༄༅། །ཀླད་པའི་སྐྱེ་འཚར་དང་ལུས་ཁམས་ཀྱི་འཕེལ་རྒྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-10



གཅིག ཀླད་པ་ནི་མི་ལུས་ཀྱི་ཚོད་འཛིན་ལྟེ་གནས་ཡིན།

        ཉེ་བའི་ལོ་འགའི་རིང་ལ་ཀླད་པར་ཚན་རིག་གིས་ཞིབ་འཇུག་བྱས་པའི་ཐོག་ནས། ཕལ་ཆེར་ཐག་གཅོད་བྱས་ཆོག་པ་ནི་མིའི་རིགས་ཀྱི་ཤེས་རབ་ཀྱི་ནུས་པ་ནི་ཀླད་ཆེན་གྱི་འཁོར་སྐྱོད་ལ་བརྟེན་ནས་བྱུང་བ་རེད། ཀླད་པ་ནི་ཕལ་ཆེར་དབང་རྩའི་ཕྲ་ཕུང་དུང་ཕྱུར1000ལྷག་གིས་གྲུབ་པའི་མི་ལུས་ཀྱི་དབང་པོ་ཡིན་པ་དང་། ཀླད་པའི་ལྗིད་ཚད་ལ་མངོན་གསལ་དོད་པོ་དེ་འདྲ་མེད་མོད།འོན་ཀྱང་། དེ་ནི་མི་ལུས་ཀྱི་ཚོད་འཛིན་ལྟེ་གནས་ཡིན་ཞིང་། བྱེད་ནུས་སྣ་ཚོགས་ལ་བཀོད་སྒྲིག་བྱེད་བཞིན་ཡོད། དཔེར་ན། འཁོར་རྒྱུག དབུགས་ལེན་པ། ཟས་འཇུ་བ། ཕྱི་རོལ་ཡུལ་ལ་ཚུར་སྣང་བྱེད་པ། ཡན་ལག་འགུལ་བ་སོགས་ལྟ་བུ། ཚོར་དབང་གི་འགུལ་སྐྱོད་སྣ་ཚོགས ( སྣོམ་ཚོར། མཐོང་ཚོར། ལྕེ་ཚོར། རེག་ཚོར། ཉན་ཚོར། ) ཀྱི་ཆ་འཕྲིན་ཡང་ཀླད་པའི་ནང་ཐག་གཅོད་བྱེད་ཀྱིན་ཡོད། གཞན་ཡང་ཀླད་པས་མིའི་རིགས་ཀྱི་མཐོ་རིམ་ནུས་པ་ལ་འགན་འཁུར་བཞིན་ཡོད་ལ།བསམ་བློ་དང་། ཤེས་རྟོགས། དྲན་ཤེས། སྐད་ཆ། བློ་ཁ། མི་གཞི་བཅས་དང་། ཐ་ན་འཆར་གཞི་དང་སུན་སྣང་། སྡུག་བསྔལ། བརྩེ་བ་དང་འཇིགས་སྐྲག་གི་ཚོར་བ་སོགས་ནང་སེམས་ཀྱི་འདུ་ཤེས་ལ་ཡང་འགན་འཁུར་བཞིན་ཡོད།

