ཧོར་རྗེ་གུར་དཀར་རྒྱལ་པོའི་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 04-18


 དེ་ནས་གུར་དཀར་རྒྱལ་པོ་གསེར་ཁྲི་ཁམས་གསུམ་ཟིལ་གནོན་ཁར་ཧོར་འདུག་ཅིག་བྱས། གཡས་གཡོན་ནས་ཤན་པ་རྣམས་དང་དམག་དཔོན་གསུམ་སྒྲིག དམག་དམངས་ལངས་ནས་མཐའ་བསྐོར་ཏེ་ཡོད་པར། གླིང་ལ་ཕར་འགྲོ་བའི་དམག་གི་སྒྲིག་ལམ་དང་ཕྱར་རྒྱག་ལྡིང་གསུམ་གྱི་བཀོད་པ་བྱེད་པའི་གླུ་འདི་ལྟར་བླངས་པར་གདའ་འོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   དགུང་ཨ་སྔོན་གཡང་གི་ར་བ་ནས། །

   གནམ་ཐེལ་ཉི་ཟླ་གཡས་སྐོར་བྱེད། །

   ལྷ་མཁྱེན་གཅིག་དགྲ་ལྷའི་དབུ་འཕང་བསྟོད། །

   སྟོང་བར་སྣང་མི་འགྱུར་དཀྱིལ་འཁོར་ནས། །

   བར་ཐེལ་རླུང་གི་འུར་སྒྲ་གཡོ། །

   ལྷ་མཆོད་གཅིག་དགྲ་ལྷའི་དབུ་འཕང་བསྟོད། །

   ས་དོག་མོ་གཞི་བརླིང་ནོར་བུའི་སྟེང་། །

   ས་ཐེལ་རྒྱ་མཚོའི་རྦ་རླབས་འཚུབ། །

   ལྷ་མཆོད་ཅིག་དགྲ་ལྷའི་དབུ་འཕང་བསྟོད། །

   ས་འདི་ས་ངོ་མ་ཤེས་ན། །

   ཐང་དམར་པོ་བཞི་ལིང་གོང་བ་ན། །

   ལས་དམག་ཁྲ་བོའི་གཞི་དཀྱིལ་རེད། །

   ལས་གུར་སྟོང་ཤོང་དཀར་མོའི་ནང་། །

   གསེར་ཁྲིམས་ཁམས་གསུམ་ཟིལ་གནོན་སྟེང་། །

   ང་དང་ང་ངོ་མ་ཤེས་ན། །

   མཐོ་ནམ་མཁའ་ལྷ་ཡི་ཕོ་བྲང་ན། །

   ལྷའི་དབང་བོ་བརྒྱ་བྱིན་ལྷུན་རེ་ཆགས། །

   འོག་མ་དྲོས་ཀླུ་ཡི་གཏེར་ལུང་ན། །

   གླུ་དགའ་བོ་འཇོག་པོ་གདུག་རེ་རྩུབ། །

   བར་མི་ཡུལ་འཛམ་གླིང་ས་ཆ་ན། །

   རྗེ་གུར་དཀར་ཨ་གནམ་བག་རེ་བྲོ། །

   རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། །

   རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་གཉིས། །

   ཧོར་གུ་ཡང་གནམ་གྱི་རྒྱལ་པོ་གསུམ། །

   རྒྱལ་ཆེན་མཐོ་བའི་མི་གསུམ་རེད། །

   དེ་མིན་ཅི་ཡོད་རྒྱལ་ཕྲན་རེད། །

   དཔེར་བཞག་ན་ཧོར་གྱི་བློན་པོ་འདྲ། །

   ཧོར་སྡེ་དམར་ནག་བཅུ་གཉིས་དང་། །

