བོད་ལྗོངས་སྤོ་བོ་རྫོང་ནི་གནའ་དུས་སྤུ་བོ་ཀ་གནམ་རྒྱལ་པོའི་མངའ་ཁོངས་ཡིན་ཞིང་། དེའི་མངའ་ཁོངས་ལ་ལྷོ་རོང་ཆེན་བཅོ་བརྒྱད། མོན་ཚོ་ཁག་ལྔ། སྤུ་ཆུ་ལུང་དྲུག་བཅས་འདུས་ཡོད། བོད་ཀྱི་ལོ་རྒྱུས་ཐོག་ཡུལ་འདིར་རལ་གྲིའི་ཐོན་ཁུངས་ཡིན་ཞིང་། སྤུ་གྲི་ཞེས་པ་བོད་ཁམས་ཡོངས་ལ་སྐད་གྲགས་ཡོད་པ་རེད།
རྒྱལ་པོ་གཉའ་ཁྲི་བཙན་པོ་འཁྲུངས་ཡུལ་སྤུ་བོ་ནང་ཡིན་པ་དང་། ཁོང་ཆུས་དུས་རང་གཤིས་གྱོང་པས་ཡུལ་སྡེ་དང་མ་མཐུན་པ་ཡུལ་ཕུད་པའི་སྐོར་《ལྡེའུ་ཆོས་འབྱུང་།》ལས། ཡང་གསང་ཐེ་བྲང་ལས་ཆད་གཉའ་ཁྲི་བཏགས་སྐད། ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་བྱ་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་བྲང་མང་སྙ་ཨུ་བེ་ར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བར་འབྲེལ་བ། ཤིན་ཏུ་གདུག་རྩུབ་དང་ནུས་མཐུ་ཆེ་བ་གཅིག་བྱུང་བས། འདི་ཐུ་དྲགས་བཤུག་དགོས་ཟེར་ནས། སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་བྲང་སྐྱས་འདེབས་བྱས་ནས་བོད་དུ་བཤུགས་པ་ལ། དེར་བོད་ཀྱིས་མི་རྗེ་འཚོལ་བ་དང་ཕྲད་ནས་ཁྱོད་ཅི་འདྲ་ཞིག་ཡིན་བྱས་པས། ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིན་ཟེར་བས། འོ་ན་ཕྱག་སོར་དང་ལྕེ་ངོ་མཚར་ཆེ་བ་གཅིག་འདུག་པ། ཁྱོད་ལ་ནུས་མཐུ་འདྲ་བ་ཅི་ཡོད་བྱས་པས། ཁོ་ན་རེ་ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་པས་བཤུགས་པ་ཡིན་ཟེར། འོ་ན་ངེད་ཀྱི་རྗེ་བཅོལ་ལོ་བྱས་ནས། གཉའ་བའི་ཁྲི་ལ་བླངས་ནས། འདི་རྗེ་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེ་བཅོལ་བའི་ལོ་རྒྱུས་གདའ་སྟེ། དེ་ནི་རྗེའི་རྔན་ནམ་མཚང་ལགས་སོ། །འདི་ནི་གནའ་བོའི་བོད་ཀྱི་རྒྱལ་པོ་ཐོག་མའི་འབྱུང་ཁུངས་དངོས་ཀྱི་བཤད་སྲོལ་ཡིན་ཏེ། ཆོས་འབྱུང་འདི་དུས་རབས་བཅུ་གཉིས་པར་བརྩམས་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་ཤོས་ཤིག་རེད། འོན་ཀྱང་དུས་རབས་བཅུ་བདུན་དང་། བཅོ་བརྒྱད་པའི་ནང་ཙམ་ན་དེབ་འདིའི་ནང་བོད་ཀྱི་རྒྱལ་པོའི་རུས་ཁུངས་ཐེའུ་བྲང་ལ་གཏུགས་ཡོད་པ་འདི་ནི་རྒྱལ་པོ་ལ་དབའ་འབེབས་པའི་གཏམ་ཡིན་པས་དཔེ་ཆ་དམ་རྒྱ་དགོས་པའི་བཀའ་ཡིས་དེབ་འདི་པོ་ཏཱ་ལའི་དཔེ་མཛོད་དུ་བཀག་ཉར་བྱས་སྟབས་དེང་དུས་བར་བལྟ་ཀློག་མ་ཐུབ་པར་གྱུར་འདུག སྤྱི་ལོ་1987ལོར་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལ་བརྟེན་ནས་བོད་ཀྱི་རིག་གནས་ཉམས་གསོ་སྐབས་སུ་དཔེ་རྙིང་འདི་དམ་རྒྱ་ལས་གྲོལ་ཏེ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་འགྲེམས་སྤེལ་བྱས་སྟབས་ང་ཚོས་སླར་ཡང་ཞིབ་འཇུག་གི་གནས་སུ་གྱུར་པ་རེད།
བོད་ཀྱི་ལོ་རྒྱུས་ཐོག་བན་བོན་སྡང་ཞེན་གྱི་དབང་གིས་ནང་པའི་མཁས་པ་རྣམས་ཀྱིས་བོད་ཀྱི་རིག་གནས་ཐམས་ཅད་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་བྱས་པར་མ་ཟད། མི་རྒྱུད་དང་རུས་རྒྱུད་ཀྱང་རྒྱ་གར་ལ་གཏུགས་གང་ཐུབ་བྱས་ཡོད་པའི་སྟབས་ཀྱིས་རྗེས་སུ་གཉའ་ཁྲི་བཙན་པོ་ལོ་རྒྱུས་དོན་དངོས་དང་མི་མཐུན་པའི་ལྷ་སྒྲུང་གི་བཤད་སྲོལ་འདི་བྱས་འདུག
གཅིག སྤུ་བོའི་ཡུལ་གྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་དང་འབྲེལ་བའི་གཏམ་རྒྱུད།
སྤྱི་ལོ་2014ལོའི་ཟླ་བ་2པའི་ཚེས་26ཉིན། བོད་ལྗོངས་སྤོ་བོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ནས་གདན་ཞུས་ལྟར། ཁོ་བོ་སྤོ་བོ་རྫོང་དུ་རྒྱལ་པོ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ལ་བརྟག་ཞིབ་ཏུ་ཕྱིན་པ་ཡིན། སྐབས་དེར་སྤོ་བོ་རྫོང་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཀྲང་གཅིག་ལྕོགས་ཏོང་ཀུའེ་ཅུན་ (懂贵军)དང་། རིག་གནས་ཅུས་ཀྱི་བསོད་ནམས་དབང་ཕྱུག་རྣམ་གཉིས་ཀྱིས་ངོ་སྤྲོད་གནང་བ་ལྟར་གཉའ་ཁྲི་བཙན་པོ་དང་འབྲེལ་བའི་སྤུ་བོའི་ཡུལ་མིའི་གཏམ་རྒྱུད་འགའ་ཞིག་ངོ་སྤྲོད་ཞུ་བར།
