༄༅། །གོམས་གཤིས་ངན་པ་འདི་དག་གིས་མཁལ་མ་ལ་གནོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 04-07


གོམས་གཤིས་ངན་པ་འདི་དག་གིས་མཁལ་མ་ལ་གནོད་པས། ངེས་པར་དུ་བསྒྱུར་དགོས།

        ད་ལྟའི་དུས་འདི་ལ། འཛམ་གླིང་ཡོངས་སུ་དལ་གཤིས་མཁལ་མའི་ནད་ཀྱི་འབྱུང་ཚད་བསྟུད་མར་ཇེ་མཐོ་ལ་འགྲོ་བཞིན་ཡོད་ཅིང་། མཁལ་མའི་རྡེའུ་སྐྲན(肾结石)ལྟ་བུའི་གཅིན་ཟགས་མ་ལག་གི་ནད་རིགས་ནི་རྒྱུན་མཐོང་དུ་གྱུར་ཡོད།

        ནད་བབ་ཅུང་ཡང་བའི་ནད་པའི་རིགས་ལ་མཚོན་ན། ནམ་རྒྱུན་འཚོ་བའི་ཁྲོད་དུ་ཚོད་འཛིན་བྱེད་པ་བཟང་ན། འཚོ་བ་ལ་ཤུགས་རྐྱེན་ཆེན་པོ་མི་འབྱུང་། ཡིན་ནའང་། གསོ་བཅོས་དུས་ལྟར་མི་བྱེད་པ་དང་། ནམ་རྒྱུན་ཡང་མཉམ་འཇོག་མ་བྱས་ན། གཅིན་ལམ་འགག་པ་ལས་རེད་པ་དང་། དེ་ནས་མཁལ་མའི་ནུས་པ་ཉམས་ཏེ་གཅིན་དུག་ཕོག་པ་ཡིན། དེར་བརྟེན། འཚོ་བའི་ཁྲོད་ཀྱི་གོམས་གཤིས་ངན་པ་འདི་ལྔ་ངེས་པར་དུ་བསྒྱུར་དགོས།

གཅིག སྤྲི་དཀར་རྫས་ཀྱི་འདུས་ཚད་མཐོ་བའི་ཟས་རིགས་བག་མེད་དུ་སྤྱོད་པ།

        སྤྲི་དཀར་རྫས་ཀྱི་འདུས་ཚད་མཐོ་བའི་ཟས་རིགས་ཀྱིས་ཚོ་བྱང་བ་དང་ཁྲག་མངར་ཚོད་འཛིན་ལ་ཕན་པ་ཡོད་ནའང་། ཡུན་རིང་དུ་སྤྱད་ན་ལུས་པོ་ལ་གནོད་པ་ཡིན།

        སྤྲི་དཀར་རྫས་ཀྱི་འདུས་ཚད་མཐོ་བའི་ཟས་རིགས་ཟ་དུས། མཁལ་རིལ་ཆུང་བའི་འཚག་ཕྱོད(滤过率)དང་མཁའ་མའི་ཁྲག་གི་རྒྱུག་ཚད་ཇེ་དྲག་ཏུ་འགྱུར་བར་མ་ཟད། ད་དུང་སྤྲི་དཀར་རྫས་ཀྱི་འབྱུང་ཁུངས་མི་འདྲ་བའི་ཟས་རིགས་ཀྱིས་དེ་ཉིད་ལ་ཐེབས་པའི་ཤུགས་རྐྱེན་ཡང་མི་འདྲ་ཞིང་། སྲོག་ཆགས་སྤྲི་དཀར་གྱི་ཤུགས་རྐྱེན་ཐེབས་ཚད་ཆེས་མངོན་གསལ་ཡིན།

        མཁལ་མའི་ནུས་པ་ལ་གནོད་སྐྱོན་ཕོག་ཡོད་པའམ་ཡང་ན་མཁལ་མའི་རྡེའུ་སྐྲན་ཡོད་པའི་མི་ལ་མཚོན་ན། སྤྲི་དཀར་རྫས་ཀྱི་འདུས་ཚད་མཐོ་བའི་ཟས་རིགས་ཟོས་ན། མཁལ་མའི་ནུས་པ་ལ་ཤུགས་རྐྱེན་ཐེབས་པ་དང་ནད་བབ་ཇེ་ལྕི་ལ་གཏོང་བ་ཡིན།

གཉིས། རྩྭ་སྐྱུར(草酸)གྱི་འདུས་ཚད་མཐོ་བའི་ཟས་རིགས་སྤྱོད་པ་ལ་མཉམ་འཇོག་མི་བྱེད་པ།

        མཁལ་མའི་རྡེའུ་སྐྲན་མང་ཤོས་ནི་རྩྭ་སྐྱུར་ཀལ་གྱི་རྡེའུ་སྐྲན་ཡིན་སྟབས། རྩྭ་སྐྱུར་གྱི་འདུས་ཚད་མཐོ་དྲགས་པའི་ཟས་རིགས་ལ་མཉམ་འཇོག་ལྷག་ཏུ་བྱ་དགོས།