   གུར་སེར་དཔོན་པོས་གཡོན་ནས་ཉོན། །

   གུར་ནག་རྗེ་བོས་གཡས་ནས་ཉོན། །

   ཤན་པ་རྩལ་ཆེན་མདུན་ནས་ཉོན། །

   དམག་དཔོན་ཆེ་གསུམ་སྐེད་ནས་ཉོན། །

   ཧོར་བུ་རྟ་རྒྱ་མཚོས་མཐའ་ནས་ཉོན། །

   ཉོན་ཟེར་བ་འདྲ་མ་ཚིག་གསུམ་ཡོད། །

   སང་ཉིན་མ་ལ་ཕག་བརྒྱབ་ཙ་ན། །

   དུང་སྐད་ཆེན་ཤད་འབུད་བྱས་པའི་དུས། །

   གུར་ཁྲ་བོ་འུར་སེ་མཉམ་བསྡུ་གྱིས། །

   རྟ་འདོ་བ་སྒ་སྲབ་ཧྲུག་གེ་གྱིས། །

   དྲེའུ་སྨུག་པོ་ཁལ་ཐག་ཁྲིག་སེ་གྱིས། །

   དུང་སྐད་ཆེན་ལན་གཅིག་འབུད་པའི་དུས། །

   ཤ་ཁྲ་བོ་མཉམ་ཟ་ཅག་སྒྲ་ཐོན། །

   ཁྲག་དྲོན་མོ་མཉམ་འཐུང་ཧུབ་སྒྲ་གྱིས། །

   དེ་ཐོག་འགྲོ་རན་ཐོན་རན་གྱིས། །

   རྒྱ་གླིང་སྐད་སྙན་སྒྱུར་བ་དང་། །

   རྔ་ཆུང་འགྱུར་གླུ་བླངས་པའི་དུས། །

   ཤན་པའི་འཕྲུ་དམར་ཚོ་གཅིག་དེ། །

   མེ་ལྕེ་ཆད་འདྲ་སྔོན་ལ་སོང་། །

   མགོ་དཔོན་སྡིག་གཅོད་ཤན་པ་སོང་། །

   རྟིང་གནོན་མཆོང་ལྷ་སྨུག་པོ་སོང་། །

   གཡས་གྲལ་འཕྲུ་དཀར་འབུམ་ཚོ་གཅིག །

   གནམ་ཁྲི་རྗེ་ཨ་ཕོའི་ལས་དམག་ཡིན། །

   དམག་དཔོན་ཟི་ར་ཐོག་རྒྱལ་དེ། །

   སྤྲིན་དཀར་པོ་རླུང་གིས་ཆད་ཆད་ཀྱིས། །

   གཡོན་ཤོག་འཕྲུ་སེར་འབུམ་ཚོ་གཅིག །

   གུར་སེར་ཨ་ནུའི་ལས་དམག་ཡིན། །

   དམག་དཔོན་ཐང་རྩེ་གཡུ་འབྲུག་སོང་། །

   སྤྲིན་སེར་པོས་ནམ་མཁའ་སྒྲིབ་འདྲ་གྱིས། །

   དཀྱིལ་ཤོག་འཕྲུ་ནག་འབུམ་ཚོ་གཅིག །

   གུར་ནག་དཔོན་པོའི་ལས་དམག་ཡིན། །

   དམག་དཔོན་ཐང་ནག་རྩེ་རྒྱལ་སོང་། །

   བར་སྣང་གནམ་ནག་ལང་ལང་གྱིས། །

   ད་རུང་དེ་བས་མི་ཚད་པའི། །

   འབུམ་པ་འཕྲུ་ཁྲ་ཁྲི་ཚོ་བཅུ། །

   རི་པ་འཕྲུ་ལྗང་ཁྲི་ཚོ་བཅུ། །

   ཐང་པ་འཕྲུ་སྔོན་ཁྲི་ཚོ་བཅུ། །

   འབུམ་གསུམ་ཧོར་དཀར་གཤམ་འཐུད་གྱིས། །

   རི་པའི་གཅེས་ཕྲུག་ཅོག་དམར་དང་། །

   འབུམ་པའི་ཨ་ནི་ཁྲི་ཐུབ་གཉིས། །

   ཐང་པའི་ཐང་དཀར་རྩེ་རྒོད་གསུམ། །

