དཔྱིད་ཀ་ཤར་ཚུན་ལྷོ་ཁ་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། རྩེད་ཐང་གྲོང་ཁུལ་གྱི་ཆུ་ལོག་འགོག་པའི་ལས་གྲྭ་དང་མ་ལམ་གཙོ་བོའི་ཕྱོགས་བསྡུས་མདོང་ལམ་སོགས་གཙོ་གནད་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་ཨར་ལས་ཁུལ་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་། ལས་གྲྭའི་རླངས་འཁོར་འགྲོ་འོང་། བཟོ་པ་ཚོས་རང་འཁྲིའི་ལས་གནས་སུ་བྲེལ་འཚུབ་ཆེན་པོས་ལས་ཀ་བྱེད་བཞིན་པ་སོགས་གང་སར་ལས་ཀ་ཚ་ཚ་འུར་འུར་བྱེད་པའི་རྣམ་པས་ཁེངས་ནས། གྲོང་ཁྱེར་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
ལྟེ་བའི་གྲོང་ཁུལ་གྱི་ཡར་ལྷ་ཤམ་ཆུའི་ཆུ་ལོག་འགོག་པའི་ལས་གྲྭའི(དུས་ཐེངས་གཉིས་པ)འཛུགས་སྐྲུན་བྱ་ཡུལ་དུ་བཟོ་པ་དང་རླངས་འཁོར་ཆུ་འགྲམ་དུ་རིམ་པ་བཞིན་བང་བསྒྲིགས་ཏེ་གྲངས་གཞི་ཚད་འཇལ་དང་། རྒྱུ་ཆ་སྐྱེལ་འདྲེན། བྱེ་རྡོ་སྔོག་འདོན་བཅས་བྱས་ནས་ཛ་དྲག་དང་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད། རྣམ་གྲངས་འདིའི་ཁྲིམས་མིའི་འཐུས་ཚབ་ཁྲུའི་ལག་རྩལ་འགན་འཁུར་བ་སྐལ་བཟང་དོན་གྲུབ་ཀྱིས་རྣམ་གྲངས་ཀྱི་ཆུ་རགས་ཀྱི་སྤྱིའི་རིང་ཚད་སྨི་27988.12ཟིན་ཞིང་། མིག་སྔར་ཨར་འདམ་གྱི་ལུགས་སྨི་རྒྱ་དཔངས་གྲུ་བཞི་མ་20000ལྷག་ཙམ་བརྒྱབ་ཟིན་པ་དང་། ལུགས་བརྒྱབ་པའི་སྤྱིའི་རིང་ཚད་སྨི་10000ཟིན་ཏེ་སྔོན་དཔག་བྱས་ན་འདི་ལོའི་ཟླ་5པའི་ཟླ་མཇུག་ཏུ་ལེགས་སྒྲུབ་ཟིན་རྒྱུ་རེད་ཅེས་བཤད།
སྐལ་བཟང་དོན་གྲུབ་ཀྱིས“མྱུར་ཚད་འགན་ལེན་བྱ་ཆེད། རྣམ་གྲངས་ཉིན་གཅིག་ཀྱང་ལས་མཚམས་མ་བཞག་པར་ལས་མི་སྤྱོད་ཚད་རྒྱུན་ཆད་མེད་པར་མང་དུ་བཏང་སྟེ་ཁྱོན་བཟོ་པ་400ལྷག་ཙམ་གྱིས་ལས་གནས་བརྟན་པོ་བསྲུངས་ནས། འཛུགས་སྐྲུན་ལས་འགན་གྱི་སྤུས་འབོར་འགན་ལེན་བྱས་ཏེ་དུས་བཀག་ལྟར་ལེགས་སྒྲུབ་བྱས་ཡོད”ཅེས་བཤད།
ལྷོ་ཁ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་གྲོང་ཁྱེར་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་ཧོ་ཁྲའོ་ཡིས་ངོ་སྤྲོད་བྱས་དོན། ཧུའུ་པེ་ལམ་ཆེན་གྱི་ཕྱོགས་བསྡུས་མདོང་ལམ་གྱི་རིང་ཚད་ལ་སྟོང་སྨི་2.814ཡོད་པ་དང་2021ལོའི་ཟླ་12པའི་ཟླ་དཀྱིལ་དུ་ལས་འགོ་བཙུགས་པའི་རྣམ་གྲངས་ཀྱི་གན་རྒྱའི་དུས་ཚོད་ཟླ་བ་18ཡིན་ཞིང་། ད་ཆ་ལམ་རྒྱུད་ཧྲིལ་པོའི་མདོང་ལམ་དྲུ་བ་དང་། ཆར་ཆུ་དང་བཙོག་ཆུ་རྒྱུག་ས་དབྱེ་འབྱེད་སྒྱུར་བཀོད་སོགས་ཀྱི་ལས་ཀ་བྱས་ཟིན་པ་དང་། ལྕགས་གདུང་གཏོང་བ་དང་མདོང་ལམ་གྱི་གྲུབ་ཆ་གཙོ་བོ་སོགས་ཀྱང་སྤྱིར་ན་ལེགས་སྒྲུབ་ཟིན་པ། རིམ་རྩིས་བྱས་ན་མ་རྩ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ཡོད་པ་རེད། རྣམ་གྲངས་ལག་བསྟར་གྱི་འཕེལ་རིམ་མགྱོགས་སུ་གཏོང་ཆེད་རྣམ་གྲངས་དེས་འདི་ལོའི་ཟླ་1ཚེས་29ཉིན་དངོས་སུ་ལས་འགོ་བསྐྱར་འཛུགས་བྱས་རྗེས་རྒྱུན་མཐུད་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་ཉེ་དུས་ལས་ཀ་ལེགས་སྒྲུབ་ཟིན་རྒྱུ་རེད།