ད་ཕན་ལོ་ཤས་རིང་། ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་འཛིན་པ་ཁོང་དུ་བརྟན་པོ་ཆུད་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་ཐོག་མཐའ་བར་གསུམ་དུ་དངུལ་ཁང་གི་ལས་ཀའི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་བརྩིས་ནས། དངུལ་ཁང་གི་ལས་བཟོ་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དོན་དངོས་ལ་གཞི་ཚུགས་པ་དང་། གཞི་རྟེན་གསར་གཏོད། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ཏན་ཏིག་སྤེལ་བ་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་བསྲུང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད།
ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་ནི་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོ་ཞིག་རེད། དུས་དང་རྣམ་པ་ཀུན་ཏུ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ལྟེ་བར་འཛིན་པར་སྣང་ཆེན་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་དངུལ་ཁང་གི་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ནས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་སྦྱོང་། གཞོན་ནུ་ལས་བཟོའི་སློབ་སྦྱོང་སློབ་གསོར་གཙོ་གནད་དུ་ཤུགས་སྣོན་རྒྱག་པ། བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་བ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་གཞོན་ནུ་ལས་བཟོས་ཏང་དང་། རྒྱལ་ཁབ། ལས་རིགས་བཅས་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་པ་རེད།
ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་ས་ཚིགས་མང་བ་དང་ཁྱབ་རྒྱ་ཆེ་བའི་ལེགས་ཆ་གང་ལེགས་བཏོན་ནས། ལས་འགན་ཁག་དོན་འཁྱོལ་ནན་ཏན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འོས་འགན་དྲིལ་བསྒྲགས་པའི་ནུས་པ་ཧུར་ཐག་འདོན་པ། གཞི་རིམ་གྱི་དྲ་ཚིགས་ཁག་སྒྲིག་འཛུགས་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་དངུལ་རྩའི་ཤེས་བྱ་རྒྱ་ཁྱབ་དང་རྒྱུན་མཐུད་དྲིལ་བསྒྲགས་བྱས་པ་དང་། མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་ཆབས་ཅིག རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕྱོགས་ཀུན་ནས་དངུལ་རྩའི་ཤེས་བྱ་ཁྱབ་གདལ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ཡག་པོ་བྱས་ནས། མངའ་རིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་རྨང་གཞིའི་དངུལ་རྩའི་ཞབས་འདེགས་ནུས་པ་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དངུལ་ཁང་དེའི་ཁོངས་གཏོགས་སུ“ཞིང་གསུམ”དངུལ་རྩའི་ཞབས་ཞུའི་ས་ཚིགས་170བཙུགས་པ་དང་། སྐོར་སྐྱོད་དངུལ་རྩའི་ཞབས་ཞུའི་རླངས་འཁོར་2དང་། རིག་ནུས་སྟབས་བདེའི་མཐའ་སྣེ་9དང་། རང་འགུལ་ཞབས་ཞུའི་མཐའ་སྣེ་28 དངུལ་སྨར་རིགས་ཀྱི་རང་འདེམས་སྒྲིག་ཆས་78 སྒུལ་བདེའི་PAD35 POSའཕྲུལ་ཆས་914 འདུས་རྟགས་1567བཅས་བཀོད་སྒྲིག་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་དངུལ་རྩའི་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། བས་མཐའི་ཐག་རིང་ཞིང་འབྲོག་ཁུལ་གྱི་ཀུན་ཕན་དངུལ་རྩའི་ཞབས་ཞུའི“མཐའ་མའི་འགག་གནད”བསལ་ཏེ། ཞིང་འབྲོག་པའི་སྣ་མང་ཅན་གྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་ནུས་ལྡན་བསྐངས་པ་རེད།
ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་མངའ་རིས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། 《ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གི་དངུལ་རྩའི་མཐའ་སྲུང་ལས་དོན་གྱི་ཁག་བགོས་རེའུ་མིག》བཟོས་ཏེ། དངུལ་རྩའི་མཐའ་སྲུང་གི་ལས་དོན་ཡག་པོ་སྒྲུབ་པར་ནུས་ཤུགས་ཡོད་རྒུས་ཁ་ཕྱོགས་གསལ་སྟོན་བྱས་པ་དང་བྱ་ཐབས་ཞིབ་ཕྲ་དང་བླང་བྱ་བཏོན་པ་རེད།
2022ལོར་མཐའ་མཚམས་རྫོང་གི་ཕྲན་ཚེགས་ཁེ་ལས་50དང་ཆེད་ལས་མཉམ་ལས་རྩ་འཛུགས་ལ་དངུལ་བུན་སྒོར་དུང་ཕྱུར་3.07བཏང་བ་དང་། “གྲོང་གསེབ་དར་རྒྱས·མཐའ་བརྟན་དངུལ་བུན”གྱི་དངུལ་བུན་ཁག་1037བཏང་བར་དངུལ་འབོར་སྒོར་ཁྲི་13637ཟིན་ནས། མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་གཉེར་སྐྱོང་གི་དངུལ་བུན་གཡར་བའི་དགོས་མཁོ་ནུས་ལྡན་བསྐངས་ཡོད་པ་རེད། །