༄༅། །ཡོས་ལོའི་འབྱུང་རྩིས་དང་འབྲེལ་བའི་དམངས་སྲོལ་ཤེས་བྱ་བཤད་པ།

སྔོ་དེའུ་སྒོམ་པ་བཀྲ་ཤིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 04-13


        ད་ལོ་སྟེ་སྤྱི་ལོ༢༠༢༣ལོ་ནི་བོད་རྩིས་ཀྱི་རབ་བྱུང༡༧པའི་བགྲང་བྱ༣༧པ་ཡིན། ལོ་འདིའི་མིང་ལ་ལེགས་སྦྱར་སྐད་དུ་ཤོ་བྷ་ན་ཟེར་ཞིང་། སེམས་འགྲེལ་སྐོར་གསུམ་གྱི་ནང་ཚན་ཕྱག་རྡོར་སྟོད་འགྲེལ་ལུགས་ཀྱི་བརྡ་ལ་མཛེས་བྱེད་དང་། རྒྱ་རྩིས་སུ་གྲགས་པའི་མ་ཧཱ་ཙི་ནའི་ཧོང་ལིས་སམ་གསེར་རྩིས་སུ་ཀུས་མའོ(癸卯)དང་། བོད་གངས་ཅན་པ་རྣམས་ཀྱིས་ཆུ་མོ་ཡོས་ཞེས་བྱའོ། །