སྤུ་བོ་རྫོང་ནས་བྱང་ཕྱོགས་སུ་ལེ་དབར་སུམ་ཅུ་ཙམ་ན་ཆུ་མདོ་སྡེ་ཤོག་ཡོད་འདུག དེ་ན་བྱ་མོ་ཁ་ཟེར་བའི་གྲོང་ཚོ་ཆུང་ངུ་ཞིག་ཡོད་པ་དེ་ནི་རྒྱལ་པོ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ཡིན་པ་དང་། གྲོང་མིང་བྱ་མོ་ཁ་ཟེར་བ་ནི་གཉའ་ཁྲི་བཙན་པོའི་མ་ཡུམ་གྱི་མིང་ཡིན་པར་བཤད། བདེན་དོན་ནི་ནམ་ཡང་རྫུན་འགེབ་བྱ་མི་ཐུབ་པ་ཞིག་སྟེ། གནའ་བོའི་ཡིག་རྙིང་ལྡེའུ་ཆོས་འབྱུང་ནང་དུ་སྤུ་བོའི་མི་མོ་བྱ་མོ་བཙུན་བྱ་བའི་རུམ་ན་ཐེ་བྲང་མང་སྙ་ཨུ་བེ་ར་འཁྲུངས་ཞེས་འཁོད་ཡོད་པ་དང། དེང་དུས་སྤུ་བོ་ཆུ་མདོ་སྡེ་པའི་མི་རྣམས་ཀྱི་ཁ་ན་བྱ་མོ་ཁ་ཞེས་པའི་གྲོང་འདི་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ཡིན་པ་དང་། གྲོང་མིང་དེ་གཉའ་ཁྲིའི་མ་ཡུམ་གྱི་མིང་ལས་བྱུང་བ་ཡིན་པའི་བཤད་སྲོལ་བསྡད་ཡོད་པ་འདི་གཉིས་མ་གྲོས་གཅིག་མཐུན་བྱུང་བ་འདིས་ཆེས་གནའ་བོའི་དུས་ནས་གཉའ་ཁྲི་བཙན་པོ་འཁྲུངས་ཡུལ་སྤུ་བོ་ཡིན་པའི་བཤད་སྲོལ་དེ་བདེན་དོན་ར་སྤྲོད་ཡོད་པར་མ་ཟད། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་གནམ་གྱི་ཁྲི་བདུན་པོ་ཐམས་ཅད་ཀྱི་རུས་མིང་མ་ཡུམ་ལས་བཞེས་ཡོད་ཚུལ་འདི་ལ་བརྟག་ན། བྱ་མོ་ཁ་ཞེས་གྲོང་པ་འདི་ཡང་ཐོག་མར་གཉའ་ཁྲི་བཙན་པོའི་ཡབ་གཞིས་ཀྱི་མིང་ཡིན་ཞིང་། དེ་ལ་བརྟེན་ནས་ད་ལྟའི་བར་གྲོང་མིང་གནས་ཐུབ་ཡོད་པར་ངེས། བྱ་མོ་ཁའི་གྲོང་གི་རྒྱབ་ཀྱི་གངས་རི་མཐོན་པོ་ཞིག་ཡོད་པ་དེ་ལ་ས་ཕ་བཙན་རྒོད་ཆེན་མོ་ཟེར། མིང་གཞན་བཙན་རྒོད་སྤུ་རི་སྤུ་བཙན་ཟེར་ཞིང་དེ་ནི་རྒྱལ་པོ་གཉའ་ཁྲི་བཙན་པོའི་ཕ་ཡབ་ཡུལ་ལྷར་གྱུར་པའི་མིང་ཡིན་ཟེར་སྲོལ་འདུག