མངལ་གྱི་ཆུ་འཛིན་ཐོག་མར་གྲོལ་ཞིང་སློབ་ཐོན་གྱིས་མཚན་བཟང་བཞེངས་པ།
རབ་དཀར་གངས་རི་ལྷུན་པོའི་ཕྲག་ནས་ལུང་རིག་གི་རལ་པ་གྱེན་དུ་གསིལ་བའི་དུས་ཀྱི་སེངྒེ་དཀར་མོའི་ལྷག་བསམ་གྱི་རང་མདངས་ཁ་བའི་ལྗོངས་སུ་མངོན་ཞིང་། གངས་རི་ལ་དུང་བའི་རྣམ་དཔྱོད་ཀྱི་གངས་ལྷ་མེ་ཏོག གངས་ལྗོངས་རིག་པའི་དགའ་ཚལ་དུ་བཞད་དེ། དཔའ་ངར་དང་སྙིང་སྟོབས་ཀྱི་གསོན་ཤུགས་བརྟས་པའི་ཆུ་བར་བརྟན་པོས། བློ་གྲོས་དང་སྤོབས་པའི་རྩལ་ཡོངས་སུ་རྫོགས་ཤིང་། རྣམ་དག་རིག་པའི་འོད་ཕྲེང་འཐོར་པའི་གེ་སར་གསར་པའི་དོག་པ་རེ་རེའི་རང་བྱུང་སྐྱེ་ཁམས་དང་ཁོར་ཡུག་གིས་གསང་བའི་ཤེས་བྱ་རེ་རེ་ལྷུག་པར་དགྲོལ་ཞིང་། མཁྱེན་རབ་ཀྱི་མཐུ་མངའ་བའི། གངས་ལྗོངས་རིགས་པ་སྨྲ་བའི་ཁྱུ་མཆོག་བློ་བཟང་ལྷུན་གྲུབ་རྡོ་རྗེ་ནི། སྤྱི་ལོ་1948ལོའི་ཟླ་12པར་ཁ་བའི་ལྗོངས་ཀྱི་ཡུལ་གྲུ། མདོ་སྨད་ས་ཡི་ཐིག་ལེ། མཚོ་སྔོན་འབའ་ཐང་རྫོང་དུ་སྐུ་འཁྲུངས། ཕྱིས་སུ་ཅི་ལིང་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་དཔལ་འབྱོར་རིག་པའི་རབ་འབྱམས་པའི་མཚན་གནས་བཞེས། ཁོང་གིས་མི་ཚེའི་བརྒྱུད་རིམ་གྱི་ཁྲོད་ནས། མི་ཚེའི་རིན་ཐང་འཚོལ་བའི་རིག་གནས་དང་སློབ་གསོའི་དུས་འདའ་བའི་རང་སྟོབས་ཀྱི་བསམ་པའི་ཁ་ཕྱོགས་བརྟན་པོར་བཟུང་ནས། ནང་བསམ་པའི་དཔལ་ཡོན་ལ་མཛེས་སྡུག་བཀྲ་བའི་ཕྱི་དངོས་པོའི་དཔལ་ཡོན་དང་བདེ་སྡུག་གིས་སྣང་བའི་ལྟ་བ་གསར་དུ་སྟོན་པའི་རིག་པས་ཚད་དུ་གཞལ་བའི་མངོན་རྟོགས་ཞིབ་འཇུག་པའི་ལས་གནས་བཞེས། མདོ་དབུས་མཐོ་སྒང་གི་རི་ཆུའི་རིག་གནས་དང་ཁོར་ཡུག་སྲུང་སྐྱོང་ལ། རིག་པ་འཕྲུལ་འདེད་ཀྱིས་ལྟ་བའི་རྨང་གཞི་བཟུང་ནས་ནང་ལྡན་འདུས་ཀྱི་ཕུང་པོ་དང་ཕྱི་རི་ཆུ་རྩི་ཤིང་སོགས་ཀྱི་འབྱུང་ཁམས་འདུ་འཕྲོད་ཀྱི་ལྟ་བ་གཏན་ལ་ཕབ་ཏེ། ཤིན་ཏུ་ལྐོག་འགྱུར་གྱི་ཆོས་ཕྱི་ནང་རྟེན་འབྲེལ་གྱིས་སྣང་བའི་རིག་པ་མཐོངས་ཡངས་ཞིང་གཟུར་གནས་མཁས་པའི་ཕ་རོལ་ཏུ་སོན།
དུས་རབས་ལ་ལྟོས་ཏེ་ལས་གནས་ཀྱི་འཕོ་འགྱུར་ཕྱིན་པ།
སྤྱི་ལོ་1978ལོ་ནས་བཟུང་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་ཧྲུའུ་ཅི་དང་། མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་སོགས་ཀྱི་གཙོ་འགན་བཞེས་གནང་བ་དང་། སྤྱི་ལོ་1985ལོའི་འཇུག་ཏུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་གུང་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ལས་འཛིན་པ་གཞོན་པ་བཅས་ཀྱི་འགན་བཞེས་གནང་།
