ས་མཐོའི་དུས་ཆེན་ནང་གི་རེ་སྨོན་གསར་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-17



        མཆོད་འབྲུ་གཏོར་ཞིང་སྨོན་ལམ་འདེབས་པ་དང་། གདངས་དབྱངས་སྙན་པའི་གླུ་སྒྲ་གྲོ་མོ་ཆེ་གྲོང་ཚོར་གྲགས་པ་དང་བསྟུན་ནས་གནའ་བོའི་རྩམ་པའི་དུས་ཆེན་གྱི་ཚ་རླབས་ཤིག་འཕྱུར་བ་དེའི་ཐོག་ནས་གནས་དེའི་དཔྱིད་རྨོད་འགོ་ཚུགས་པ་མཚོན་གྱི་ཡོད།

        གྲོ་མོ་ཆེ་གྲོང་ཚོ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྒ་སྟོད་ཤང་དུ་གནས་པ་དང་ས་བབ་ཀྱི་ཆ་སྙོམས་མཐོ་ཚད་ལ་སྨི་4000ཙམ་ཟིན་པའི་གྲོང་ཚོ་ཞིག་རེད།

        ས་བབ་མཐོ་བ་དང་དྲོད་ཚད་དམའ་བའི་དབང་གིས་ས་ཁུལ་གཞན་པའི་དཔྱིད་རྨོད་དང་མི་འདྲ་བར། གྲོ་མོ་ཆེ་གྲོང་ཚོར་དཔྱིད་ཀ་འཆར་འཕྱི་རྐྱེན་མི་རྣམས་ནས་དཔྱིད་རྨོད་ལ་དེ་བས་གཅེས་སྤྲས་བྱེད་ཀྱི་ཡོད།

        ལོ་རེའི་བོད་ཟླ་2པའི་ཚེས་22ཉིན་གྲོ་མོ་ཆེ་གྲོང་ཚོའི་ཕོ་མོ་རྒན་གཞོན་ཚང་མས་མི་རིགས་ཀྱི་རྒན་གྱོན་བཀླུབས་ཏེ་སྨོན་ལམ་རྒྱག་པའི་མཛད་སྒོར་ཞུགས་པ་དང་གྲོང་ཚོ་འདི་ཉིད་ལོ་གསར་པའི་ནང་ཆར་ཆུ་དུས་སུ་འབབ་པ་དང་ལོ་ལེགས་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད།

        ནས་ནི་མཚོ་བོད་ས་མཐོའི་ཞིང་ལས་སྐྱེ་དངོས་གཙོ་བོ་ཞིག་ཡིན་པ་དང་། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་སོགས་སུ་ཐོན་སྐྱེད་བྱེད་ཅིང་། མཚོ་བོད་ས་མཐོར་འཚོ་སྡོད་བྱེད་པའི་བོད་རིགས་མང་ཚོགས་ཀྱི་འབྲུ་རིགས་གཙོ་བོ་ཞིག་རེད།

        གྲོ་མོ་ཆེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་རྒྱལ་མཚན་གྱིས། གྲོ་མོ་ཆེ་གྲོང་ཚོར་ལོ་རེར་འདེབས་ཁྱོན་མུའུ་1500ཙམ་ཡོད་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་གིས་གཅིག་གྱུར་ཐོག་འདེབས་འཛུགས་བྱ་རྒྱུའི་འགན་འཁུར་གྱི་ཡོད། ད་ཆ་གྲོང་ཚོ་དེ་ཡོངས་ཀྱི་ནས་བརྔ་བསྡུ་བྱ་རྒྱུ་དེ་འཕྲུལ་ཆས་ཅན་དུ་གྱུར་བ་དང་། ད་དུང་རྫོང་གི་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་པས་མཛུབ་ཁྲིད་གནང་བས་འདེབས་རྒྱུ་དེ་སྔོན་ལས་སྟབས་བདེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།

        དཔྱིད་རྨོད་མཛད་སྒོ་ནི་ས་མཐོའི་འདུ་འཛོམས་གཟབ་རྒྱས་ཤིག་དང་འདྲ་བར་ན་གཞོན་སྐྱེས་པས་ལག་ཏུ་དར་ཆ་འཁྱེར་བ་དང་།  གཞོན་ནུ་མ་ཚོས་ནས་ཕྱེ་མར་བཟུང་བ། ཕྲུ་གུ་ཚོས་རྩམ་གླུ་ལེན་བཞིན་ཡོད། ཉི་འོད་འོག་མི་ཚང་མའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་ལུས་ལ་བཀླུབས་པའི་བོད་ཆས་ནི་དེ་བས་བཀྲག་མདངས་ལྷག་ཏུ་འཚེར།

        མཉམ་ལས་ཁང་ལ་བརྟེན་ནས་གྲོང་ཚོའི་ནང་ཚོང་དོན་ཚད་ཡོད་ཀུང་སི་བཙུགས་ཏེ་རང་འཐག་རྩམ་པ་དང་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་བྲིན་ཚོང་བྱེད་པའི་འགན་འཁུར་གྱི་ཡོད། ཕྱིས་འབྱུང་གྲོ་མོ་ཆེ་གྲོང་ཚོས་ཞིང་ལས་རིག་གནས་དང་ཡུལ་སྐོར་ལས་རིགས་ཟུང་དུ་འབྲེལ་ཏེ་རིག་གནས་ཐོན་རྫས་མུ་མཐུད་གསར་སྤེལ་བྱ་རྒྱུ་དང་མི་དེ་བས་མང་བས་མཚོ་བོད་ས་མཐོའི་དཔྱིད་རྨོད་དམངས་སྲོལ་མྱོང་རོལ་ཐུབ་པ་བྱ་རྒྱུ་ཡིན་པ་རེད། ད་ཆ་གྲོང་ཚོར་ལོ་རེར་འགྱུར་ལྡོག་གསར་པ་འགྲོ་བཞིན་པ་དང་། འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས།  ཁོང་གིས། ང་ཚོས་རྩམ་པའི་དུས་ཆེན་གྱི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་སྣ་མང་ཕུན་སུམ་ཚོགས་པའི་བོད་བཟོའི་ལག་ཤེས་བཟོ་རྩལ་ཐོན་རྫས་བཏོད་དེ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་རྩིས་ཡོད་ཅེས་གསུངས་པ་རེད།

        མི་རིགས་ཀྱི་གླུ་གར་སྒྲ་གདངས་ཁྲོད་མི་རྣམས་ནས་ཕན་ཚུན་ནས་རྩམ་པ་གཏོར་བ་དང་ཐང་ཆེན་ཐོག་དགའ་སྤྲོའི་རྣམ་པས་ཕྱུག ལོ་གསར་པའི་དཔྱིད་རྨོད་འགོ་ཚུགས་པ་དང་ལས་ལ་བརྩོན་པའི་ཞིང་པས་ས་བོན་འདེབས་འཛུགས་བྱེད་པ་མ་ཟད། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བའི་ས་བོན་ཡང་བཏབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1