 ཆུ་མོ་ཡོས་ཞེས་པའི་ཆུ་ནི། སྨིན་གླིང་ལོ་ཆེན་གྱིས་མཛད་པའི་འབྱུང་རྩིས་ཟླ་བའི་འོད་ཟེར་དུ། བརྩི་བྱའི་གཞི་ནི་འབྱུང་ལྔ་སྟེ། །ཤིང་མེ་ས་ལྕགས་ཆུ་ལྔ་བོ། །དེ་རྣམས་མ་བུ་དགྲ་གྲོགས་བརྩི། །ཞེས་གསུངས་པ་ལྟར། འབྱུང་རྩིས་ཀྱི་གཞུང་རྣམས་སུ་བརྩི་བྱའི་གཞི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཀ་འབྱུང་བ་ལྔ་ལས་གྲུབ་ཅིང་འབྱུང་བ་ལྔའི་བདག་ཉིད་ཅན་དུ་བཤད་པའི་ནང་ཚན་གྱི་འབྱུང་བ་ཆུའི་ཁམས་མཚོན་བྱེད་ཀྱི་བརྡ་ཡིན་ཞིང་། འབྱུང་ལྔའི་མཚན་ཉིད་དང་། བྱེད་ལས། འབྱུང་བ་དེ་རྣམས་མཐུན་སྙོམས་འོང་བ་གལ་ཆེ་ཚུལ་བཅས་ནི། གཞུང་དེ་ཉིད་དུ། ཤིང་སོགས་རིམ་བཞིན་གཡོ་སྲེག་དང་། །སྲ་གཅོད་བརླན་ལྔའི་མཚན་ཉིད་འཛིན། །བྱེད་ལས་མ་འཁྲུགས་བདེ་སྟེར་ཞིང་། །འཁྲུགས་ན་ན་འཆིའི་སྡུག་བསྔལ་འབྱུང་། །དེ་ཕྱིར་འབྱུང་འདུས་ཕུང་བོ་ལ། །རྣམ་རྟོག་ལས་བསྐྱེད་འདུ་བ་ཡི། །ནད་དང་ཡེ་འབྲོག་གཤེད་བཞིས་སྤྱོད། །བདེ་སྡུག་མ་ལུས་འབྱུང་བས་བྱེད། །དེ་བསལ་ཕྱིར་ན་རྩིས་འདི་གཅེས། །ཞེས་གསུངས་པ་ལྟར་ལ། ཆུ་མོ་ཞེས་པའི་མོ་ནི། འབྱུང་རྩིས་ཟླ་བའི་འོད་ཟེར་དུ། ཕོ་ལོ་མོ་ལོའི་དབྱེ་བ་ནི། །བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ། །གླང་ཡོས་སྦྲུལ་ལུག་བྱ་ཕག་མོ། །ཞེས་ལོ་ཟླ་ཞག་དུས་རྩི་བྱེད་ཀྱི་སྲོག་ཆགས་བཅུ་གཉིས་པོ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཕོ་མོ་གཉིས་སུ་ཕྱེ་བའི་ནང་གི་མོའི་ཕྱོགས་སུ་གཏོགས་པ་མཚོན་བྱེད་དང་། ཡོས་ནི། གཞུང་དེ་ཉིད་དུ། འབྱུང་རྩིས་ཐོག་མར་གསུངས་པའི་ཚེ། །ཐེ་སེ་བྱང་སྨད་བྱི་བའི་སྟེང་། །གནས་ཕྱིར་བྱི་བ་ལོ་འགོར་བཞག །དེ་ནས་གླང་སྟག་ཡོས་འབྲུག་སྦྲུལ། །རྟ་ལུག་སྤྲེ་འུ་བྱ་ཁྱི་ཕག །ཅེས་ལོ་ཟླ་ཞག་དུས་རྩི་བྱེད་སྲོག་ཆགས་བཅུ་གཉིས་ཀྱི་ཐོག་མ་ཇི་ལྟར་བྱུང་ཚུལ་དང་དེ་དག་གི་གོ་རིམ་བསྟན་ཅིང་། རེ་རེའང་དབང་ཐང་ལྔ་ལྔ་རུ། །ཕྱེ་བས་ལོ་རྒན་དྲུག་ཅུར་འགྱུར། །ཞེས་བྱི་བ་དང་གླང་སོགས་ལོ་སྐོར་བཅུ་གཉིས་འབྱུང་བ་ལྔ་དང་བསྡེབས་ན་བགྲང་བྱ་དྲུག་ཅུར་འགྱུར་ཞིང་། ཤིང་བྱི་ནས་ཆུ་ཕག་བར་ལོ་ངོ་དྲུག་ཅུ་རྫོགས་པར་འཁོར་བ་ལ་ལོ་རྒན་དྲུག་ཅུ་ཞེས་འཇིག་རྟེན་ན་གྲགས། དེའི་ནང་ན་ཤིང་མེ་ས་ལྕགས་ཆུ་ལྔ་དང་འགྲོགས་པའི་ལོ་ལྔ་རེ་སྡེ་ཚན་རེ་བྱས་ཏེ་ལྔ་ཚན་བཅུ་གཉིས་ཡོད་པ་ལ་བྱི་སྡེ་ལྔ་དང་གླང་སྡེ་ལྔ་སོགས་ཀྱི་ཐ་སྙད་བཏགས། ཡོས་ནི་བྱི་བ་ནས་བགྲང་བའི་ལོ་རེས་ལྔ་བ་དང་། ངོ་ཐོག་གི་གནམ་ལོ་ཆུ་ཡོས་ནི་ལོ་རྒན་དྲུག་ཅུའི་ནང་གི་ཤིང་བྱི་ནས་བརྩིས་པའི་བགྲང་བྱ་བཞི་བཅུ་བ་ཡིན་ནོ། །

       ཆུ་མོ་ཡོས་ལོའི་གནམ་ལོ་དང་ལོ་དེར་སྐྱེས་པའི་གང་ཟག་གི་སྲོག་གི་འབྱུང་བའམ་སྲོག་གི་ཁམས་ཤིང་དང་ལུས་ལྕགས་དབང་ཐང་ཆུ་ཀླུང་རྟ་མེ་བླའི་ཁམས་ཆུ་ལ་བབ་འདུག །ལོ་འདི་ནི་ཤིང་ལྕགས་ཆུ་མེ་བཅས་འབྱུང་བ་བཞི་ལྡན་གྱི་ལོ་ཞིག་སྟེ། གནམ་ལོའི་སྨེ་བའམ་དགུ་གླིང་གི་དབུས་སྨེ་བཞི་ལྗང་ལ་བབ། རྩིས་གཞུང་དུ། དེ་ཡང་སྲོག་དང་དབང་ཐང་གཉིས། །གཅིག་པ་ཁ་ཡན་དབང་ཐང་ནི། །སྲོག་གི་མར་སོང་ཁོང་ནོང་ལོ། །ཞེས་པ་ལྟར། ལོ་འདིའི་དབང་ཐང་སྲོག་གི་མར་སོང་ཡོད་པས་ཁོང་ནོང་ཟེར་བའི་ལོ་ལ་བབ་ཡོད་དོ། །

