ཐུགས་བསྐྱེད་ཚུལ་ནི་མདོ་སྡེ་བསྐལ་བཟང་ལས། །ང་ནི་སྔོན་ཚེ་དབུལ་པོར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་གི་དབུལ་བ་བྱས་ནས་ཀྱང༌། །དང་པོ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་གསུངས་ལུང་དང་མཛོད་ཀྱང་དེ་བཞིན་ལ། །ཨ་བྷྱ་ཀ་རས་རྒྱལ་པོ་རབ་གསལ་དུ། །གྱུར་ཚེ་དེ་དྲུང་བསྐྱེད་འདོད་འཁྲི་ཤིང་བཞིན། །དྲིན་ལན་བསབ་མདོར་དམྱལ་བར་སྙིང་རྗེའི་སེམས། །སྐྱེས་གསུངས་མོད་ཀྱི་སྨོན་འཇུག་མི་འདོད་ལོ། །ཕུང་པོ་གསུམ་མདོར་ཚོང་དཔོན་བུ་མངོན་དགས། །མཛེས་པ་ཆེན་པོའི་དྲུང་དུ་བསྐྱེད་པར་གསུངས། །པད་དཀར་རིན་སྙིང་དྲུང་དུ་རྒྱལ་མཚོའི་རྡུལ། །གསང་བ་བསམ་མི་ཁྱབ་པར་རྫོགས་སངས་རྒྱས། །རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོའི་དྲུང༌། །འཁོར་བསྒྱུར་ཡུལ་འཁོར་སྲུང་གི་སྲས་བཞི་པ། །དོན་ཀུན་གྲུབ་པར་སྐྱེས་ཚེ་བསྐྱེད་པར་གསུངས། །ཡིག་ཆར་ཡང་ཡང་བསྐྱེད་པ་མི་འགལ་ལ། །དང་པོ་ལ་ཡང་དུ་མ་ཤེས་ཀྱིས་གསུངས། །མཛོད་ལས་ཟིལ་གནོན་མེ་རྟར་སྐུ་བལྟམས་ཤིང༌། །ཤིང་ཁྱིར་རབ་བྱུང་ཆུ་རྟར་སངས་རྒྱས་གསུངས། །འདིར་ནི་ལྕགས་སྤྲེལ་ས་བྱི་ཤིང་རྟར་སྦྱར། །ཐུན་གསུམ་ཐ་མའི་ཆ་གསུམ་དང་པོའི་མཇུག །སྐྱ་རེངས་འཆར་ཀ་སངས་རྒྱས་དུས་ཉེར་གཉིས། །སྔ་གུང་ཕྱི་དྲོ་མཚན་ཐུན་དང་པོ་དང༌། །དེའི་ཕྱེད་གུང་ཐུན་དེའི་ཕྱེད་མཐའ་དང་ཕྱེད། །སྐྱ་རེངས་མ་ཤར་ཤར་དང་ཉི་མ་ཡང༌། །མ་ཤར་ཤར་གཉིས་བརྒྱད་ཆ་བཞི་ཆ་ཤར། །གུང་མ་ཡོལ་དང་བཞི་ཆ་བརྒྱད་ཆ་ལུས། །མ་ནུབ་ནུབ་དང་རྒྱུ་སྐར་མ་ཤར་ཤར། །བརྒྱད་ཆ་སོགས་ནི་མཁའ་ལ་བརྩི་བར་གསུངས། །བཅོ་ལྔའི་ཉིན་མཚན་མཐའ་ཡིན་ཏེ། །དེ་ཚེ་ཟླ་བ་ཉ་ཕྱིར་དང༌། །དེ་ནས་ཞག་གཅིག་ཆད་པ་ཡི། །ཚེས་ལྔ་ཞེ་དགུ་གཞི་མཐུན་ཕྱིར། །
ཐུབ་གསུངས་བརྒྱད་ཁྲི་བརྗོད་བྱ་རྗོད་བྱེད་དང༌། །བརྗོད་ཚུལ་གསུམ་གྱིས་དགུ་དང་བཅུ་གཉིས་བྱས། །གཙོ་བོ་འདུལ་བ་ཡིན་ཏེ་བསྟོད་པ་ལས། །ཇི་ལྟར་ས་ནི་སྐྱེ་དགུ་རྣམས་ཀྱི་གཞི། །དེ་ལས་འབྲས་རྣམས་སྐྱེ་བར་འགྱུར་བ་ལྟར། །དེ་བཞིན་འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་བསོད་ནམས་རྣམས་ཀྱང་སྐྱེ། །ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་གནས་སུ་དགོངས། །དེ་ཡི་གནས་ནི་འདུལ་བ་ཡིན་པར་གསུངས། །མཛོད་མཆོག་འདུལ་བ་རྫོགས་པ་འདི་གནས་པ། །དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང༌། །ཞེས་གསུངས་དེ་ལ་རྩ་བཤད་ཕྱོགས་མཐུན་དང༌། །དགོངས་འགྲེལ་བཞི་ཡོད་དང་པོ་སོ་ཐར་གཉིས། །བམ་པོ་གཉིས་གཉིས་བརྒྱ་ཕྲག་བདུན་དང་བརྒྱད། །བཤད་མདོ་གཞི་དང་རྣམ་འབྱེད་ཕྲན་ཚེགས་དང༌། །བླ་མའམ་དམ་པ་སྟེ་སྡེ་བཞིའི་དང་པོ་ནི། །བཅུ་བདུན་གཞི་དང་འབོག་ཆོག་རྩ་བ་སྟེ། །ལུང་གཞིའི་བར་གྱི་སྡོམ་ཚིག་ལས། །རབ་བྱུང་གསོ་སྦྱོར་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་དང༌། །སྨན་དང་གོས་དང་སྲ་བརྐྱང་དང༌། །ཀོ་ཤམྦི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང༌། །སྤོ་དང་གསོ་སྦྱོང་བཞག་པ་དང༌། །གནས་མལ་དང་ནི་རྩོད་པ་སྟེ། །དགེ་འདུན་དབྱེན་རྣམས་བསྡུས་པ་འོ། །གཉིས་པ་ཕ་མའི་ཁྲིམས་ཀྱི་རྩ་བར་བྱས། །བླ་མས་འགྲེལ་ཞིང་ཕྲན་ཚེགས་འགྲེལ་བཤད་ཚུལ། །ཕྱོགས་མཐུན་སྦྱངས་པའི་ཡོན་ཏན་སྟོན་པ་དང༌། །དགེ་སློང་ལ་གཅེས་ཚུལ་ཁྲིམས་ཡང་དག་ལྡན། །དགོངས་འགྲེལ་གཉིས་ལས་མདོ་འགྲེལ་སྤྱི་བྱེ་བྲག །བྱེ་བྲག་བཤད་མཛོད་ནང་གི་ཉེར་སྦས་ཀྱིས། །མཛད་པའི་འདུལ་བ་བྱེ་བྲག་བཤད་པ་དང༌། །གཏན་ལ་དབབ་པ་བསྡུ་བའི་ནང་ཚན་གྱི། །ཐོགས་མེད་འདུལ་བསྡུས་མདོ་རྩ་ཤཱ་ཏམ་དང༌། །སུམ་བརྒྱ་རྩ་འགྲེལ་ཀཱ་རི་ཀ་ལྔ་བཅུ། །རྣམ་འབྱེད་དོན་བསྡུས་མེ་ཏོག་ཕྲེང་རྒྱུད་ཀྱང༌། །སོ་སོའི་འགྲེལ་པ་སོ་སོ་ཐར་པའི་འགྲེལ། །ཁྱད་བཤེས་མཛད་སོགས་ཡང་དག་ལྟར་སྣང་བརྒྱད། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་ཡི། །ཕྲན་ཚེགས་སྒོ་བརྒྱད་འགྲེལ་སོགས་སྒོ་བརྒྱད་ཀྱང༌། །ཡོངས་སུ་མ་གྲགས་གྲགས་པའི་འདྲེན་ཚུལ་གཉིས། །ཞུ་བ་འདུལ་བྱེད་གཅིག་ལས་འཕྲོས་པ་དང༌། །ལྔ་ཚན་བཅུ་དྲུག་པ་དང་གླེང་གཞི་དང༌། །སིལ་བུ་གཏམ་གཞི་བྲམ་ཟེ་བུ་མོས་ཞུས། །མ་མོ་དང་བཅས་བླ་མའི་ལེའུ་བཅུས། །དང་པོ་གཉིས་མདོར་གཞན་འདིར་བསྡུས་ཕྱིར་བཤད། །སེམས་རྒྱུད་འདུལ་བྱེད་དོན་བསྡུས་ཕྱིར་ན་མདོར། །ཚུལ་ཁྲིམས་ངོ་བོས་རྒྱས་མིན་ཟློག་ཟླས་སྟོན། །