སྤྱི་ལོ་1995ལོ་ཟླ་9པ་ནས་བཟུང་སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་དང་། ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་ཏང་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། སྐབས་བདུན་པ་དང་བརྒྱད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་བཅས་ཀྱི་འགན་བཞེས་གནང་།
གཞན་དོན་གྱི་གོ་ཆ་བགོས་པའི་མཚན་སྙན་སྒྲོན་པ།
ད་ལྟ་མདོ་དབུས་མཐོ་སྒང་གི་ཞིབ་འཇུག་ཚོགས་པ་དང་། ཀྲུང་ཧྭ་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་བཅས་ཀྱི་འགན་བཞེས་པར་མ་ཟད། ལན་ཀྲུའུ་སློབ་ཆེན་དང་། ནུབ་བྱང་མི་རིགས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་ཀྱིས་གདན་ཞུའི་སློབ་དཔོན་ཆེན་མོའི་མཚན་གནས་བཞེས་ཏེ། སློབ་མ་ཁྲི་ཕྲག་མང་པོར་རིག་གནས་དང་། སློབ་གསོའི་བཅུད་ཀྱི་གསོས་ཏེ་ཡོན་ཏན་གྱི་ཐུགས་རྒྱུད་ཕྱུག་པའི་ཤེས་ལྡན་མི་སྣ་རུ་གསོ་སྐྱོང་གནང་བ་དང་། མི་ཚེའི་དཀའ་སྡུག་མཐའ་དག་བདག་གིར་བྱས་ཤིང་། དུས་དང་རྣམ་པ་ཀུན་ཏུ་མི་རིགས་སློབ་གསོའི་ཕྱོགས་ལ་རང་གི་སྟོབས་ཤུགས་མཐའ་དག་འབུལ་བར་དམ་བཅས་ཏེ། སྙིང་སྟོབས་དགུ་འགྱུར་གྱི་སྤོབས་པའི་རི་མོ་མི་འགྱུར་སྙིང་གི་དབུས་སུ་བྲིས།
ལྷག་བསམ་གྱི་མཛད་རྗེས་ཟུངས་ཁྲག་གིས་བསྐྲུན་པའི་རིག་པའི་འོད་ཟེར་ལན་སྟོང་འཁྱིལ་བ།
བགྲང་བྱ་བཅུ་ཕྲག་གི་རིང་ལ། ཁོང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ནས། དཔྱད་འབྲས་ཕུན་སུམ་ཚོགས་པ་ཐོན་ཡོད་པ་སྟེ། ཁོང་ཉིད་ཀྱི་གཙོ་སྒྲིག་འོག་ཆེད་མཁས་པ་མང་པོའི་རྩོམ་སྒྲིག་གནང་བའི་《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་འཕེལ་རྒྱས།》ཞེས་པའི་དཔེ་ཚོགས་སྔ་རྗེས་སུ་དེབ་བཅུ་གཉིས་ཙམ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཚན་རིག་ཞིབ་འཇུག་གི་དཔྱད་གཞི་གཙོ་ཤས་སུ་བཞག་སྟེ་དཔེ་སྐྲུན་བྱས་ཡོད་པ་དང་། དེར་མ་ཟད་《མདོ་དབུས་མཐོ་སྒང་ཁོར་ཡུག་དང་འཕེལ་རྒྱས་ཕྱོགས་བསྡུས་《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་མི་འབོར།》《མདོ་དབུས་མཐོ་སྒང་ཁོར་ཡུག་མཚོ་དང་མཚེའུ།》《མདོ་དབུས་མཐོ་སྒང་གི་རྩ་སའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག》《མདོ་དབུས་མཐོ་སྒང་བྱེ་འགྱུར་གནད་དོན་