ཡུལ་སྐོར་ཟིན་བྲིས།

མྱིག་གཅོད། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།བོད་ལྗོངས་རིག་གནས་དྲ་བ། སྤེལ་དུས། 06-19



        2013ལོའི་སྤྱི་ཟླ་8ཚེས་25ཉིན་ང་རང་རྨ་ཆུའི་རྫོང་མཁར་ནས་ལམ་ལ་ཆས་ཏེ་དབལ་པན་ཚང་གི་སྐོང་གསེར་ཁ་མདོ་དང་ས་མིང་ཅན་གསའ་ཁོག་རིང་མོ་བརྒྱུད་ནས་གསའི་དྲུག་ཆེན་སུམ་མདོ་རུ་ཆགས་པའི་མགོ་ལོག་གཅིག་སྒྲིག་རྫོང་ལ་ཐོན། དེ་ནས་ཡར་འགྲོ་མར་འགྲོ་འགའ་བྱས་རྗེས་གློ་བུར་དུ་གཉན་པོ་གཡུ་རྩེར་འགྲོ་རྒྱུ་སེམས་ལ་ཤར། གཉན་པོ་གཡུ་རྩེ་ལ་ཐོན་དུས་འབྲོག་པ་ཚོས་རྟ་རྒྱུག་བྱེད་བཞིན་གདའ། ཉིན་འདིར་གཡུ་རྩེའི་མཚོ་ཁ་ན་ལྟ་སྐོར་བ་དེ་འདྲ་མང་བོ་མི་འདུག གཡུ་རྩེའི་ཁོར་ཡུག་འདི་ཤིན་ཏུ་གྲ་དག་ཅིག་རེད། ཁོར་ཡུག་ལ་བསམ་ནས་ངེད་ཅག་གིས་མཚོ་གཏེར་མ་བཞག་ལ་བསང་མཆོད་ཆུང་ཆུང་ཞིག་བྱས་ནས་ཆོག་པ་བྱས། མཐོང་སྣང་ལ་མཚོ་གཏེར་འཇོག་རྒྱུ་མང་དྲགས་པས་དབང་གིས་མཚོ་ནང་དུ་གཏེར་ཁུག་ནག་ཐར་རེ་རེད། རང་ཉིད་ཕྱུག་པོར་འགྱུར་བའི་ཀུན་སློང་དྲག་པོ་ཡིས་གང་ས་གང་དུ་མཚོ་གཏེར་བཞག་སྟེ་ཁོར་ཡུག་ལ་བཙོག་གྲིབ་བཟོས། འདི་ནི་སྲོལ་བཟང་ཡིན་ནམ་སྲོལ་ངན་ཡིན་རྗེས་རབས་པ་ཚོས་བསམ་བློ་གཏོང་དགོས་འདུག སྒོར་མོའི་ཆེད་དུ་ཡོད་ཚད་བརླག་པའི་དེང་གི་དུས་འདིར་ལྷག་ཏུ་བསམ་བློ་གཏོང་དགོས། ཕྱི་དྲོ་གཅིག་སྒྲིལ་ནས་རྔ་བ་རྫོང་ལ་བྱིན། རྔ་བའི་རྫོང་མཁར་གྱི་སྲང་ལམ་ཁ་ཤས་ཞིག་གསོ་བྱེད་ཀྱི་འདུག་ལ་སྲང་ལམ་ལ་འགྲོ་ནོར་བྱས་པས་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་བྱུང་ནས་པར་བརྒྱབ། ཉེན་རྟོག་པ་འདི་ཚོ་ས་ཆ་གཞན་གྱི་མིའི་ཐོག་ལ་ཤིན་ཏུ་བཙན། དེ་ནས་མཚན་བརྒྱབ་ཏེ་འབར་ཁམས་ཕྱོགས་སུ་ཆས། རྔ་བའི་འབྲོག་གི་རྩྭ་ས་འདི་བདག་སྐྱོང་བྱས་པ་བཟང་བ་ལ། ཕྱི་ཉིན་འབར་ཁམས