        གལ་ཏེ། ཟས་རིགས་དེ་འདྲ་སྟེ་པོ་ཚལ(菠菜)དང་ཁོག་སྟོང་ཚོད་མ།(空心菜) ཁུར་སྲབ།(苋菜) དགུན་སྐྱེས་སྨྱུག་རྩ(冬笋)སོགས་བཟའ་རྒྱུ་ཟེར་ན། སྔོན་ལ་ཆུ་ཁོལ་མའི་ནང་དུ་གདུ་རུ་བཅུག་ནས་རྩྭ་སྐྱུར་གྱི་གྲུབ་ཆ་མང་ཤོས་མེད་པར་གཏང་དགོས།

གསུམ། བཏུང་བ་མངར་མོའི་རིགས་ཚོད་མེད་ངང་འཐུང་བ།

        ཞིབ་འཇུག་མང་བོ་ལས་གསལ་བ་ལྟར་ན། བཏུང་བ་མངར་མོ་དང་ཐཱན་སྐྱུར་བཏུང་བ་གཉིས་འཐུང་བ་ནི་མཁལ་མའི་རྡེའུ་སྐྲན་ལ་འབྲེལ་བ་ཡོད་པ་རེད།

        མཁལ་མའི་རྡེའུ་སྐྲན་ཡོད་པའི་ནད་པ་ཚོས་ཆུ་ཁོལ་མང་དུ་འཐུངས་ན། རྡེའུ་སྐྲན་ཕྱིར་འབུད་ལ་ཕན་པས། སྐྱེས་པ་ཚོས་ཉིན་རེ་ལ་ཆུ་ཁོལ་ཧའོ་ཧྲེང3000དང་སྐྱེས་མ་ཚོས་ཧའོ་ཧྲེང2000འཐུངས་ན་བཟང་བ་ཡིན།

བཞི། ཇ་གར་པོ(浓茶)འཐུང་བ།

        ཇ་གར་པོའི་ནང་གི་རྩྭ་སྐྱུར་གྱི་འདུས་ཚད་ཅུང་མཐོ་བས། དེ་ནི་རྩྭ་སྐྱུར་ཀལ་གྱི་རྡེའུ་སྐྲན་ཇེ་མང་དུ་འགྲོ་བའི་ཉེན་ཁའི་རྒྱུ་རྐྱེན་ཞིག་ཡིན།

        ཞིབ་འཇུག་ཁ་ཤས་སུ་ཇ་ལོའི་ནང་དུ་ཇ་ཏོ་ཧྥུན(茶多酚)དང་ཁ་ཧྥེ་དབྱིན(咖啡因)སོགས་ཀྱི་གྲུབ་ཆ་ཡོད་པ་དང་། ཇ་འཐུངས་ན་རྡེའུ་སྐྲན་འབྱུང་བར་སྔོན་འགོག་བྱེད་ཐུབ་ཅེས་བརྗོད་ནའང་། བྱེ་བྲག་གི་ཇའི་གར་ཚད་ཅི་འདྲ་ཡིན་པ་ལ་ད་དུང་ཞིབ་འཇུག་བྱ་དགོས་པ་ཡིན། དེར་བརྟེན། ཇ་གར་པོ་མ་འཐུངས་ན་བཟང་།

ལྔ། སྲོག་ཆགས་ཀྱི་ནང་ཁྲོལ་བཟའ་རྒྱུ་མང་བ་དང་མཚོ་ཟས(海鲜)རིགས་ཚོད་མེད་ངང་ཟ་བ།

        སྲོག་ཆགས་ཀྱི་ནང་ཁྲོལ་དང་མཚོ་ཟས་རིགས་ཀྱི་ནང་དུ་ཕུ་རོན(嘌呤)གྲུབ་ཆ་མང་བས། གཅིན་སྐྱུར་གྱི་ཟགས་ཚད་ཇེ་མང་དུ་བཏང་ནས་གཅིན་སྐྱུར་རྡེའུ་སྐྲན(尿酸结石)ཆགས་པར་བྱེད་པ་ན། མཁལ་མའི་རྡེའུ་སྐྲན་ཡོད་པའི་ནད་པ་ཡིས་དེ་གཉིས་ཀ་བཟའ་རྒྱུ་ཇེ་ཉུང་ལ་གཏང་དགོས།

        ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱུན་པར་ཟ་མ་སྣུམ་པོའི་རིགས་དང་། སྤྲི་དཀར་རྫས་ཀྱི་འདུས་ཚད་མཐོ་བའི་ཟས་རིགས། སྲོག་ཆགས་ཀྱི་ནང་ཁྲོལ་རིགས། མཚོ་ཟས་ཐོན་རྫས་སོགས་བག་མེད་དུ་ཟ་བ་དང་བཏུང་བ་མངར་མོའི་རིགས་མང་དུ་འཐུང་བའི་ནད་པར་རྡེའུ་སྐྲན་འབྱུང་བའི་ཚད་མཐོ་བ་དང་། དེ་ལས་ལྡོག་སྟེ་ཀལ་གྱི་འདུས་ཚད་མཐོ་བའི་ཟས་རིགས་དང་སིལ་ཏོག་རིགས། སྲན་མའི་རིགས་ཀྱི་ཟ་མ་སོགས་ཟོས་པ་མང་བའི་ནད་པ་ལ་རྡེའུ་སྐྲན་འབྱུང་བའི་ཚད་དམའ་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1