        1.ཀླད་པ་ནི་འཇིག་རྟེན་ཁམས་སུ་ཆེས་རྙོག་འཛིང་དང་ཆེས་ཁྱད་མཚར་བའི་དབང་པོ་ཡིན།

        ཀླད་པའི་ལྗིད་ཚད་ལ་ཕལ་ཆེར་སྟོང་ཁེ1.3—1.4ལས་མེད་ཅིང་། སྤྱིར་བཏང་ལུས་ཕུང་གི་ལྗིད་ཚད་ཀྱི2%ལས་མི་ཟིན། ཀླད་པ་ནི་ཆུ(80%)དང་ཚིལ(10%)དང་སྤྲི་དཀར་རྫས(8%)བཅས་ཀྱིས་གྲུབ་པ་ཡིན། མིའི་རིགས་ཀྱི་ཀླད་པ་ཧ་ཅང་སྙི་ཞིང་ཐ་ན་ཟས་གྲི་ཡིས་ཀྱང་གཏུབ་ཐུབ། ཀླད་པའི་ནང་དུ་དུང་ཕྱུར1000ལས་བརྒལ་བའི་དབང་རྩའི་ལྷུ་ལག་ཡོད་ལ། དབང་རྩའི་ཕྲ་ཕུང་ངམ་ཀླད་པའི་ཕྲ་ཕུང་ཡང་ཟེར། དབང་རྩའི་ལྷུ་ལག་རེ་རེ་དང་དབང་རྩའི་ལྷུ་ལག་གཞན་དག་གི་བར་ལ་ཕྲ་ཕུང་ཁྲི4ལྷག་གིས་སྦྲེལ་ཡོད་ལ། དེར་འབུར་སྦྲེལ་ཟེར།དབང་རྩའི་ལྷུ་ལག་དུང་ཕྱུར1000ནི་འབུར་སྦྲེལ་ཁྲི4ལ་བསྒྱུར་ན། ཀླད་པའི་སྦྲེལ་མཐུད་ནི་འཇིག་རྟེན་ཁམས་ཀྱི་བརྟན་སྐར་ལས་ཀྱང་མང་། བྱེ་རྡུལ་གྱི་ཆེ་ཆུང་ལྟ་བུའི་ཀླད་པའི་རྩ་འཛུགས་ཁྲོད་དབང་རྩའི་ལྷུ་ལག་ཁྲི10དང་འབུར་སྦྲེལ་དུང་ཕྱུར10འདུས་ཡོད་པ་དང་། དེ་གཉིས་ཀྱི་ཕན་ཚུན་དབར་ལ“གླེང་མོལ”བྱེད་བཞིན་ཡོད།

        2.བྱིས་དུས་ཀྱི་ཉམས་མྱོང་གིས་ཀླད་པའི་དབྱིབས་གཏན་འཁེལ་བྱེད་པ་ཡིན།

        ཀླད་པའི་སྐྱེ་འཚར་ནི་མི་སེམས་ཅིག་ཅར་དུ་འཕྲོག་པའི་གོ་རིམ་ཞིག་ཡིན་པ་དང་། གཞི་རྒྱུ་དང་ཁོར་ཡུག་གཉིས་མཉམ་དུ་སྐྱེ་འཚར་གྱི་གོ་རིམ་ཁྲོད་དུ་ཞུགས་ཡོད། མངལ་ཆགས་པའི་དུས་སྐབས་ག་གེ་མོ་ཞིག་ལ་མངལ་གནས་ཕྲུ་གུའི་ཀླད་པས་སྐར་མ་རེར་དབང་རྩའི་ཕྲ་ཕུང་གསར་པ་ཁྲི25གསར་བཟོ་བྱེད་བཞིན་ཡོད། ཕྲུ་གུ་སྐྱེ་མ་ཐག་ཀླད་པའི་ནང་དུ་ཕལ་ཆེར་དབང་རྩའི་ལྷུ་ལག་དུང་ཕྱུར1000ལྷག་ཡོད་མོད།འོན་ཀྱང་། དེའི་ཁྲོད་ཀྱི་གྲངས་ཧ་ཅང་ཉུང་ཤས་ཤིག་རྐང་ཐུམ་གྱིས་གཡོག་པའམ་ཡང་ན་ཕན་ཚུན་སྦྲེལ་མཐུད་བྱས་ཡོད། ཚེ་སྲོག་གི་ཐོག་མའི་ལོ10རིང་ལ། བྱིས་པའི་ཀླད་པར་དུང་ཕྱུར་ཁྲི་ལྷག་གི་དབང་རྩའི་སྤྱིན་རྒྱུ་ཕྲ་ཕུང་གྲུབ་ཀྱིན་ཡོད་པ་དང་། དབང་རྩའི་སྤྱིན་རྒྱུ་ཕྲ་ཕུང་གིས་དབང་རྩའི་ལྷུ་ལག་གསར་འཛུགས་སྦྲེལ་མཐུད་བྱེད་པར་རམ་འདེགས་དང་།དབང་རྩའི་ལྷུ་ལག་གི་བདེ་ཐང་དང་འཁོར་སྐྱོད་གཏན་འཇགས་ལ་འགན་སྲུང་བྱེད་བཞིནཡོད།