་ནས་ཁྲོ་སྐྱབས་ཀྱི་ཐུགས་ཆེན་ལ་མཇལ་དུ་ཕྱིན། ཐུགས་ཆེན་ལ་མཇལ་མཁན་མང་བོ་འདུག་པ་འདི་ཇོ་བོའི་བཀའ་དྲིན་ཡིན་རྒྱུ་རེད། ཇོ་བོར་གསེར་ཚོན་ཕུལ་ན་སྒོར་ལྔ་བརྒྱ་རེ་དགོས། གྲྭ་བ་མང་བོ་མེད་མོད་གྲྭ་བ་ཚོས་ཨམ་སྐད་བཤད་ཤེས། གྲྭ་བ་མ་གཏོགས་འབངས་ཡོངས་ཀྱིས་བོད་ཡིག་མི་མཁྱེན་པའི་རྒྱལ་རོང་ས་ཆ་འདི་ཕལ་ཆེར་ཚར་ལ་ཉེ། བོད་ཡིག་ནི་ཆོས་འདོན་སྤྱད་ཙམ་པོ་རེད། ཕྱིར་ཡོང་དུས་སྡེ་བ་ཞིག་ཏུ་བཻ་རོའི་སྒྲུབ་ཕུག་ཡིན་ཟེར་བ་ཞིག་ལའང་མཇལ། ལམ་ཁ་ན་སྒོར་མོ་ལེན་ཐབས་ལ་ཉ་སྲོག་བླུ་གཏོང་ས་ཟེར་བ་མང་བོ་འདུག དེ་རིང་བཏང་བ་སང་ཉིན་བཟུང་བ་མང་བས་སྲོག་བླུ་གཏོང་མཁན་ཇེ་ཉུང་ཡིན་པ་འདྲ། དེའི་ཕྱིན་ཉིན་ཅོག་ཙེ་རྒྱལ་བོའི་མཁར་ལ་ལྟ་རུ་ཕྱིན། རྒྱལ་ཁང་འདི་གཞི་རྒྱ་ཤིན་ཏུ་ཆེ། རྒྱལ་ཁང་གི་ངོ་སྤྲོད་སྐོར་བོད་རྒྱ་དབྱིན་གསུམ་གྱིས་བྲིས་ཡོད་པས་སྟབས་བདེ་རེད། དེ་སྔོན་ཅོག་ཙེ་ཚང་གིས་བོན་དང་རྙིང་མ། བཀའ་བརྒྱུད། ས་སྐྱ། ཇོ་ནང་། དགེ་ལུགས་སོགས་ཆོས་ལུགས་གྲུབ་མཐའ་མང་བོ་བསྟེན་གྱི་ཡོད་ཚོད་རེད། རྒྱལ་ཁང་འདི་ནས་<<རྡུལ་འཚུབ་དྭངས་སོང་།>><<རྒྱང་སྐྱོད་>>ཟེར་བའི་གློག་བརྙན་དེ་འཁྲབ་པས་ན་སྙན་གྲགས་རྒྱས་ཀྱང་ཟེར། སྤྱི་ཟླ་8ཚེས་31ཉིན་འབར་ཁམས་ནས་ལམ་ལ་ཆས། ལམ་བར་ནས་གནའ་དུས་བོན་གྱི་བཀའ་བསྟན་པར་ལ་འཁོད་ས་ལྷ་རྒྱལ་གླིང་ལ་མཇལ་བསམ་མོད་ལག་ཏུ་ཅི་ཡང་མ་བྱུང་། དེ་ནས་ཡུད་ཙམ་ལ་ཁྱུང་མཆུའི་རྫོང་ཐོག་ཏུ་ཐོན།ཨ་ཁུ་ཞིག་བསྐྱལ་ཞོར་རྨེ་བ་དགོན་ཆེན་གྱི་མཆོད་རྟེན་ལ་མཇལ་དུ་སོང་། བཤད་པ་ལྟར་ན་མཆོད་རྟེན་འདི་ནི་བླ་མ་ཤེལ་ཕྲེང་ཚང་གིས་བཞེངས་བཞིན་ཡོད་ལ་འཛམ་གླིང་གི་མཆོད་རྟེན་ཨང་གཉིས་པ་དེ་རེད་ཟེར། ཨང་དང་བོ་དེ་གང་དུ་ཡོད་ཅེས་་དྲིས་དུས་ཨང་དང་བོ་དེ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