ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོར་གཞོགས་འདེགས་བྱ་ཆེད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་བཅས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《ཏང་གི་རང་ངོས་གསར་བརྗེའི་སྐོར་གླེང་བ》དང་། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་ཆེད་དོན་གནད་བསྡུས》 《བརྟག་དཔྱད་ཞིབ་འཇུག་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》སོགས་སློབ་སྦྱོང་གི་དཔྱད་ཡིག་གསུམ་དངོས་སུ་དཔེ་སྐྲུན་བྱས་པ་དང་ཚེས་9ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
སློབ་སྦྱོང་དཔྱད་ཡིག་3པོའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སྙན་སྒྲོན་དང་། གསུང་བཤད། རྩོམ་ཡིག མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་བསྡུ་རུབ་དང་གནད་བསྡུས་བྱས་ཡོད། དེའི་ནང་གི་ནང་དོན་ཁག་གཅིག་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན་པ་རེད།
རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་ཇི་མ་ཇི་བཞིན་དུ་བྱེད་པ་དང་། བསམ་བློ་མང་ཙམ་གཏོང་བ་དང་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕུགས་བསམ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར་བྱེད་པ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།