བོད་ཀྱི་གནའ་རྫས་རྟོག་ཞིབ་ཐད་ཤེས་རྟོཊ་གསར་པ་བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-04


        ཟླ་4ཚེས་2ཉིན། གསར་འགོད་པས་2022ལོའི་ལོ་འཁོར་གྱི་བོད་ཀྱི་རིག་དངོས་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཀྱི་སྤྱི་དམངས་ཀྱི་མཉམ་སྤྱོད་སྙན་ཞུའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2022ལོའི་ཟླ་7པ་ནས་ཟླ་8པའི་བར། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་དང་སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་ཀྱི་རིག་དངོས་དང་དངོས་མང་བཤམས་སྟོན་ཁང་རིག་པའི་སློབ་གླིང་སོགས་ཚན་པ་ལས་གྲུབ་པའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ལྷོ་ཁའི་སྐྱེད་བཟང་བང་སོར་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་ཤིང་། སྔོག་འདོན་རྒྱ་ཁྱོན་སྨི་ངོས་གྲུ་300ཟིན་པ་དང་། བང་སོ་40གཙང་བཤེར་བྱས་ཡོད།

        སྐྱེད་བཟང་བང་སོ་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁུལ་དུ་གནས་པ་དང་། བོད་རང་སྐྱོང་ལྗོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་གིས་1984ལོར་ཤེས་རྟོགས་བྱུང་ཞིང་། སྐབས་དེ་དུས་བང་སོ་གསུམ་གཙང་བཤེར་བྱས་པ་རེད། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་རིག་དངོས་དང་དངོས་མང་བཤམས་སྟོན་ཁང་གི་འགན་འཁུར་བ་བཀྲ་ཤིས་ཚེ་རིང་གིས། སྐྱེད་བཟང་བང་སོ་ནི་བོད་ཀྱི་ལྟེ་བའི་ཁུལ་དུ་ཉེ་བའི་ལོ་ཤས་རིང་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྔོག་འདོན་བྱས་པའི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་བང་སོ་གལ་ཆེན་ཞིག་ཡིན་པ་དང་། བང་སོ་དེ་ཤེས་རྟོགས་བྱུང་བ་ལས་ཧྲང་རྒྱལ་རབས་དང་ཀྲོའུ་རྒྱལ་རབས་ཀྱི་དུས་སྐབས་རིང་བོད་ཀྱི་དབུས་རྒྱུད་ས་ཁུལ་དུ་བལྟོས་བཅས་བརྟན་ལྷིང་གི་རིག་གནས་ཁུལ་ཞིག་ཆགས་ཟིན་པ་གསལ་པོར་མཚོན་ཡོད་ཅེས་བཤད་པ་རེད།

        བང་སོའི་ཚོགས་འདི་ས་དོང་དང་རྡོ་ཁང་གི་བང་སོས་གཙོ་བོ་བྱས་ཤིང་། དེ་མིན་དོང་ཁང་བང་སོ་དང་རྡོའི་བང་སོ།ས་དོང་གི་བང་སོ་སོགས་ཡོད། བང་སོའི་ནང་གི་བང་སོའི་ཁ་ཕྱོགས་རྩ་བའི་ཆ་ནས་གཅིག་གྱུར་ཡིན་ལ་གཅིག་སྡུད་ཀྱི་ཁྱད་ཆོས་ལྡན་པས། དེའི་ཐོག་ནས་བང་སོ་དེ་དག་འཆར་གཞི་ངེས་ཅན་ལྡན་པའི་སྒོ་ནས་བསྐྲུན་པ་མ་ཟད།  སྐབས་དེ་དུས་འདས་མཆོད་ཀྱི་ཆོ་ག་ངེས་ཅན་ཞིག་ཆགས་ཟིན་པ་མཚོན་ཡོད། བང་སོའི་ནང་དུར་རྫས་ཅུང་ཉུང་ཤས་ལས་མེད་པ་སྟེ། གཙོ་བོ་དོང་ཁང་བང་སོ་ནས་དོན་ཡོད། དཔེར་ན། རྫ་ཆས་དང་། རྡོ་ཆས། ལྕགས་ཆས། ཟངས་ཆས། ཤེལ་ཕྲེང་སོགས་ཡོད། དེའི་ཁྲོད་རྫ་ཆས་མང་ཤོས་ཡིན་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། བང་སོ་དེ་དག་གི་དུར་འཇུག་བྱེད་སྟངས་ཀྱང་གཅིག་མཚུངས་ཡིན་ཞིང་། གཙོ་བོ་རྐང་ལག་སྐུམ་ནས་དུར་འཇུག་བྱེད་ཀྱི་ཡོད།