་རེད་ཟེར། འདི་ནི་ཨ་ཁུ་ཁོས་བཤད་པ་རེད། སྔོན་ཆད་བདག་གིས་དེ་འདྲ་ཐོས་མ་མྱངས། ཁྱུང་མཆུ་ནས་ཟུང་ཆུ་ལ་འགྲོ་བའི་ལམ་ཁའི་བརླན་སའི་རྩྭ་ས་ནི་མཐའ་ཡས་པ་རེད། ཕྱི་དྲོ་ཟུང་ཆུའི་རྫོང་མཁར་ལ་ཐོན་དུས་ས་ཡང་རུབ་ལ་ཉེ། དགོང་མོ་ཟུང་ཆུའི་གནའ་མཁར་དུ་ལྟ་སྐོར་དུ་ཕྱིན། རྫོང་མཁར་འདི་རུ་རྒྱ་ཡོད་ལ་བོད་ཀྱང་ཡོད། རྒྱ་སྲང་ཡོངས་སུ་རྒྱ་ཡིག་གི་松洲དང་唐潮ཞེས་ཡི་གེ་འདི་གཉིས་ཀྱིས་གང་འདུག བསམ་ཚོད་ལ་ཕལ་ཆེར་ཐང་རྒྱལ་རབས་ངོམ་སོ་བྱེད་ཀྱི་ཡོད་པ་འདྲ། དེའི་ཕྱི་ཉིན་དུང་རིའི་གསེར་མཚོར་སོང་། དུང་རིའི་གསེར་མཚོའི་མཚོ་ཆུང་ཁ་དོག་མི་འདྲ་བ་འདི་དག་མཐོང་དུས་སེམས་ལ་བོད་འདི་ཁོར་ཡུག་ལ་བྱམས་སྐྱོང་ཆེ་ཨང་སྙམ་བྱུང་། ཉིན་འདི་གར་ཟུང་ཆུའི་བྱང་བྱ་དུར་དགའ་མལ་དགོན་དུ་གཡུང་དྲུང་བོན་གྱི་གཡས་རིའི་འཆད་རྩོད་ཚོགས་ཀྱི་ཡོད་ཟེར། རྔ་བ་དང་རེབ་གོང་། ཁྲི་ཀ ཆབ་ཆ་སོགས་ནས་ཡིན་ཟེར་བའི་མི་མང་བོར་འཕྲད། དུང་རིའི་གསེར་མཚོར་ལྟ་སྐོར་བྱས་ཚར་རྗེས་སྟག་ཚང་ལྷ་མོའི་ཕྱོགས་སུ་ཆས།མཛོད་དགེ་དང་ཁྱུང་མཆུའི་གཞུང་ལམ་གཡས་གཡོན་དུ་རྟ་ཞོན་ས་དང་ཞོ་འཐུང་སའི་ས་ཚུགས་མང་བོ་འདུག ཁོ་ཚོར་ཚོང་གི་ཀླད་པ་ཡོད་རྒྱུ་རེད། སྟག་ཚང་ལྷ་མོར་མ་སོང་ལོ་བཞི་འགོར། དེ་རིང་ཡང་བསྐྱར་ཐོན་དུས་ལུང་བ་དོག་མོ་འདི་རུ་ཁང་ཁྱིམ་ཤིན་ཏུ་མང་། གང་ས་གང་དུ་མགྲོན་ཁང་དང་བཟའ་ཁང་གིས་ཁེངས་འདུག ཡང་སྟག་ཚང་ལྷ་མོའི་གད་སྙིགས་མཐོང་དུས་བོད་འདི་གཙང་སྦྲ་ལ་མི་དགའ་བ་རེད་སྙམ་བྱུང་། ལམ་ཁ་ནས་མཚོ་ཁྲ་རབ་ལ་ཐུག  མཚོ་ཁྲ་རབ་དང་ཀླུ་ཆུའི་རྐྱང་ཚའི་མཚོ་རྒན་གཉིས་ཀྱི་ཁ་རུ་བོད་ཡིག་གི་མུ་གེ་བྱུང་འདུག  ད་དུང་མུག་གི་རྔ་མ་ལྡོག་གི་མེད། དེའི་ཕྱིར་དེ་རུ་མ་སོང་།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1