        ཞིབ་འཇུག་གསར་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། སྔ་དུས་ཀྱི་བྱིས་པའི་ཉམས་མྱོང་གིས་འཕེལ་རྒྱས་དང་སློབ་སྦྱོང་གི་རྒྱབ་ལྗོངས་ཙམ་གསར་སྐྲུན་བྱེད་པ་མ་ཡིན་པར། ཀླད་པའི་ནང་གི་འབྲེལ་མཐུད་རྣམ་པར་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། ཀླད་པའི་ནང་གི་འབྲེལ་མཐུད་རྣམ་པས་ང་ཚོའི་བརྩེ་དུང་དང་སྐད་ཆ།བསམ་བློར་ཡང་ཤུགས་རྐྱེན་གཏིང་ཟབ་ཐེབས་བཞིན་ཡོད། ཉམས་མྱོང་གིས་བྱིས་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ཀླད་པའི་འཕེལ་རྒྱས་ཀྱི་དབྱིབས་ཀྱང་གཏན་འཁེལ་བྱེད་པ་རེད། ཕལ་ཆེར་བཞི་ཆའི་གསུམ་གྱི་ཀླད་པ་ནི་མི་སྐྱེས་པའི་རྗེས་སུ་ཁོར་ཡུག་དང་ཉམས་མྱོང་གི་འཕེལ་རྒྱས་རྒྱུ་རྐྱེན་བྱས་ནས་གྲུབ་པ་རེད། ལྷན་སྐྱེས་དང་རྗེས་ཐོབ་ནི་ནམ་ཡང་མཉམ་འབྲེལ་མཚམས་མེད་ཡིན།

        ཀླད་པ་ནི་སྐྱེས་རྗེས་ཀྱི་ཐོག་མའི་ལོ5ཡི་ནང་ལ་སྐྱེ་འཚར་ཧ་ཅང་མགྱོགས། འདྲ་བཤུས་ལས་མངོན་པ་ལྟར་ན། ཆེ་ཆུང་ཟླ་བ12ཀྱི་སྔོན་ལ། ཕྲུ་གུ་དམར་འབྱར་གྱི་ཀླད་པ་དང་རྒྱུན་ལྡན་ན་གཞོན་གྱི་ཀླད་པ་གཅིག་འདྲ་ཡིན། ལོ3སྔོན་གྱི་ཕྲུ་གུ་དམར་འབྱར་གྱི་ཀླད་པའི་འབྲེལ་མཐུད་ནི་ཕལ་ཆེར་མི་དར་མའི་ལྡབ2ཡིན། སྔོན་ལ་འཕེལ་རྒྱས་ཕྱིན་པའི་ཀླད་པའི་ཁུལ་ཏེ།དཔེར་ན། མཐོང་ཚོར་ཁུལ། དེ་ཡང་ཆེས་ཐོག་མར་རྐང་ཐུམ་ཅན(རྐང་ཐུམ་གྱིས་གཡོག་པ)གྱི་ཁུལ་ཡིན། འདིས་ཁུལ་འདི་སྔར་ལས་ལས་ཕྱོད་ལྡན་པར་རོགས་འདེགས་བྱེད་ཐུབ། ལོ3—10བར་སྤྱི་ཚོགས་ཀྱི་ནུས་པ། ཤེས་བྱ། བློ་ཁ། ལུས་ཁམས་ཀྱི་རྩལ་ནུས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཡིན།ལོ་འདིའི་བར་གྱི་བྱིས་པའི་ཀླད་པའི་འགུལ་སྐྱོད་ཀྱི་ཚད་ནི་མི་དར་མའི་ལྡབ2ཀྱི་ཡན་ཡིན་ལ། འབུར་སྦྲེལ་གསར་པ་གྲུབ་པ་ནི་རྒས་པའི་བར་དུ་རྒྱུན་སྐྱོང་མོད། འོན་ཀྱང་། ཀླད་པས་རྩལ་ནུས་གསར་པར་རྒྱུས་ལོན་དང་ཇུས་ཉེས་ལ་བཟོད་སྒོམ་བྱེད་པ་སྔོན་བཞིན་སླ་བ་ཞིག་གཏན་ནས་མིན། ལོ11སྐབས་སུ་ཀླད་པས་མགྱོགས་མྱུར་ངང་འབྲེལ་མཐུད་ལྷག་མ་འདོར་བ་དང་།ལྷག་པའི་ཕྱིར་ལོག་ནུས་པ་སྔར་ལས་མངོན་གསལ་དང་སྔར་ལས་ལས་ཕྱོད་ལྡན། ཀླད་པ་ནི་སྤྱོད་པ་ཡར་འཐེན་དང་མི་སྤྱོད་པ་ཕྱིར་ལྡོག་གི་རྩ་དོན་བེད་སྤྱོད་བྱས་པ་ཆེས་ལེགས་པའི་དཔེ་མཚོན་ཡིན། ཕྲུ་གུ་དམར་རྗེན་སྐབས་སུ་ཡང་ནས་བསྐྱར་དུ་བེད་སྤྱོད་བྱས་པའི་འབྲེལ་མཐུད་ནི་དུས་གཏན་རང་བཞིན་གྱི་འབྲེལ་མཐུད་དུ་གྱུར་བ་དང་།བེད་སྤྱོད་མ་བྱས་པ་དག་ནི་ཕྱིར་འདོར་བ་རེད།