དང་རྒྱུན་མཐུན་འཕེལ་རྒྱས།》《མཚོ་བོད་མཐོ་སྒང་གི་ཆུ་ཡི་ཐོན་ཁུངས།》《མཚོ་བོད་མཐོ་སྒང་གི་འཁྱགས་རོམ་དང་སྐྱེ་ཁམས་ཁོར་ཡུག》《མདོ་དབུས་མཐོ་སྒང་གི་འགྲིམ་འགྲུལ་དང་འཕེལ་རྒྱས།》《མདོ་དབུས་མཐོ་སྒང་གི་ཐོན་ལས་སྒྲིག་གཞི།》《མདོ་དབུས་མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་གྱི་རྒྱུན་མཐུན་འཕེལ་རྒྱས་ཀྱི་དཔེ་དབྱིབས་ཞིབ་འཇུག》《མདོ་དབུས་མཐོ་སྒང་གི་ཚན་རྩལ་ཡིག་ཆའི་དཀར་ཆག་ཕྱོགས་ཆེན་མོ》 《བོད་ཀྱི་སྲོལ་རྒྱུན་རིག་གནས་དང་མདོ་དབུས་་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོང་དང་འཕེལ་རྒྱས།》སོགས་ཆེད་རྩོམ་མང་པོ་བརྩམས་ཡོད་ཅིང་། དེ་ལས་གཞན་པའི་ 《རྒྱལ་སྤྱིའི་ཚོང་རར་སྐྱོད་པ་》ཞེས་པའི་དཔེ་ཚོགས་སོགས་གཙོ་སྒྲིག་གནང་། 《གྲོང་རྡལ་ཁེ་ལས་ཁྲིམས་ལུགས་ལག་བསྟར་གྱི་དཔེ་དེབ།》《ཀན་ལྷོའི་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ས་ཁུལ་གྱི་ཞིབ་འཇུག》སོགས་དང་། ཁོང་ཉིད་ཀྱིས་ཀྲུང་ཧྭའི་ཆུ་ཡི་གཏེར་མཛོད་དང་ཁུངས་ལྔ་སོགས་ཀྱི་རིག་གཞུང་ལྟ་བ་གསར་པ་བཏོན་མྱངས་ལ།
《མདོ་དབུས་མཐོ་སྒང་གི་ཆུའི་ཐོན་ཁུངས་ཀྱི་སྲུང་སྐྱོབ་དང་བེད་སྤྱོད།》《ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཡུལ་སྤོར་འཆམ་མཐུན་གྱི་འཕེལ་རྒྱས་འབྱུང་བའི་གནད་འགག》སོགས་མདོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རིག་གཞུང་དཔྱད་རྩོམ་མང་པོ་སྤེལ་ཡོད།
རིག་གནས་ཀྱི་རྩ་ཁམས་སུ་ཟུངས་ཁྲག་གསར་པའི་འཚོ་བཅུད་རྒྱུ་ཞིང་། ལང་ཚོའི་བཀྲག་མདངས་ད་དུང་སྔར་མེད་གསར་དུ་ངོམ་བཞིན་པ།
2011ལོའི་ཟླ་3པར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པའི་འགན་བཞེས་རྗེས་མུ་མཐུད་དུ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་བོད་ཀྱི་རི་ཆུའི་རིག་གནས་ལ་ཞིབ་འཇུག་བྱེད་འགོ་བརྩམས་ཤིང་། ད་ལྟ་《མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས།》ཞེས་པའི་དཔྱད་གཞི་གལ་ཆེན་དེར་འགོ་འཛིན་བྱས་ནས། མི་བརྒྱ་ལྷག་གི་གྲུབ་པའི་ཚོགས་པ་དང་མཉམ་དུ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ང་ཚོའི་ཕྱི་རབས་མི་རིགས་འདིའི་རིགས་གནས་ལ་སྙིགས་དོར་བཅུད་ལེན་གྱི་མཛད་རྗེས་བླ་ན་མེད་པ་འཇོག་པའི་སྙིང་སྟོབས་དགུ་འགྱུར་གྱི་སྤོབས་སེམས་མི་འདོར་བའི་དམ་བཅའ་རྡོ་རྗེའི་ཐུགས་ལ་བཏགས་བཞིན་གནང་། །