གཅིག ཅི་ཞིག་ལ་དམངས་ཁྲིམས་ནང་གི་བཙན་ཤེད་ཟེར།
བཙན་ཤེད་ཅེས་པ་ནི་བྱ་སྤྱོད་སྤེལ་མཁན་གྱིས་འཇིགས་སྐུལ་དང་བཙན་སྐུལ་སོགས་ཁྲིམས་འགལ་གྱི་བྱེད་ཐབས་སྤྱད་ནས་མི་གཞན་ལ་འཇིགས་སྣང་གི་བསམ་བློ་སྐྱེས་སུ་བཅུག་པར་མ་ཟད། འཇིགས་སྣང་གི་སེམས་ཁམས་དེ་ལ་བརྟེན་ནས་བསམ་དོན་མཚོན་པར་བྱེད་པའི་བྱ་སྤྱོད་ལ་ཟེར།
གཉིས། བཙན་ཤེད་ཀྱི་གྲུབ་ཆའི་ཆ་རྐྱེན་བཞི།
1.རང་ངོས་ཐོག་བཙན་ཤེད་མཁན་ལ་བཙན་ཤེད་ཀྱི་བསམ་པ་ཡོད་པ་སྟེ། བསམ་བཞིན་དུ་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་ནས་མི་གཞན་འཇིགས་སྣང་གི་གནས་སུ་གྱུར་བ་དང་དེ་བཞིན་འཇིགས་སྣང་གི་གནས་ཚུལ་འོག་བསམ་དོན་མཚོན་པར་བྱས་པ།
2.ཕྱི་ངོས་ནས་བཙན་ཤེད་མཁན་གྱིས་བཙན་ཤེད་ཀྱི་བྱ་སྤྱོད་དངོས་སུ་སྤེལ་བ། དེ་ནི་གནོད་འཚེ་གཏོང་བའི་བྱ་སྤྱོད་གང་རུང་ཞིག་སྤེལ་བའི་ཆེད་འཇིགས་སྐུལ་ཐེབས་པའི་མིར་འཇིགས་སྐུལ་བྱས་ནས་དེའི་སེམས་ཁམས་ལ་འཇིགས་སྣང་བཟོ་བ། གནོད་འཚེ་དེ་རིགས་ནི་བཙན་ཤེད་མྱོང་མཁན་གྱི་མི་ལུས་དང་རྒྱུ་ནོར་གྱི་ཁེ་དབང་ལ་གནོད་འཚེ་བཏང་བ་ཞིག་ཡིན་ཆོག་ལ། བཙན་ཤེད་མྱོང་མཁན་དེའི་གཉེན་ཉེ་དང་ཐ་ན་དེ་དང་འབྲེལ་བ་ཡོད་པའི་མི་གཞན་གྱི་ལུས་ཁམས་དང་རྒྱུ་ནོར་གྱི་ཁེ་དབང་ལ་གནོད་འཚེ་བཏང་བ་ཞིག་ཀྱང་ཡིན་ཆོག་པས། ཕྱི་ངོས་སྟེང་བཙན་ཤེད་ཕོག་མཁན་ལ་འཇིགས་སྣང་སྐྱེས་སུ་བཅུག་པ་ཡིན།
3.བཙན་ཤེད་ལ་ངེས་པར་ཁྲིམས་འགལ་གྱི་རང་བཞིན་ལྡན་དགོས། དེའི་ནང་བྱེད་ཐབས་སམ་དམིགས་ཡུལ་གྱི་ཁྲིམས་འགལ་རང་བཞིན་ཚུད་ཡོད་ལ། དེ་ལས་ལྡོག་ན་བཙན་ཤེད་བྱས་པར་མི་ཚུགས།
4.བསམ་དོན་མཚོན་པ་ནི་བཙན་ཤེད་མྱོང་མཁན་གྱི་སེམས་ལ་འཇིགས་སྣང་བྱུང་བར་བརྟེན་ནས་བྱུང་བ་ཡིན་པ། ཡང་ཅིག་བཤད་ན། བསམ་དོན་མཚོན་པ་དང་བཙན་ཤེད་ཐེབས་པའི་བར་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད། འདི་ཡི་རྒྱུ་འབྲས་ཀྱི་འབྲེལ་བར་བརྡར་ཤ་གཅོད་པ་ནི་བཙན་ཤེད་མྱོང་མཁན་མི་རང་ཉིད་ཚད་གཞིར་འཛིན་དགོས་པ་ལས་མི་གཞན་མི་ཆོག
གསུམ། དོ་སྣང་བྱེད་དགོས་པ།
དོན་ཚན་འདིའི་ནང་གི་གཏན་འཁེལ་ལ་གཞིགས་ན། བཙན་ཤེད་ཐེབས་མཁན་ལ་ཕྱོགས་གཅིག་གིས་འཇིགས་སྐུལ་བྱས་པའམ་ཡང་ན་ཕྱོགས་གསུམ་པས་བཙན་སྐུལ་བྱས་པ་གང་ཡིན་ནའང་། བཙན་ཤེད་མྱོང་མཁན་གྱིས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཚང་མར་ཕྱིར་འཐེན་བྱེད་དབང་ཡོད།
བཞི། ཁྲིམས་ལུགས་ཀྱི་གཞི་འཛིན་ས།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན150པར། ཕྱོགས་གཅིག་གམ་སྐྱེ་བོ་གསུམ་པས་བཙན་ཤེད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཕ་རོལ་པོ་ལ་རང་གི་བསམ་ཚུལ་ངོ་མ་དང་འགལ་བའི་གནས་ཚུལ་འོག དམངས་དོན་གྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་དུ་བཅུག་པ་ཡིན་ན། བཙན་ཤེད་མྱོང་མཁན་གྱིས་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ཆོག