        3.ཕྲུ་གུ་དམར་འབྱར་དང་བྱིས་པའི་དུས་སྐབས་ནི་དབང་རྩའི་ཕྲ་ཕུང་གི་གཟུགས་བསྒྱུར་ཐུབ་པའི་རང་བཞིན་ཆེས་ལེགས་པ་ཡིན།

        ཀླད་པའི་མདུན་གྱི་སུམ་ཆའི་གཅིག་སྟེ། ཀླད་པའི་ནང་གི་ལག་བསྟར་དོ་དམ་ལ་འགན་འཁུར་བའི་མདུན་དཔྲལ་སྐྱི་དཀར་ཁུལ་ཡིན། ལང་ཚོའི་དུས་སྐབས་ཀྱི་དུས་མཇུག་ནས་ལོ20བར་ལ་སྔར་བཞིན་རྒྱུན་མཐུད་དེ་ནར་སོན་བཞིན་ཡོད། ང་ཚོའི་བསམ་པར་ལོ18ནི་ནར་སོན་པར་འདོད་མོད། ཡིན་ཡང་།ཀླད་པ་ནི་ཡོངས་སུ་སྐྱེ་འཚར་བྱུང་བ་དང་བར་ཐག་རིང་། ལོ25འམ་ལོ26གི་བར་དུ་མདུན་དཔྲལ་སྐྱི་དཀར་ཁུལ་ལ་རྒྱུན་པར་རྐང་མར་ཁྲབ་རིས་གསོག་འཇོག་བྱེད་བཞིན་ཡོད། འདིས་ཀླད་པའི་དོ་དམ་ཁུལ་གྱི་ནུས་པ་སྔར་ལས་མཐོ་རིམ་གྱི་རྣམ་པ་དང་སྔར་ལས་ལས་ཕྱོད་ལྡན་པའི་ཆུ་ཚད་ཀྱིས་འཁོར་སྐྱོད་བྱེད་བཞིན་ཡོད།

        དེ་བས། ཚོར་བ་གཅིག་འདྲེས་ཀྱི་སྨན་བཅོས་ཁྲོད། དབང་རྩའི་ཕྲ་ཕུང་གི་གཟུགས་བསྒྱུར་ཐུབ་པའི་རང་བཞིན་ནི་ཕྲུ་གུ་དམར་འབྱར་དང་བྱིས་པའི་དུས་སྐབས་སུ་ཆེས་མངོན་གསལ་ཡིན་པ་དང་། འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད། དུས་རིམ་མི་འདྲ་བའི་ཕྲ་ཕུང་གི་གཟུགས་བསྒྱུར་ཐུབ་པའི་ཁྱད་ཆོས་ཀྱང་མི་འདྲ།

གཉིས། ཀླད་པའི་རྒྱུན་ལྡན་གྱི་འཁོར་སྐྱོད་ལ་དབྱཱང་དགོས།

        རྒྱུན་ལྡན་འཁོར་སྐྱོད་བྱེད་པར་ཀླད་པར་དབྱཱང་དགོས། སྐྱེ་དངོས་གཞན་པ་དང་འདྲ་བར་ཀླད་པ་ཡང་འབར་རྫས་ལ་བརྟེན་ནས་འཚར་ལོངས་དང་རྩལ་ནུས་འདོན་སྤེལ། རང་ངོས་བསྐྱར་གསོ་བཅས་བྱེད་པ་དང་། ཀླད་པའི་ཕྲ་ཕུང་གི་སྒུལ་བྱེད་འཕྲུལ་འཁོར་ལ་སྐུལ་འདེད་བྱེད་པར་རྒུན་འབྲུམ་མངར་ཆ་དང་དབྱཱང་གི་འཁོར་སྐྱོད་ལ་བརྟེན་དགོས།ཀླད་པ་ནི་དབྱཱང་ལ་བརྟེན་ནས་ནུས་ཚད་འདོན་དགོས་ལ། དབྱཱང་མེད་ན་ཐིག་རིལ་གཟུགས་ཞེས་པའི་དབང་རྩའི་ལྷུ་ལག“གློག་འདོན་བཟོ་གྲྭ”ཡིས་ཀླད་པའི་འཁོར་སྐྱོད་རྒྱུན་སྐྱོང་བའི་འདང་ངེས་ཀྱི་ནུས་ཚད་འདོན་མི་ཐུབ། ཀླད་པའི་དབང་རྩའི་ལྷུ་ལག་གི་འཚར་ལོངས་ལ་ཡང་རྒུན་འབྲུམ་མངར་ཆ་དང་དབྱཱང་གི་འཁོར་སྐྱོད་ཀྱི་ནུས་པའི་འདོན་སྤྲོད་ཆད་མི་རུང་།

