ཟླ་4ཚེས་1ཉིན་ཀྲུང་གོ་དང་ནེ་པ་ལའི་སྐམ་ལམ་གྱི་ཚོང་འགྲུལ་འགག་སྒོ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་སྐྱིད་གྲོང་འགག་སྒོའི་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་སླར་གསོ་བྱུང་བ་དང་། ཆབས་ཅིག་སྐྱིད་གྲོང་འགག་སྒོའི་འགྲུལ་ཟོག་སྐྱེལ་འདྲེན་བྱེད་ནུས་ཕྱོགས་ཡོངས་ནས་སླར་གསོ་བྱུང་ཡོད།
ཚེས་1ཉིན་སྐྱིད་གྲོང་འགག་སྒོ་ནས་མངའ་ཁོངས་ནང་ཡོང་མཁན་རླངས་འཁོར་54དང་། མངའ་ཁོངས་ནང་ཡོང་མཁན་152 མངའ་ཁོངས་ཕྱིར་འགྲོ་མཁན་81བཅས་ཡོད་པ་དང་། ནང་འདྲེན་ཚོང་ཟོག་ཏུན་86.2ཟིན་པར་རིན་གོང་སྒོར་ཁྲི་209.36ཟིན་ཡོད།
ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། སྐྱིད་གྲོང་འགག་སྒོ་ནས་གནས་སྒོ་བརྒྱབ་ཡོད། ཀྲུང་ནེ་རྒྱལ་ཁབ་གཉིས་པོས་ནད་ཡམས་འགོག་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཆེད། 2020ལོའི་ཟླ་7པར་འགག་སྒོ་ལས་ཁུངས་ཀྱིས་ནེ་པ་ལ་ཕྱོགས་རྐྱང་པར་ཕྱིར་གཏོང་བྱེད་རྒྱུ་དངོས་སུ་སླར་གསོ་བྱས་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ལེགས་སྒྲིག་དང་ཀྲུང་ནེ་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། 2022ལོའི་ཟླ་12ཚེས་28ཉིན་ནས་བཟུང་སྐྱིད་གྲོང་འགག་སྒོའི་ཕྱོགས་གཉིས་པོའི་ཚོང་དོན་སླར་གསོ་བྱུང་བ་དང་། ཟླ་བ་གསུམ་ལྷག་ཙམ་རིང་རིམ་རྩིས་བྱས་ན་ནེ་པ་ལར་དངོས་ཟོག་ཏུན་ཁྲི་0.98ཕྱིར་གཏོང་བྱས་པར་རིན་གོང་སྒོར་དུང་ཕྱུར་4.13ཟིན་པ་དང་། དངོས་ཟོག་ཏུན་ཁྲི་0.06ནང་འདྲེན་བྱས་པར་རིན་གོང་སྒོར་དུང་ཕྱུར་0.17ཟིན་ཡོད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་སྤུ་ཧྲེང་འགག་སྒོའི་མི་སྣ་འགྲོ་འོང་དང་འགྲམ་འགག་སྒོའི་ཕྱོགས་གཉིས་ཚོང་དོན་རིམ་བཞིན་སླར་གསོ་བྱས་ཏེ། ལེགས་རྩེ་འགག་སྒོའི་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། སྐྱིད་གྲོང་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་གང་མགྱོགས་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ་བཅས་བྱས་ནས། ཀྲུང་ནེའི་མཉམ་ལས་ལ་དེ་བས་རྒྱ་ཆེ་བའི་བར་མཐོངས་མཁོ་འདོན་དང་དེ་བས་ཆེ་བའི་སྒུལ་ཤུགས་སྣོན་རྒྱུ་རེད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐྱིད་གྲོང་འགག་སྒོས་ཀྲུང་ནེའི་ཚོང་དོན་གྱི་60%ཡན་འགན་འཁུར་གྱི་ཡོད། 2014ལོའི་ཟླ་12པར་སྐྱིད་གྲོང་ཕྱོགས་གཉིས་རང་བཞིན་གྱི་འགག་སྒོ་ཤར་གཏོང་ཐུབ་པ་དང་འབྲེལ་2017ལོར་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོར་རིམ་སྤོར་བྱས་ནས། ཀྲུང་གོ་དང་ནེ་པ་ལ་ཕུད་པའི་རྒྱལ་ཁབ་གསུམ་པར་སྒོ་མོ་ཕྱེ་ཡོད། 2022ལོའི་ཟླ་3པར་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་རྒྱུའི་ཆོག་མཆན་ཐོབ་ནས་བོད་ཀྱི་རྒྱལ་ཁབ་རིམ་པའི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་པོར་གྱུར་ཡོད།