རི་དེའི་གཡས་ཕྱོགས་ཀྱི་རི་གདོང་དུ་ནགས་ཚལ་ཞིག་ཡོད་པ་དེ་ལ་ཟན་ས་གཡུང་དྲུང་མཚོ་མོ་ཞེས་ཡུལ་དེས་གསོལ་མཆོད་བྱ་ཡུལ་གྱི་གཞི་བདག་གལ་ཆེན་ཞིག་ཡིན་འདུག ལོ་ལྟར་ཡུལ་དེའི་གྲོང་ཚོ་ཁ་ཤས་ལྷན་ཏུ་འདུས་ནས་ཟན་ས་གསོལ་མཆོད་དང་འབྲེལ་ནས་གླིང་ཁའི་དུས་སྟོན་བདུན་ཕྲག་རེ་ཙམ་གཏོང་སྲོལ་ཡོད་འདུག བཙན་རྒོད་སྤུ་རི་སྤུ་བཙན་གྱི་གཡས་གཡོན་གྱི་གངས་རི་དང་། རྫ་རི། དེའི་འོག་དེལ་འབུར་སོགས་ཡོད་པ་དེ་དག་རེ་རེ་བཞིན་ཡུལ་ལྷ་གཞི་བདག་ཡིན་པ་སོ་སོའི་མིང་ལ། ཆུ་དམར་རོང་བཙན་ཆེན་མོ། རྫ་ཕུའི་ཨ་མྱེ་སྤྲེལ་ཐོད། རྦེ་རྒ་བུ་མོ་སྤུན་བདུན། དབྱར་ཁིང་མི་དཀར་རྟ་དཀར། སྔོན་པོ་མཐིང་ཨ་མྱེ་ཕྲིན་ལས་རྒྱལ་པོ་ཟེར་བའི་ཡུལ་ལྷ་གཞི་བདག་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་བྱུང་ཡང་རི་འབུར་དང་། དེའུ་འབུར་འགའ་ཞིག་ནི་ད་ལྟར་ཁོ་བོས་གསལ་པོར་མ་ངེས། གྲོང་དེའི་རྒྱབ་ངོས་ཀྱིས་གཡོན་ཕྱོགས་རི་མགོ་ན་གུང་ཐང་མཚོ་ཞེས་པའི་མཚོ་ཆེན་པོ་ཞིག་ཡོད་པ་ད་ལྟའང་གུང་ཐང་མཚོ་ཞེས་ཟེར་ཞིང་འདུག འོན་ཀྱང་མཚོ་དེ་ལོ་ངོ་ཉིས་སྟོང་གི་གོང་ན་གཉའ་ཁྲི་བཙན་པོ་འཁྲུངས་ནས་ལོ་བཅུ་གསུམ་པའི་ལོ་དེར་མཚོ་འཕྱུར་ཞིང་ཆུ་ལོག་རྒྱུག རི་ཞོལ་གྱི་གྲོང་སྡེའི་ནང་གི་མི་ཚང་ཕལ་ཆེར་ཆུ་ལོག་གིས་དེད། གྲོང་དེར་གཉའ་ཁྲི་བཙན་པོ་ལས་གཞན་པའི་ཕྲུ་གུ་གཅིག་ཀྱང་མ་ལུས་པ་ཆུ་སྐྱོན་རྐྱེན་གྱིས་འདས་གྲོངས་སོང་སྟབས། ཡུལ་མི་བོན་སྔགས་རྣམས་ཀྱིས་གཉའ་ཁྲི་བཙན་པོ་ལྟས་ངན་ཅན་གྱི་ཕྲུ་གུ་ཡིན་པས་མཐར་བསྐྲད་མ་བྱས་ན་ཡུལ་ཁམས་མི་བདེའི་ལུང་བསྒྲགས་ནས་གཉའ་ཁྲི་བཙན་པོ་ཡུལ་ཕུད་པ་དང། གཉའ་ཁྲི་བཙན་པོ་ཆུང་དུས་ནས་སྟོབས་རྩལ་ཆེན་པོ་ཡོད་པས་ནགས་ཁྲོད་དུ་དམ་དང་འཐབ་ནས་དམ་བསད་པ་དང་། རྒྱུན་ཏུ་རི་དྭགས་རྔོན་ནས་ཕ་མ་དང་རྒན་རབས་ལ་བྱམས་སྐྱོང་གིས་ཞབས་ཞུས་སྒྲུབ་མཁན་ཞིག་ཡིན་པའི་བཤད་སྲོལ་མང་པོ་ཡོད་འདུག