       འབྱུང་རྩིས་ཟླ་བའི་འོད་ཟེར་དུ། དེ་རྣམས་གནས་ལུགས་ཕྱོགས་བསྟན་པ། །ཤར་སྟོད་སྟག་ལ་ཤར་སྨད་ཡོས། །ཞེས་པ་ལྟར། ཆུ་ཡོས་ལོའི་ལོ་ལ་དབང་བའི་ལོ་ལྷ་གནས་ཕྱོགས་ཤར་སྨད་ཡིན་པས། རོང་བ་རྣམས་ཀྱིས་ཞིང་ལ་ལོ་ཏོག་གི་ས་བོན་ཐོག་མར་འདེབས་སྐབས་ལོ་ལྷའི་ཕྱོགས་སུ་ཁ་འཁོར་ནས་བཀྲ་ཤིས་པའི་ཁ་གཡང་དང་བཅས་ས་བོན་དེ་ཕྱོགས་སུ་འཐོར་བར་བྱེད་ཅིང་། འབྲོག་པ་རྣམས་ཀྱིས་གནམ་ལོ་གསར་ཚེས་ཀྱི་ནངས་མོར་སྒོ་ཕྱུགས་རྟ་ནོར་ལུག་གསུམ་ལོ་ལྷའི་ཕྱོགས་ཀྱི་རྩྭ་སར་འདེད་པའི་སྲོལ་ཡོད་པ་དང་། ལོ་སར་ཚེས་གཅིག་ཉིན་གྱི་ནངས་སྔ་མོར་ལོ་ལྷ་གནས་པའི་ཕྱོགས་སུ་རྟེན་འབྲེལ་གྱི་མཆོད་ཁ་འཕེན་པ་སོགས་རང་བྱུང་འབྱུང་ཁམས་ཆེན་པོར་དད་མོས་བྱེད་པའི་གནའ་བོའི་ཡུལ་ཆོས་ཀྱི་ཤུལ་རྒྱུན་ཇི་སྙེད་ཅིག་ད་ལྟ་མ་ཉམས་པར་མཆིས་པ་ནི་མི་རིགས་རིག་གནས་ཀྱི་ཚེ་སྲོག་མི་ཉམས་ཡུན་རིང་དུ་གནས་པའི་འདེགས་རྟེན་ཡིན་ནོ། །

