྒྱ་ལྷག་ཙམ་རིན་མེད་ངང་སྤྲད་པ་དང་། དུས་དེ་ནས་བཟུང་ལྕགས་གཤོལ་གྱིས་བོད་གཤོལ་གྱི་ཚབ་བྱེད་འགོ་ཚུགས་ཡོད། ལྕགས་གཤོལ་སྤྱོད་པ་ལས་རྨོ་འདེབས་བྱེད་པའི་ཐད་འགག་སྒྲོལ་ཆེན་པོ་བྱུང་རྗེས་བོད་ཀྱིས་སླར་ཡང་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ཁྱབ་གདལ་བཏང་ཡོད། དུས་རབས་གོང་མའི་ལོ་རབས་70པར་འདྲུད་འཐེན་འཕྲུལ་འཁོར་བོད་ཀྱི་གྲོང་གསེབ་ཏུ་ཐེངས་དང་པོ་དར་ནས་བོད་རིགས་མི་དམངས་ཀྱིས་མནའ་མ་བསུ་བ་ལྟར་གྱི་མཛད་སྒོ་གཟབ་རྒྱས་གཉེར་ནས་དེར་བསུ་བ་ཞུས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2005ལོར་རྒྱལ་ཁབ་ཀྱིས་བོད་དུ་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཚུན། ཀྲུང་དབྱང་དང་དེ་བཞིན་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་24.53བཏང་ནས་ཞིང་འཕྲུལ་ཡོ་ཆས་ལ་ཁ་གསབ་སྤྲད་པ་དང་ཁ་གསབ་ཚད་གཞི་དེ་ཁྲོམ་རའི་ཕྱིར་ཚོང་གི་ཆ་སྙོམས་རིན་གོང་གི་30%ཙམ་ཟིན་ཡོད།
ད་ཆ་བོད་ཀྱི་གྲོང་གསེབ་ཏུ་འདྲུད་འཐེན་འཕྲུལ་འཁོར་ཡོད་པ་ནི་མཐོང་དཀོན་པའི་གནད་དོན་ཞིག་མིན་པར་ཞིང་ལས་ཐོན་སྐྱེད་ཀྱི་ལྷུ་ཚིགས་ཁག་ཏུ་ཞིང་ལས་འཕྲུལ་ཆས་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2022ལོའི་ལོ་མཇུག་བར་བོད་དུ་ཞིང་འཕྲུལ་གྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་731.1ཟིན་པ་དང་ཞིང་འཕྲུལ་སྒྲིག་ཆས་ཆ་ཚང་ཁྲི་54.56ཡོད་པའི་ནང་འདྲུད་འཐེན་འཕྲུལ་འཁོར་ཁྲི་28.7ཡོད་པ་རེད།
“རྨོན་མཛོ་དོར་སྦྲེལ”ནས་ཞིང་ལས་འཕྲུལ་ཆས་བར་གྱི་འགྱུར་ལྡོག་ནི་གསར་བརྗེ་ཞིག་རེད། བོད་ཀྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཏེ་ངལ་རྩོལ་ནུས་ཤུགས་འབོར་ཆེན་ཞིག་ལ་བཅིངས་འགྲོལ་ཐོབ་ནས་ཐོན་ལས་གསུམ་པ་གཉེར་བའམ་ཡང་ན་ངལ་ནུས་ཕྱིར་གཏོང་བྱས་པས་ཞིང་པའི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་ཀྲང་ཧའེ་པོས་བཤད།
འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་གྲོང་ཚོའི་དཔྱིད་རྨོད་མཛད་སྒོ་གཉེར་ཡུལ་ཡིན་པ།
འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་གྲོང་ཚོའི་དཔྱིད་རྨོད་མཛད་སྒོར་རྨོན་མཛོ་དོར་སྦྲེལ་གྱི་ས་ཞིང་འདེབས་སྟངས་མཚོན་བྱེད་ཙམ་དུ་གྱུར་བ།