༄༅། །ཟ་མ་ཚ་པོ་ཟོས་ན་འབྲས་སྐྲན་བསྐྱེད་པའི་ཉེན་ཁ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 04-14



ཟ་མ་ཚ་པོ་མ་ཟ་རོགས། དེ་ཡིས་འབྲས་སྐྲན་བསྐྱེད་པ་ཡིན་ཞེས་པ་ངོ་མ་རེད།

        མིད་པའི་འབྲས་སྐྲན་ནི་སྔོན་ཆད་ཞིག་ནས་བཟུང་རང་རྒྱལ་གྱི་བཅོས་དཀའ་བའི་སྐྲན་རིགས་ཀྱི་ནང་གི་མདུན་གྲས་ན་ཡོད། མིད་པའི་འབྲས་སྐྲན་འདི་དུས་ཡུན་རིང་བོ་ལ་བཟའ་བཏུང་གི་གོམས་གཤིས་མི་ལེགས་པའམ་ཡང་ན་ཉེན་ཆེའི་ས་ཁོངས་ནས་འཚོ་བ་རོལ་བ་སོགས་ཀྱི་ཤུགས་རྐྱེན་འོག་འབྱུང་བ་ཞིག་ཡིན། གླེང་མི་དགོས་པ་ཞིག་ལ། མིད་པའི་འབྲས་སྐྲན་ནི་རྒྱུ་རྐྱེན་མང་བོས་བསྐྱེད་པ་ཡིན་ཞིང་། བཟའ་བཏུང་གི་གོམས་གཤིས་མི་ལེགས་པ་ནི་དེ་ཚོའི་ནང་གི་རྒྱུ་རྐྱེན་ཅུང་ཙམ་གལ་ཆེ་བ་ཞིག་ཡིན། དེ་ན། བཟའ་བཏུང་གི་གོམས་གཤིས་མི་ལེགས་པ་གང་དག་གིས་མིད་པའི་འབྲས་སྐྲན་སྐྱེད་དམ་ཞེ་ན།


གཅིག མིད་པའི་འབྲས་སྐྲན་ནི་ཇི་ལྟར“བསྲེགས”ཏེ་བྱུང་བ་ཡིན་ནམ།

        “བསྲེགས”ཞེས་པ་འདི་ནི་ཆུ་ཁོལ་མ་དང་ཟ་མའི་ཁུ་བ་ཚ་པོ་ཡིས་བསྲེགས་པ་ལ་གོ་བར་མ་ཟད། ད་དུང་ཁ་ཚའི་རིགས་བཟའ་རྒྱུ་དང་ཆང་ངར་པོའི་རིགས་འཐུང་རྒྱུ་ལ་དགའ་བ་ལས་ཀྱང་འབྱུང་ཐུབ་པ་ཞིག་ཡིན།

        ས་ཁོངས་དང་བཟའ་བཏུང་གི་རིག་གནས་མི་འདྲ་བའི་དབང་གིས། མིད་པའི་འབྲས་སྐྲན་འབྱུང་བ་འདི་ནི་ས་ཁོངས་ལ་འབྲེལ་བ་དམ་པོ་ཡོད། དཔེར་ན། ཀོང་ཏུང་གི་མི་ཁུ་བ་དང་ཇ་འཐུང་རྒྱུ་ལ་དགའ་བ་དང་། སི་ཁྲོན་གྱི་མི་ཁ་ཚའི་རིགས་དང་ཁ་ཚའི་རྫ་ཁོག་བཟའ་རྒྱུ་ལ་ཧ་ཅང་དགའ། ཧོ་ནན་གྱི་མི་ཕྱེ་རིགས་ཟ་མ་བཟའ་རྒྱུ་ལ་དགའ་བ་དང་། ནང་སོག་གི་མི་ཆང་ངར་པོ་འཐུང་རྒྱུ་ལ་དགའ་བ་ཡིན།

        གོང་གསལ་གྱི་རྣམ་པ་འདི་ཚང་མ“བསྲེགས(烫)”ཞེས་པའི་ཡི་གེའི་ནང་ལ་བསྡུས་ཆོག་པ་སྟེ། དངོས་ལུགས་ཐོག་གི་དྲོད་ཚད་མཐོ་བ་ཡིས“བསྲེགས”པའམ་ཡང་ན་རྫས་འགྱུར་ཐོག་གི་གར་ཚད་མཐོ་བའི་ཆང་བཅུད་ཀྱིས“བསྲེགས”པ་གང་ཞིག་ཡིན་ནའང་། རྒྱུན་ལྡན་གྱི་མིད་པའི་འབྱར་སྐྱི་ལ་ཟུག་གཟེར་སློང་བ་ཡིན།

        མིད་པ་ཡིས་བཟོད་ཐུབ་པའི་དྲོད་ཚད་མཐོ་ཤོས་ནི60℃ཡིན་པ་དང་། གལ་ཏེ་དུས་ཡུན་རིང་བོ་ལ་ཡང་དང་བསྐྱར་དུ“བསྲེགས”ན། མིད་པ་ལ་རྨས་སྐྱོན་ཕོག་པ་དང་འབྲས་སྐྲན་འབྱུང་བ་ཡིན།


གཉིས། གཤམ་གྱི་ནད་རྟགས་འདི་འདྲ་ཡོད་ན། མིད་པའི་འབྲས་སྐྲན་ལ་དོགས་ཟོན་བྱ་དགོས།

        ཀ མིད་པའི་དབང་གནས་ན་བ་དང་མི་བདེ་བའི་ཚོར་བ་ཡོད་པ། འདི་ནི་ཕལ་ཆེར་སྔ་དུས་ཀྱི་མིད་པའི་འབྲས་སྐྲན་གྱི་མངོན་རྟགས་ཡིན་ཞིང་། གལ་ཏེ་བསྟུད་མར་གཟའ་འཁོར་འགའ་དང་ཐ་ན་ཟླ་བ་གཅིག་གཉིས་ལ་བྱུང་ཚེ། མིད་པའི་འབྲས་སྐྲན་བྱུང་ཡོད་མེད་ལ་དོགས་ཟོན་བྱ་དགོས།

        ཁ། བྲང་རུས་ཀྱི་རྒྱབ་ལོགས་ན་བ་དང་མེ་ལྟར་ཚ་བའི་ཚོར་བ་ཡོད་པ། བྲང་རུས་ནི་བྲང་མདུན་གྱི་དཀྱིལ་ན་ཡོད་པ་དང་། གལ་ཏེ་ཟ་མ་སོགས་མིད་པའི་སྐབས། བྲང་རུས་ཀྱི་རྒྱབ་ལོགས་སུ་ཁབ་གཙག་བྱེད་པ་ལྟ་བུའི་ན་ཟུག་གམ་ཡང་ན་མེ་ཡིས་བསྲེགས་པ་ལྟ་བུའི་ན་ཟུག་བྱུང་ན། མཉམ་འཇོག་བྱ་དགོས་པ་ཡིན།

        ག ཟ་མ་སོགས་མིད་དཀའ་བའི་གནས་ཚུལ་ཡོད་པ། མདུན་སྐྱོད་རང་བཞིན་གྱི་ཟ་མ་སོགས་མིད་དཀའ་བ(进行性吞咽困难)ཞེས་པ་ནི་མིད་པའི་འབྲས་སྐྲན་བྱུང་ནས་བར་དུས་དང་མཇུག་དུས་སུ་ཐོན་པའི་དཔེ་མཚོན་ནད་རྟགས་ཡིན་ཞིང་། ཐོག་མའི་དུས་ལ་ཟ་མ་སོགས་མིད་ན་དལ་བ་དང་འཆུས་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་དང་། ཟ་མ་ཟ་སྐབས་བཤད་མི་ཤེས་པའི་ན་ཟུག་སྐྱེས་པ་ཙམ་ཡིན། དེའི་རྗེས་ལ། ཟ་མ་སོགས་མིད་དཀའ་བའི་ཚད་ཇེ་མཐོ་ཡིན་པ་སྟེ། དཔེར་ན་འབྲས་དང་གོ་རེ་སོགས་ཟ་དུས་ཆུ་ཁོལ་ལ་བརྟེན་དགོས་པ་དང་། ཐ་ན་མི་ཁ་ཤས་ཀྱིས་འོ་མ་སོགས་ལས་འཐུང་མི་ཐུབ་ཅིང་། སྐྱོ་མ་ལྟ་བུ་ཡང་མིད་དཀའ་བ་ཡིན།

        གལ་ཏེ་མིད་པའི་འབྲས་སྐྲན་བྱུང་བའི་དོགས་པ་ཡོད་ན། མིད་ཤེལ(食管镜)དང་ཕོ་ཤེལ། འཇུ་ལམ་སྟོད་མའི་པཱ་ཟན་གྲིབ་བརྙན་བཟོ་བ(钡餐造影)སོགས་བརྒྱུད་ནས་བརྟག་བཤེར་བྱས་ཏེ་མིད་པར་ནད་འགྱུར་བྱུང་ཡོད་མེད་ལ་བལྟས་ཆོག་པ་དང་། མཐའ་མའི་ནད་དཔྱད(诊断)ནི་ན་ལུགས་ན་རྐྱེན་གྱི་བརྟག་བཤེར་མཇུག་འབྲས་ལ་གཞིག་དགོས་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1