       འབྱུང་རྩིས་ཀྱི་གཞུང་དུ། བདུན་ཟུར་རང་ལོ་ནས་བརྩིས་པའི། །བདུན་པ་གནམ་ལོར་ཤར་བ་དང་། །ཞེས་གསུངས་པ་ལྟར། ལོ་སྐོར་བཅུ་གཉིས་པོ་ལས་ངོ་ཐོག་གི་གནམ་ལོ་དེ་ནས་ལུགས་འབྱུང་ལུགས་ལྡོག་གང་རུང་དུ་བདུན་བརྩིས་པའི་ལོ་རེས་བདུན་པ་དེ་བདུན་ཟུར་ལ་ངོས་འཛིན་པར་བྱེད་ཅིང་། དམངས་ཁྲོད་ངག་རྒྱུན་དུ། བྱི་རྟ་རྒྱུག་པའི་བདུན་ཟུར། གླང་ལུག་བརྡུང་བའི་བདུན་ཟུར། སྟག་སྤྲེལ་མཆོང་བའི་བདུན་ཟུར། བྱ་ཡོས་ཟན་གྱི་བདུན་ཟུར། ཁྱི་འབྲུག་སྐད་ཀྱི་བདུན་ཟུར། ཕག་སྦྲུལ་ཚང་གི་བདུན་ཟུར་ཞེས་བདུན་ཟུར་ལ་ཁེལ་བའི་ལོ་རེས་དེ་དག་ལ་གོང་སྨོས་ཀེག་ངོ་དེ་དག་གང་རུང་འབྱུང་སྲིད་པར་བཤད་སྲོལ་ཡོད་ལ། བདུན་ཟུར་དེ་ལ་ལོ་བདུད་ཅེས་ཀྱང་ཟེར་ཞིང་། བདུན་ཟུར་རམ་ལོ་བདུད་ཀྱི་ཕྱོགས་སུ་གཏོར་ཟོར་འཕངས་ཏེ་བཟློག་པ་བྱེད་པ་དང་། ལོ་སར་ཁའི་ཟླ་བ་དེར་འཆར་ཅན་དུ་རང་ཁྱིམ་ལ་དུད་ཕྱགས་དང་རྡུལ་སྤྲུགས་གཙང་མར་བརྒྱབ་པའི་གད་སྙིགས་གླུད་རྫོངས་ཀྱི་ཚུལ་དུ་གནམ་ལོ་གསར་བའི་བདུན་ཟུར་གྱི་ཕྱོགས་སུ་སྐྱེལ་བ་དང་། རོང་བ་རྣམས་ཀྱིས་ཞིང་ཐོག་མར་རྨོ་སྐབས་ཐོང་ཁ་དེ་ཕྱོགས་སུ་འབྱེད་པ་སོགས་ཀྱི་སྲོལ་ཡོད་ཅིང་།ད་ལོ་ཆུ་མོ་ཡོས་ལོའི་བདུན་ཟུར་རམ་ལོ་བདུད་གནས་ཕྱོགས་ནུབ་སྨད་བྱའི་ཕྱོགས་ལ་བབ་ཡོད་དོ། །