ཆུ་མདོ་སྡེ་ཤོག་གི་གཡོན་ཕྱོགས་ནས་ཆུ་བོ་ཆེན་པོ་ཞིག་འབབ་བཞིན་འདུག་པ་དེའི་མིང་ལ་ཡ་ཀླུངས་གཙང་པོ་ཟེར། སྤོ་བོ་རྫོང་ཨུ་ཏོང་པུའུ་ཀྲང་གིས་དགོངས་བཞེད་ལ། རྒྱལ་པོ་གཉའ་ཁྲི་བཙན་པོ་ནི་རང་ཁྱིམ་དང་རང་ཡུལ་ལ་ཞེན་པ་ཆེ་བ་ཞིག་ཡིན་སྟབས་ཁོང་རང་སྐྱུར་ནས་ཡུལ་གཞན་འགྲིམས་དགོས་པ་བྱུང་བ་དང་། ཁོ་རང་གི་རྟེན་གཞིས་ཡུམ་བུ་བླ་སྒང་གི་འཁྲིས་སུ་འབབ་པའི་ཆུ་བོ་དེ་ལ་རང་ཡུལ་དྲན་རྟེན་གྱི་ཆེད་དུ་ཡར་ཀླུངས་གཙང་པོ་ཞེས་མིང་བཏགས་ནས་རྗེས་སུ་དེང་དུས་ལྷོ་ཁའི་ཕྱོགས་ནས་འབབ་པའི་ཆུ་བོ་འདི་ཡོངས་གྲགས་ཀྱི་ཡར་ཀླུངས་གཙང་པོ་ཆགས་པ་མིན་ནམ་སེམས། ཞེས་གསུངས་པ་ཡང་དཔྱད་འོས་པ་ཞིག་རེད། །
གཉིས། སྤུ་ལྡེའུ་གུང་རྒྱལ་དང་འབྲེལ་བའི་གཏམ་རྒྱུད་སྐོར།
སྤུ་རྒྱལ་བདུན་པ་གྲི་གུམ་བཙན་པོ་ལོ་ངམ་གྱིས་བཀྲོངས་པའི་རྗེས་སུ། སྲས་གསུམ་པོས་རྒྱལ་ས་མ་ཟིན་པར་བྲོས་བྱོལ་ཕྱིན་ནས་སྤུ་ཀོང་ཉང་གསུམ་གྱི་རྗེ་བོ་བྱས་ཚུལ། མཁས་པའི་དགའ་སྟོན་ལས། གཅེན་པོ་ཤ་ཁྲིས་ཀོང་རྗེ་མཛད། འབྲིང་པོ་བྱ་ཁྲིས་སྤུ་རྗེ་མཛད། ཆུང་བ་ཉ་ཁྲིས་ཉང་རྗེ་མཛད་ཅེས་དང་། ལྡེའུ་ཆོས་འབྱུང་ལས། ཤ་ཁྲི་ཉང་པོ་རྗེ་བོ་དང་། བྱ་ཁྲི་ཀོང་པོའི་རྗེ་བོ། ཉ་ཁྲི་སྤུ་བོའི་རྗེ་བོ་མཛད་ཚུལ་སོགས་རྒྱལ་རབས་དེབ་ཐེར་རྣམས་འཁོད་ཚུལ་མི་འདྲ་བ་ཅུང་ཟད་ཡོད་འདུག་ཀྱང་དོན་དུ་གྲི་གུམ་བཙན་པོའི་སྲས་གསུམ་གཅིག་སླར་ཡང་རང་གི་ཡབ་མེས་ཀྱི་ཡུལ་དུ་སོང་ནས་རྗེ་བོ་མཛད་པའི་ལོ་རྒྱུས་ཡོད་པ་རེད། དེ་བཞིན་དུ་སྤུ་བོའི་ཡུལ་མིའི་ངག་རྒྱུན་དུ་སྲས་ཤ་ཁྲི་རང་ཡུལ་དུ་ཕེབས་པའི་སྐོར་གྱི་རི་ཆུ་ལུང་གསུམ་དང་འབྲེལ་བའི་བཤད་སྲོལ་མང་པོ་ཞིག་ད་ལྟའི་བར་དུ་གནས་འདུག