   སྡེ་ཤོག་ཁའི་ཁྲིམས་དཔོན་གྱིས་ལ་སོང་། །

   མགར་བ་ལྕག་འཕྲུ་བྱ་ཕོད་ཅན། །

   ཉ་པ་ཆུ་དར་སྟག་ཕོད་ཅན། །

   ཀུན་དགའ་རས་དཀར་གཟིག་མཇུག་ཅན། །

   འབུམ་གསུམ་ཧོར་སེར་གཤམ་འཐུད་སོང་། །

   མགར་བའི་ནག་པོ་འབྲོང་ཐུབ་དང་། །

   ཉ་པའི་ཆུ་བོ་གྱེན་ལྡོག་གཉིས། །

   ཀུན་དགའ་ཐོག་རྒོད་གློག་འཁྱུག་གསུམ། །

   སྡེ་ཤོག་ཁའི་དམག་དཔོན་གྱིས་ལ་སོང་། །

   དཔོན་རྒྱལ་ཕྲུག་དགུ་དེས་རང་མགོ་འཚོས། །

   ཁྲ་བོ་ཁྲ་ཤོག་ལྡེམ་པ་གསུམ། །

   དར་དཀར་ནག་གི་འཕྲུ་ཅན་འབུམ་ཚོ་རེ། །

   ཧོར་ནག་གི་གཤམ་འཐུད་གྱིས་ལ་སོང་། །

   གུང་རྗེ་གཡུ་ཡག་ཁྲི་བཙུན་དང་། །

   པཱ་དུར་ཁྲི་ཐུབ་ནམ་ལངས་དང་། །

   བྱེས་འགྲོ་དྷ་རོ་ཁ་དམར་གསུམ། །

   སྡེ་ཤོག་གི་ཁྲིམས་དཔོན་གྱིས་ལ་སོང་། །

   རུ་གཡས་གཡོན་དཀྱིལ་གསུམ་གང་རྩེབས་ན། །

   ཁྲི་རྗེ་གནམ་གྱི་ལྷ་ཐང་གཅིག །

   སྟོབས་ཆེན་གླང་པོ་ཁྲ་འབར་གཉིས། །

   མགྱོགས་པ་གྲུ་གུ་འབལ་ཆེན་གསུམ། །

   ཡ་མེད་རླུང་ནག་རྗེས་གཅོད་བཞི། །

   ཤེད་ཆེན་རི་བོ་པང་འཁོར་ལྔ། །

   ཧོར་ཕྲུག་ག་མ་གཟིག་མགོ་དྲུག །

   བུ་ཆེ་བ་ཁྲི་བཙུན་རིག་ཡག་བདུན། །

   ནམ་དགོས་ཟུར་ལ་འབུད་ཤོམ་གྱིས། །

   རྒྱལ་བློན་བདུན་གྱིས་ཉུང་འགྲོས་བྱེད། །

   དགྲ་ཕར་རྒྱག་དུང་དཀར་སྐད་ལ་ཉོན། །

   མདའ་རྫོང་ན་འཁར་རྔའི་སྐད་ལ་ཉོན། །

   གྲི་གཡུག་ན་དུང་ཆེན་སྐད་ལ་ཉོན། །

   མདུང་འཕུལ་ན་རྔ་ཆུང་སྐད་ལ་ཉོན། །

   རུ་ཚུར་སྒྲིལ་རྒྱ་གླིང་སྐད་ལ་ཉོན། །

   བསྲེ་རན་ན་རྔ་ཆུང་འགྱུར་གླུ་དང་། །

   དུས་ནམ་ཡང་དུང་འབུད་སྒྲ་ལ་ཉོན། །

   རྒོད་རྒོད་ཁེར་འགྲོ་ཆོག་རྒྱུ་མིན། །

   ཞན་ཞན་རྗེས་འགྲོ་ཆོག་རྒྱུ་མིན། །

   མིག་ཕྱིར་བལྟས་སུས་བྱས་གྲི་རུབ་གྱིས། །

   གཏམ་སྐད་ཆ་མང་པོའི་དགོས་པ་མེད། །

   སྤྲིན་སྨུག་པ་ལངས་ན་ཀི་སྒྲ་རྒྱོབ། །

   ཆབ་ཆུ་བོར་ཐུག་ན་བསྭོ་སྒྲ་ཐོབ། །

   གླིང་རྨ་ཆུ་ཁམ་པའི་གཡོན་ཟུར་ལ། །