       སྤྱིར་ལོ་འདིར་སྐྱེས་པའི་གང་ཟག་སྒེར་བ་ལ་མཚོན་ན། གཙུག་ལག་རྩིས་ཀྱི་བསྟན་བཅོས་ཆེན་པོ་བཻ་དཀར་ལས། ཡོས་བུའི་ལོ་ལ་གང་སྐྱེས་པ། །ང་རང་ཕོ་རེང་མོ་རེང་སྟེ། །སྤང་བོའི་རྩི་ཏོག་རྒྱས་པས་ན། །བྲེ་མོའི་ན་ལ་ང་མི་རེ། །རྒྱལ་ཁམས་མི་ལོ་ལེགས་པས་ན། །ཁ་གང་ཟས་ཀྱིས་མི་འབོར་ཏེ། །ཕ་དྲིན་ཆེ་རུང་མི་ཆེ་རུང་། །མི་འཁྱགས་ཙམ་གྱི་གོས་ཀྱིས་བཀབ། །མ་དྲིན་གོས་ལ་རེ་བ་མེད། །ད་ལྟ་འདྲ་ན་སྐྱིད་དོ་ཟེར། །ལྟོ་ཆུང་གཡོ་ཆེ་ཐབས་ལ་མཁས། །ཁོང་ངན་ཕྲལ་གང་འཛུམ་ཁ་སྙི། །ཞེས་གསུངས་པའི་སྐྱོན་ཡོན་དེ་དག་སྤང་བླང་མ་འཛོལ་བར་བྱ་འོས་ཤིང་། བྱེ་བྲག་ཏུ་ལོ་འདིར་ཡོས་ལོ་བ་རང་ལོ་ལ་བབ་ཡོད་པས་རང་ཀེག་རྩུབ་པ་དང་། བྱ་ལོ་བ་ལ་བདུན་ཟུར་རྩུབ་པ། གནམ་ལོར་དབང་ཐང་གཅིག་པ་ཁྱིམ་མཚེས་རྩུབ་པ། ཕག་ལུག་གཉིས་ལ་མཐུན་གསུམ་རྩུབ་པ། བྱི་རྟ་གཉིས་ལ་བཞི་གཤེད་རྩུབ་པ་དང་། སྐྱེས་སྨེ་བཞི་ལྗང་དང་བབ་སྨེ་བཞི་ལྗང་ལ་བབ་པ་སྨེ་བ་དབུས་ཆུད་དང་། སྤར་ཁ་རང་གི་སྐྱེས་སྤར་ལ་བབ་པ་གསང་ཀེག་རྩུབ་པར་བཤད་སྲོལ་ཡོད་ལ། ལོ་འདིའི་གནམ་ལོའི་སྲོག་གི་ཁམས་ཤིང་ཡིན་པས། ལོ་རེས་ཅི་ཡིན་ལ་ལྟོས་པ་མེད་པར་སྲོག་ཁམས་ས་གང་ཡིན་གྱི་གང་ཟག་ཕལ་བ་དག་གིས་སྲོག་བླུ་ཚེ་ཐར་གཏོང་བ་དང་། ལུས་ཁམས་ཤིང་གང་ཡིན་གྱིས་ཕྱག་སྐོར་བྱེད་པ་དང་། དབང་ཐང་གི་ཁམས་མེ་གང་ཡིན་གྱིས་ཚོགས་གསོག་སྦྱིན་གཏོང་བྱེད་པ་དང་། ཀླུང་རྟའི་ཁམས་ལྕགས་གང་ཡིན་གྱིས་ཀླུང་རྟ་གསོ་སྐྱེད་ཀྱི་ཆོ་ག་སྤེལ་བ་དང་། དེར་འབྲེལ་ཕག་ལུག་ཡོས་གསུམ་ལོ་བའི་ཀླུང་རྟའི་ཁམས་མེ་ཡིན་པས་ཀླུང་རྟའི་དར་ལྕོག་གི་ཁ་དོག་དམར་བོ་བྱེད་པ་དང་། ཀླུང་ལྷ་སྡེ་བཞིའི་ནང་གི་ཕག་ལུག་ཡོས་གསུམ་ལོ་བའི་ཀླུང་ལྷ་མེ་མོ་སྦྲུལ་གནས་ཕྱོགས་ལྷོ་སྟོད་ཡིན་པས་དེ་ཕྱོགས་སུ་རླུང་རྟ་སྤུར་བ་དང་། བླའི་ཁམས་མེ་གང་ཡིན་གྱིས་ལོ་འདིར་ས་རྐོ་རྡོ་སློག་ཆུ་ལས་སྤོང་བ་སོགས་འབྱུང་རྩིས་ཀྱི་མ་བུ་དགྲ་གྲོགས་བརྩི་སྲོལ་དང་ཀླུང་རྟ་ངོས་འཛིན་སོགས་དང་འབྲེལ་བའི་དམངས་སྲོལ་བྱེད་སྒོ་དང་འཛེམ་བྱ་ཇི་སྙེད་ཅིག་མཆིས་པ་ཞིབ་པར་གཞན་ལས་ཤེས་པར་བྱའོ། །