        ལོ་དཔྱད་གྲངས་གཞི་དང་། ས་རིམ་གྱི་འབྲེལ་བ། དུར་རྫས་རྣམ་པ། དུར་བཅུག་དངོས་རྫས་སོགས་ཀྱི་ཆ་འཕྲིན་དང་ཟུང་འབྲེལ་བྱས་ཏེ་དབྱེ་ཞིབ་བྱས་པར་གཞིགས་ན། ཐོག་མའི་ཆ་ནས་བང་སོའི་ལོ་རབས་དེ་དུས་རིམ་གསུམ་དུ་དབྱེ་བ་འབྱེད་ཆོག་སྟེ། དུས་རིམ་དང་པོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་13པའི་དུས་མཇུག་ནས་སྤྱི་ལོའི་སྔོན་གྱི་དུས་རབས་10པའི་དུས་མཇུག་བར་དང་། དུས་རིམ་གཉིས་པ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་4པ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་1པོའི་བར་ཡིན། དུས་རིམ་གསུམ་པ་ནི་སྤྱི་ལོའི་དུས་རབས་7པའི་གཡས་གཡོན་ཡིན་པ་རེད།

        བཀྲ་ཤིས་ཚེ་རིང་གིས། 2022ལོའི་སྐྱེད་བཟང་བང་སོའི་གནའ་རྫས་རྟོག་ཞིབ་ལས་དོན་ཁྲོད་སྐྱེད་བཟང་བང་སོའི་ཁྱབ་ཁོངས་དང་ནང་དོན།ལོ་རབས་སོགས་གཞི་རྩའི་ཆ་འཕྲིན་རྩད་གཅོད་རགས་ཙམ་བྱུང་ནས། གོམ་སྟབས་རྗེས་མའི་ཞིབ་འཇུག་དང་སྲུང་སྐྱོང་ལས་དོན་ལ་རྨང་གཞི་བཏིང་ཡོད། གནའ་རྫས་རྟོག་ཞིབ་ཀྱི་དཔྱད་གཞི་དེ་དག་གིས་མི་རྣམས་ནས་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་སྤྱི་ལོའི་གོང་གི་དུས་རབས་13པ་ནས་སྤྱི་ལོའི་དུས་རབས་7པའི་བར་གྱི་དུས་མཚམས་ཁག་གཅིག་གི་སྤྱི་ཚོགས་ལོ་རྒྱུས་རིག་གནས་ཤེས་རྟོགས་དང་། ས་ཁོངས་དེ་གའི་གནའ་རྫས་རྟོག་ཞིབ་རིག་པའི་ལོ་རབས་ཀྱི་ཚད་གཞི་དང་སྒྲོམ་གཞི།རིག་གནས་ཀྱི་གོ་རིམ་བཅས་བསྐྲུན་རྒྱུར་དཔྱད་གཞི་གསར་པ་མཁོ་འདོན་བྱས་ཡོད་པ་དང་། སྐྱེད་བཟང་བང་སོར་སྣ་མང་གི་རིག་གནས་ཁྱད་ཆོས་མངོན་ཡོད་པ་དེའི་ཐོག་ནས་ས་ཁོངས་མི་འདྲ་བའི་དབར་སྤེལ་རེས་དང་འབྲེལ་བ་བྱེད་པ་མཚོན་པ་དང་། བོད་ཀྱི་སྔ་དུས་ཀྱི་ལྕགས་ཆས་དུས་རབས་ཀྱི་རིག་གནས་མི་འདྲ་བ་བོད་ཀྱི་དབུས་རྒྱུད་ས་ཁུལ་དུ་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་རྣམ་པ་མངོན་ཡོད་པའི་ངོས་འཛིན་བྱས་འདུག

        ཁོང་གིས། གོམ་སྟབས་རྗེས་མར། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་སྐྱེད་བཟང་བང་སོར་གནའ་རྫས་རྟོག་ཞིབ་ཀྱི་དཔྱད་གཞི་ལེགས་སྒྲིག་བྱེད་པའི་ལས་དོན་དང་ལྷག་པར་དུ་ཚན་རྩལ་གནའ་རྫས་རྟོག་ཞིབ་ཀྱི་དབྱེ་ཞིབ་དང་ཞིབ་དཔྱད་ལས་དོན་མགྱོགས་སུ་གཏོང་རྒྱུ་ཡིན་པ་དང་། འོན་ཆུ་ལུང་ཤུར་གྱི་ས་ཁོངས་མ་ལག་ལ་མུ་མཐུད་བརྟག་དཔྱད་བྱས་ནས་སྐྱེད་བཟང་བང་སོ་གནས་སའི་ཁུལ་ཧྲིལ་པོའི་ལོ་རྒྱུས་ཤུལ་བཞག་གནས་ཚུལ་སོགས་ལ་ཤེས་རྟོགས་བྱ་རྒྱུ་ཡིན་ཞེས་བཤད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1