   སླེབ་ཟེར་ན་ལས་གུར་མཉམ་ཕུབ་གྱིས། །

   མི་བརྒྱ་ཁ་ཚིག་གཅིག་པ་དགོས། །

   རྟ་བརྒྱ་སྲབ་མདའ་གཅིག་པ་དགོས། །

   དཔའ་རྒྱ་ཚའི་ཡ་ཟིའི་གྲི་དང་གཅིག །

   བློན་འདན་མའི་ཉག་ཕྲན་མདའ་དང་གཉིས། །

   དཔའ་སེང་སྟག་སྟོང་རིའི་བང་དང་གསུམ། །

   གདོང་དར་འཕེན་སྐྱ་རིང་མདུང་དང་བཞི། །

   འབྲུ་སྒ་སྡེའི་གནམ་ལྕགས་སྒྱོགས་དང་ལྔ། །

   ལས་ནམ་བྱུང་ཧོར་སྡེས་ཞེ་ཟོན་གྱིས། །

   དེ་མིན་པའི་སུ་ལ་སྐྲག་དོན་མེད། །

   སོང་ཟེར་ན་འུར་སེ་མཉམ་འགྲོ་གྱིས། །

   སྡོད་ཟེར་ན་ཁྲིག་གེར་མཉམ་སྡོད་གྱིས། །

   དཔའ་ར་མདའ་རེས་མོས་གར་བབ་གྱིས། །

   རྒོད་ཐོད་གཏུག་ཕར་འབུད་ཚུར་འབུད་གྱིས། །

   ཤར་ཁྲ་བོ་གླིང་གི་ས་ཆ་དེས། །

   ཟླ་གསུམ་ཕན་ལ་མི་འཁྱོལ་དོ། །

   མིས་འཁྱོལ་ཡང་འོག་རྟས་འཁྱོལ་རབས་མེད། །

   གོ་འཁྱོལ་མཚོན་གྱིས་འཁྱོལ་ཚོད་མེད། །

   རྩྭ་འཁྱོལ་ཤིང་གིས་འཁྱོལ་བློ་མེད། །

   ཆུ་འཁྱོལ་ས་ཆས་འཁྱོལ་ཐབས་མེད། །

   ལས་ཅི་དགོས་མཐའ་ནས་གསལ་ལེ་ཡོང་། །

   དཔའ་གློ་སྙིང་ཕ་བོང་གཤིབ་འདྲ་དགོས། །

   དགྲ་ཐང་ཆེན་གྱི་སྙིང་རྩ་ནོན་ངེས་དགོས། །

   རྩལ་དྲུག་བསེར་མ་རླུང་འདྲ་དགོས། །

   ཕར་འབུད་ཚུར་ཡོང་མཉམ་ཐོན་དགོས། །

   གཉིད་ཆེ་ན་དམག་གི་གོང་བ་ཤོར། །

   གོས་ཕུད་ན་དམག་གི་གོང་བ་ཤོར། །

   སྐེད་གྲི་གུ་དཀྲོལ་ན་གོང་བ་ཤོར། །

   རྟ་ཁྲ་ཁྱུ་ཡན་ན་གོང་བ་ཤོར། །

   དེ་ཚོ་སེམས་ཀྱི་དཀྱིལ་དུ་ཞོག །

   ད་རུང་ཅི་དགོས་འདྲ་མ་དེ། །

   གླིང་དཀར་པོར་སླེབས་ན་ལྟ་དཔྱོད་གྱིས། །

   མི་ཆེ་གསོད་ཆུང་གསོད་ཁྱད་པར་མེད། །

   གླིང་ཁྱི་ནག་བྱུང་ཡང་དགྲ་བོ་ཡིན། །

   མ་ནུས་སྙིང་རྗེ་ལྟ་རྒྱུ་མེད། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འབྲེལ་བ་མཛོད། །

   ཧོར་སྡེ་བའི་ཐུགས་ལ་དེ་ལྟར་ཞོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1