       བཻ་དཀར་གཡའ་སེལ་ལས། ཀེག་སྤྲང་པོས་བསྐོར་ཀྱང་། ཀེག་རིམ་རྒྱལ་པོས་དཀའ་ཞེས་པ་ལྟར་ལགས་པས་ན། ཀེག་རིགས་སྣ་ཚོགས་ཀྱི་ངོ་ལེན་རྐྱེན་སེལ་བཟློག་རིམ་རྩིས་གཞུང་དུ་ཞིབ་པར་གསལ་བ་རང་འཁོས་དང་བསྟུན་པའི་སྒོ་ནས་གང་འོས་བྱ་བ་དང་། དབྱངས་འཆར་ལས། གཅིག་ཏུ་ཡིད་ནི་དག་པ་ལ། །མི་རྟོག་ཕྱིར་ན་འདི་མི་དགོས། །ཞེས་ཀྱང་གསུངས་ལ། གཙོ་བོ་ནམ་རྒྱུན་སེམས་བཟང་བོ་བྱ་བ་དང་། ཟས་སྤྱོད་ལ་གཟབ་པ། སྡིག་སྤོང་དགེ་སྒྲུབ་བྱེད་པ་སོགས་ཀྱི་ལྟ་སྤྱོད་དང་གོམས་སྲོལ་བཟང་བོ་མེས་པོ་གོང་མ་ནས་མི་བར་ཁྱིས་མ་ཆོད་པར་བརྒྱུད་པ་གང་དག་ཇི་སྙེད་ཅིག་ཡོད་པ་དེ་དང་དེ་དག་ལེགས་པར་ཤེས་པར་བྱ་ཞིང་རྒྱུན་སྐྱོང་བ་དང་། དེའི་ཐོག་ཏུ་ནམ་ཞིག་གཉིས་མེད་རྒྱུད་ཀྱི་རྒྱལ་བོའི་ཟབ་གསང་གི་དགོངས་དོན་ཇི་བཞིན་རྟོགས་ནས་ཚུལ་བཞིན་ཉམས་སུ་ལེན་པ་གཞན་དུས་ཀྱི་འཁོར་ལོ་ཤེས་པ་ལ་རག་ལས་ཤིང་། གཞན་དུས་ཀྱི་འཁོར་ལོ་ཤེས་པ་ནང་དུས་ཀྱི་འཁོར་ལོ་ཤེས་པ་ལ་རག་ལས་པ་དང་། ནང་དུས་ཀྱི་འཁོར་ལོ་ཤེས་པ་ཕྱི་དུས་ཀྱི་འཁོར་ལོ་ཤེས་པ་ལ་རག་ལས། ཕྱི་དུས་ཀྱི་འཁོར་ལོ་ཤེས་པ་སྐར་རྩིས་རིག་པ་ཤེས་པ་ལ་རག་ལས་ཞེས་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་སྒྲོས་སུ་སྣང་བས།རྣམ་དཔྱོད་ཀྱི་མིག་དང་ལྡན་པའི་གཞོན་སྐྱེས་དག་གིས་མི་རིགས་རང་གི་ཐུན་མིན་དམངས་སྲོལ་ལམ་ཡུལ་ཆོས་དང་འབྲེལ་བ་ཟབ་ཅིང་། ལྷག་པར་དུ་སྐར་རྩིས་རིག་པའི་ཡན་ལག་ཏུ་གཏོགས་པའི་འབྱུང་རྩིས་རིག་པ་ལའང་དོ་སྣང་དང་དོན་གཉེར་གང་འཚམ་བགྱི་རིགས་སོ། །

       སྨྲས་པ།

རྩེ་གཅིག་དད་པའི་ཡིད་ཀྱི་མཁའ་དབྱིངས་སུ།།

ཚོགས་གཉིས་ཡོན་ཏན་དཔལ་གྱིས་མངོན་མཐོ་བ།།

རིགས་གསུམ་སྒྱུ་འཕྲུལ་བླ་མ་ལྷག་པའི་ལྷས།།

བདུད་བཞིའི་གཡུལ་ལས་རྒྱལ་བའི་ཤིས་པ་སྩོལ།།


ཆུ་མོ་ཡོས་ཀྱི་གནམ་ལོ་གསར་བ་འདིར།།

ཟླུམ་གཟུགས་ས་ཡི་གོ་ལའི་ཁྱོན་ཡངས་པོར།།

ནད་མུག་འཐབ་འཁྲུག་འབྱུང་བཞིའི་གནོད་འཚེ་ཞི།།

རྒྱལ་བདེ་འབངས་སྐྱིད་ལེགས་ཚོགས་དར་དྲགས་ཤོག།


ཕྱི་རུ་བཀྲ་ཤིས་ནམ་མཁའ་དག་པའི་མཁའ།།

ནང་དུ་བཀྲ་ཤིས་སེམས་ཉིད་དག་པའི་ཀློང་།།

གསང་བའི་བཀྲ་ཤིས་ཆོས་ཉིད་དག་པའི་དབྱིངས།།

མཁའ་ཀློང་དབྱིངས་གསུམ་བཀྲ་ཤིས་གང་ཡིན་པ།།

བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1