དཔེར་ན། སྤུ་བོ་ཆུ་མདོ་གྲོང་ནས་ཤར་ཕྱོགས་ཀྱི་ལུང་པའི་ཕུ་ན་གསང་ནང་ལུང་པ་ཟེར་བ་ཡོད་པ་དང་། དེར་སྐུང་ལུང་འཇུ་ཞེས་པ་ཤ་ཁྲི་ཐོག་མར་ཡུལ་དེར་ཕེབས་སྐབས་ཁོང་གབ་སྐུང་བྱ་ཡུལ་དང་། ཤ་ཁྲི་ཕུག་པ་ཞེས་པ་ཤ་ཁྲི་བཞུགས་གནས་དང། ཤ་ཁྲིའི་ཕྲེད་ལམ་ཞེས་པ་ཤ་ཁྲི་ཕེབས་པའི་ལམ། ཇ་གསོ་ཚང་ཞེས་པ་ཤ་ཁྲི་ཉིན་ལྟར་གསོལ་ཇ་བཞེས་སར་ཕེབས་པའི་དུད་ཚང་བཅས་ཡོད་པའི་བཤད་སྲོལ་ཏེ། དེ་ལྟར་ཤ་ཁྲི་བཞུགས་སའི་ཕུག་པ་དང་། ཕེབས་སའི་ལམ། གསོལ་ཇ་བཞེས་པའི་དུད་ཚང་རྣམས་ཀྱི་མིང་དེ་ལྟར་བྱུང་བར་ཡིན་པར་ད་ལྟའང་གྲགས། ། དེ་ནས་སྲས་ཤ་ཁྲིས་ཡུལ་དེར་ཁྱིམ་ཐབ་བཞེས་ཤིང་ཁྱིམ་གཞིས་ཆགས། སྲས་ཡང་འཁྲུངས། ལོ་བཅུ་གསུམ་གྱི་རྗེས་སུ་བློན་པོ་རུ་ལས་སྐྱེས་ཀྱི་ལོ་ངམ་བཏུལ་ཞིང་རྒྱལ་སྲིད་འཕྲོག་པ་དང་། སྲས་ཤ་ཁྲི་ཡུམ་བུའི་མཁར་དུ་གདན་དྲངས། ཡུམ་སྲས་ཤུལ་དུ་བཞུགས་པའི་བརྒྱུད་པ་དེང་དུས་སྤུ་བོ་ཀ་གནམ་རྒྱལ་པོའི་གདུང་རབས་རྣམས་ཡིན་པར་བཤད། དེ་ཡིས་རྐྱེན་གྱིས་ལོ་རྒྱུས་ཐོག་སྤུ་བོ་ཀ་གནམ་རྒྱལ་པོས་དགའ་ལྡན་ཕོ་བྲང་གི་གཞུང་ལ་བརྩི་འཇོག་མེད་པ་ཐེངས་མང་པོ་ལོ་ཁྲལ་མ་འཇལ་བས་ཀ་སྡེ་བར་གྱི་འཁྲུག་པ་བྱུང་བ་དང་། ཁྲལ་མ་འཇལ་བའི་རྒྱུ་མཚན་ཡང་ཀ་གནམ་རྒྱལ་པོས་བོད་རྒྱལ་པོའི་གདུང་རྒྱུད་ཀྱི་གཞུང་དངོས་ངེད་ཀ་གནམ་རྒྱལ་པོ་ཡིན་སྟབས། སྡེ་པ་གཞུང་ལ་ཁྲལ་འཇལ་བའི་འོས་འགན་མེད་ཅེས་བཤད་ཅིང་ཡོད་པ་རེད་ཅེས་ཟེར། །
བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་ཆེ་བའི་ནང་སྤུ་རྗེ་མཛད་མཁས་སྲས་བྱ་ཁྲི་ཡིན་པ་དང་། དེ་སླར་ཡང་ཡུམ་བུའི་མཁར་དུ་གདན་དྲངས་པ་སྤུ་ལྡེའུ་གུང་རྒྱལ་ཡིན་ཟེར་ཡང་། སྤུ་བོ་ཡུལ་མིའི་ངག་རྒྱུན་དུ་ཤ་ཁྲི་ཡིན་པའི་བཤད་སྲོལ་ཡོད་འདུག གཅིག་བྱས་ན་ཤ་དང་བྱ་གཉིས་སྒྲ་གདངས་འཁྲུལ་ནས་སྤུ་བོའི་ངག་རྒྱུན་འགྱུར་བ་མིན་ནམ་སྙམ་པས་སླད་ནས་དཔྱད་པར་ཞུ། །