ཟླ་4ཚེས་4ཉིན། 2023ལོའི་དྭངས་གསལ་དུས་ཆེན་དུ་ཧུང་ཡོན་རྫོང་གིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བྱེད་སྒོ་ཁྱུང་མཆུ་གྲོང་རྡལ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་ར་བར་སྤེལ། མཉམ་དུ་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་སྐྱོ་སྣང་ཆེན་པོས་མྱ་ངན་ཞུས་པ་དང་རྗེས་དྲན་བྱས།
སྔ་དྲོའི་ཆུ་ཚོད་དགུ་ཡི་སྟེང་། མཆོད་འབུལ་བྱེད་སྒོ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་ཚུགས་པ་དང་། བྱེད་སྒོར་ཞུགས་མཁན་གྱི་མི་སྣ་ཡོངས་ཀྱི་ལག་ཏུ་ལུག་མིག་མེ་ཏོག་བཟུང་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་གུས་སྟབས་ཀྱིས་ལངས་པ་དང་། ཚང་མས་ངག་བསྡམས་ནས་སྐར་མ་གཅིག་གི་རིང་ལ་མྱ་ངན་ཞུས་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་འདུད་ཐེངས་གསུམ་ཞུས། འབྲེལ་ཡོད་ཏང་ཡོན་རྣམས་ཀྱིས་ཏང་ཞུགས་དམ་ཚིག་བསྐྱར་དྲན་བྱས་། ལོ་ཆུང་གདོང་ལེན་རུ་ཁག་གིས་བྱེད་སྒོའི་ཁྲོད《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུད་འཛིན་པ་ཡིན》ཞེས་པའི་གླུ་གཞས་བཏང་། དེ་ནས་ཚང་མས་རིམ་པ་བཞིན་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕུལ་བ་དང་། བང་སོའི་རྡོ་རིང་ཕྱིས་བ། རྡོ་རིང་ལ་བསྐོར་ནས་བློ་གཅིག་སེམས་གཅིག་ངང་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བ་བཅས་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་མྱ་ངན་ཞུས་པ་དང་རྗེས་དྲན་བྱས།
ཐེངས་འདིའི་དྭངས་གསལ་དུས་ཆེན་གྱི་མཆོད་འབུལ་བྱེད་སྒོ་སྤེལ་བ་བརྒྱུད། བྱེད་སྒོ་ཁྲོད་ཞུགས་མཁན་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ཀྱི་བློ་དཀར་སེམས་དཀར་གྱི་རྒྱལ་གཅེས་བརྩེ་སེམས་དང་རང་སྲོག་ལུས་བཏང་གི་སྙིང་སྟོབས་སོགས་ཡང་བསྐྱར་སློབ་སྤྱོང་དང་རྗེས་དྲན་བྱས་ནས། གསར་བརྗེ་རིག་གནས་ཀྱི་སྐུལ་ལྕག་འོག་ཏུ་སེམས་ཤུགས་གཅིག་སྒྲིལ་དང་དཔའ་ངར་མདུན་སྐྱོད་ཀྱིས་མཉམ་གཅིག་ཏུ་རྫོང་ཡོངས་ཀྱི་འབྱོར་ཕྱུག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། རྒྱུན་ཆད་མེད་པར་གསར་བརྗེའི་སྔོན་བྱོན་པས་གཏོད་པའི་རླབས་ཆེན་བྱ་གཞག་གོང་དུ་སྤེལ་ཏེ་རྒྱང་བསྐྱོད་ཀྱི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཤིག་ཏུ་གྱུར་ཡོད།