        དེ་བས། ཚོར་བ་གཅིག་འདྲེས་ཀྱི་སྨན་བཅོས་ཁྲོད། ཚོར་བའི་མ་ལག་གི་ཟུག་གཟེར་ལས་གཞན། ཀླད་ཆེན་གྱི་དབྱཱང་ལྡན་འགུལ་སྐྱོད་ཀྱི་ཟབ་ཞུགས་ཀྱང་ཆད་མི་རུང་། དབྱཱང་ལྡན་འགུལ་སྐྱོད་ཀྱིས་སྙིང་གིས་ཁྲག་རྒྱུན་ཀླད་པའི་ནང་ལ་སྐྱེལ་བའི་ནུས་པ་མཐོར་འདེགས་གཏོང་ཐུབ་ཅིང་། དབྱཱང་དང་རྒུན་འབྲུམ་མངར་ཆའི་སྐྱེལ་འདྲེན་ལ་སྐུལ་འདེད་བྱེད་པ་དང་མཉམ་དུ།འགུལ་སྐྱོད་ཀྱིས་ཀྱང་དབང་རྩ་གྲུབ་པར་སྐུལ་འདེད་བྱེད་ལ། དེ་ནི་ཀླད་པར་དབང་རྩའི་ལྷུ་ལག་གསར་པ་གསར་སྐྱེས་བྱེད་པའི་ནུས་པ་ཡིན། ཞིབ་འཇུག་ལས་གསལ་བ་ལྟར་ན། ཚོད་ལྟ་ཁང་གི་ཙི་གུས་འགུལ་སྐྱོད་བྱེད་དུས་དཔྲལ་བ་དང་མཚོ་རྟའི་གཟུགས་ལ་དབང་རྩའི་ལྷུ་ལག་གསར་པ་གསར་སྐྱེས་འབྱུང་བཞིན་ཡོད།ཕྲ་ཕུང་གསར་པ་འདི་དག་ལ་ཟུག་གཟེར་ཐེབས་ན་མ་གཏོགས། ཕལ་ཆེར་གཟའ་འཁོར4ཡི་རྗེས་ནས་ཤི་འགྲོ། གལ་ཏེ་སེམས་ཁམས་དང་སྤྱི་ཚོགས་འབྲེལ་འདྲིས་ལ་བརྟེན་ནས་དབང་རྩའི་ལྷུ་ལག་གསར་པ་འདི་དག་ལ་ཟུག་གཟེར་བྱས་ན། དབང་རྩའི་ལྷུ་ལག་འདི་དག་གིས་དབང་རྩའི་ལྷུ་ལག་གཞན་པར་འབྲེལ་མཐུད་བྱེད་ཐུབ། ཀླད་ལམ་འདི་དག་གིས་ཕྲ་ཕུང་འདི་དག་མུ་མཐུད་དུ་འཁོར་སྐྱོད་བྱེད་ཐུབ། འགུལ་སྐྱོད་ཀྱིས་མཚོ་རྟའི་གཟུགས་ཀྱི་དབང་རྩའི་ལྷུ་ལག་ལ་ཕལ་ཆེར་ཉིན3གྱི་སྲུང་སྐྱོབ་ནུས་པ་ཐོན།དེ་བས། མ་མཐའ་ཡང་ཉིན3གྱི་རིང་འགུལ་སྐྱོད་ཐེངས1དང་ཡང་ན། གཟའ་འཁོར1ལ་འགུལ་སྐྱོད་ཐེངས3བྱེད་དགོས། ཞིབ་འཇུག་ལས་བདེན་དཔང་བྱས་པ་ལྟར་ན། རྒྱུན་པར་འགུལ་སྐྱོད་བྱས་ན་བཟང་ཆ་མང་བ་དང་། འགུལ་སྐྱོད་ཉུང་ན་ཀླད་ཆེན་གྱི་ཁྲག་འདོན་སྤྲོད་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ངེས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1