འཇུག་པའི་ཡན་ལག་གཞུང་དོན་དངོས་གཉིས་ལས། །དང་པོ་དགོས་སོགས་བརྗོད་བྱ་ཚུལ་ཁྲིམས་ལ། །དཔྱད་བྱ་དགོས་པ་རྣ་བ་མ་ཕུག་པ། །ངེས་བསྐྱེད་ཆེད་ལོ་མ་ངེས་པར་ཡང་འཇུག །གཞན་གྱི་སྦྱོར་ངན་བཟློག་ཙམ་འདིའི་དགོས་པར། །ཚད་མའི་དེ་ཉིད་བསྡུས་པར་བཤད་པ་མིན། །རྟོགས་ལྡན་འཇུག་ཆེད་ཙམ་མིན་དགོས་སོགས་བཞི། །ཡོད་པར་རྟོགས་པ་ཡོངས་གཅོད་དགོས་པ་བཞི། །ལོག་རྟོག་ཐེ་ཚོམ་སེལ་བའི་རྣམ་བཅད་བརྒྱད། །ལམ་སོགས་ཉིང་དགོས་ཙམ་དང་ལྷག་མེད་དང༌། །དེ་ཡི་ཐོབ་པ་ཉིང་དགོས་མཐར་ཐུག་གོ །རྣམ་བཅད་ཟློག་ཕྱོགས་ཡོངས་གཅོད་འཇུག་ཕྱོགས་དང༌། །ཧ་ཅང་ཐལ་བའི་རྩོད་པ་སྤོང་བ་གསུམ། །གཉིས་པར་མི་ནུས་མི་དགོས་སྐྱོན་སྤོང་གཉིས། །སྔ་མ་སྔ་འདྲ་ཕྱི་མ་ཕྱི་མ་འདྲ། །བཞི་ངེས་མི་ནུས་འབྲེལ་མེད་བྱེ་བྲག་ཡིན། །འབྲེལ་བ་བྱེ་སྨྲས་ཐོབ་པར་འདོད་ཅེས་གསུངས། །མདོ་དང་མི་ཟློག་རྩ་འགྲེལ་མ་རྟོགས་རྟོགས། །བཅས་དང་རྗེས་བཅས་རྟོགས་པས་ཟློས་འགལ་སྤོང༌། །སྤྲུལ་མིན་རེག་པའི་གཙོ་བོ་ཕ་མ་ཡི། །ཕམ་ལྷག་གསུམ་ལས་གཞན་སྦྱོར་རུང་མཐུན་རྟོགས། །ཁྱམས་སུ་མིན་སོགས་མངོན་པར་འདུ་བ་ཞེས། །ཚིག་གཞན་དོན་གཞན་བསྟན་པ་རྟོགས་པར་འགྱུར། །ལོག་རྟོག་སེལ་བའི་དགོས་པ་གཙོ་བོ་གསུམ། །མདོར་བསྡུས་དགའ་བའི་བསམ་པ་བསྐངས་པ་འོ། །
ཚུལ་ཁྲིམས་ལ་ཡང་ངོ་བོ་མཚན་ཉིད་དང༌། །དབྱེ་བ་བསྡུ་བ་ལྡན་ཚུལ་གཅིག་ཐ་དད། །ཐོབ་གཏོང་དྲུག་གི་དང་པོ་བྱེ་སྨྲས་ནི། །གཟུགས་འདོད་མདོ་སྡེ་པ་སོགས་སེམས་པ་དང༌། །མྱོས་དང་སེམས་མེད་ཚེ་ན་ས་བོན་འདོད། །སྟག་ལོས་སེམས་པར་འདོད་ན་ཡིད་གསུམ་སྤོང༌། །བྱང་ཆུབ་བར་དུའང་སྐྱེ་བར་ཐལ་བ་འཕེན། །བྱེ་སྨྲ་འགའ་ཡང་ལུས་སྐལ་མི་འདྲ་དང༌། །དེ་ཡི་རྟེན་ལ་སྦྱོར་བ་མ་བྱས་དང༌། །སྔ་མར་སྦྱོར་བ་བྱས་པ་མི་དྲན་ཕྱིར། །ཕྱི་མར་མི་སྐྱེ་ནའང་ཉིན་ཞག་འོག །སྐྱེ་ལ་གེགས་བྱེད་གང་ཞེས་རྩོད་མོད་ཀྱི། །རྩོད་ཚུལ་དེ་དང་ཁྱོད་གཉིས་མི་འཐད་དེ། །འདིར་མི་སྐྱེ་བ་བཅས་དབང་ཁོ་ནས་ཡིན། །དེས་བཀོད་རྒྱུ་མཚན་གསུམ་ཀྱང་སྤྲུལ་པའི་སྟག །འདུ་ཤེས་སྟོང་དང་མྱོས་པས་ཁེགས་སམ་དཔྱད། །སྤོང་སེམས་ཀྱིས་ཟིན་བག་ཆགས་སྡོམ་ཡིན་གྱི། །མ་བཅོམ་བག་ཆགས་ཙམ་ཞིག་ཕྱི་མར་འགྲོ། །དགེ་སློབ་མ་ཡི་སྡོམ་པ་ལོ་གཉིས་ནས། །མི་གཏོང་བདུན་ནི་ནམ་འཚོའི་མཐའ་ཅན་ཡིན། །རབ་ཏུ་ཐར་དང་སོ་སོར་ཐར་པ་དང༌། །དང་པོར་ཐར་ཞེས་སྒྲ་དོན་རྫོགས་པ་མིན། །པྲ་ཏི་དང་པོ་ཟློས་སྒྲ་ཐབས་བྱས་ཚེ། །མོཀྵ་རིམ་བཞིན་སྡོམ་མིན་ལས་གྲོལ་དང༌། །འཁོར་ལས་གྲོལ་དང་མྱ་ངན་འདས་ལ་འཇུག །ལུས་ངག་གཞན་གནོད་གཞི་བཅས་ལས་ལོག་པའི། །འདོད་བསྡུས་ངེས་འབྱུང་སྡོམ་དེ་སོ་ཐར་སྡོམ། །གཞི་ལ་ཚུལ་གཉིས་སྡོམ་པས་བར་མ་གཅོད། །རྫས་བཞི་རྟེན་དུས་ཡན་ལག་སྒོས་གཉིས་གཉིས། །བརྒྱད་པོ་ཞག་གཅིག་སྤང་བར་ཁས་འཆེ་བའི། །ཁྱིམ་ཕྱོགས་སོ་ཐར་སྡོམ་དེ་བསྙེན་གནས་སྡོམ། །ཁ་ཅིག་དུས་མིན་ཟས་སྤོང་བསྙེན་གནས་དང༌། །བྱུག་པ་ཟུར་དུ་ཕྱེ་བས་ཡན་ལག་བརྒྱད། །བྱེ་སྨྲས་རང་དང་ཡན་ལག་མི་འགལ་ཏེ། །ལྟ་སོགས་ལམ་དང་བྱང་ཆུབ་ཡན་ལག་བཞིན། །ཞེས་ཟེར་སློབ་དཔོན་གྱིས་བཀག་བཞི་གཅིག་གསུམ། །ཡན་ལག་དབྱེ་བ་སློབ་དཔོན་རང་ལུགས་ཡིན། །རབ་བྱུང་ལ་ཡོད་ཉིན་དེར་རྫོགས་རུང་ཞིང༌། །སྡོམ་གཞན་དེ་ཡིས་གཏོང་རྒྱུ་མིན་ཕྱིར་རོ། །དགེ་བསྙེན་ཚངས་སྤྱོད་གོམས་བྱེད་གསོ་སྦྱོང་འདི། །ཡིན་ཕྱིར་གོ་ཤཱཀ་དེའི་གཏོང་རྒྱུར་འདོད་འཁྲུལ། །ལུང་ལས་འཕྲོག་མ་འདིར་བཀོད་བར་མར་དགོངས། །
འོ་ན་སྡོམ་གསུམ་རབ་དབྱེ་ལས། །བྱེ་བྲག་སྨྲ་བས་བསྙེན་གནས་ཀྱང༌། །དགེ་སློང་ལས་ལེན་གང་ཟག་ནི། །གླིང་གསུམ་སྐྱེས་པ་བུད་མེད་ལས། །འགྲོ་བ་གཞན་ལ་སྡོམ་པ་བཀག །མདོ་སྡེ་པ་དག་དུད་འགྲོ་སོགས། །འགྲོ་བ་གཞན་ལའང་སྐྱེ་བར་བཤད། །བླང་བའི་ཡུལ་ཡང་དགེ་བསྙེན་སོགས། །གང་ཡང་རུང་བའི་བླང་བར་གསུངས། །མགོན་མེད་ཟས་སྦྱིན་གྱིས་བྱིན་བྱེ་སྨྲས་འདོད། །མདོ་སྡེས་འདོད་པ་མཛོད་དུ་བཤད་དང་འགལ། །ཉིན་ཙམ་ཀྱང་ཕན་ཀ་ཏ་ཡ་ནས་མཛད། །ཐེག་ཆེན་ལུགས་ལ་བྱང་ཆུབ་བར་ཡང་སྐྱེ། །འདིར་ཡང་ནམ་འཚོའི་བར་བླངས་སོ་སོར་སྐྱེ། །འོ་ན་ནམ་འཚོའི་བར་དུ་བརྒྱད་སྤོང་བའི། །སྡོམ་པ་སྐྱེ་དགོས་མཚན་ཉིད་དང་འགལ་ན། །ཉི་མ་ཤར་དང་སྔ་གཏོང་ཕྱི་ཐོབ་མཉམ། །ཞག་མི་ཚང་ཕྱིར་ཟོས་ནས་མི་སྐྱེ་ཡང༌། །འདི་ཡིས་ཟོས་རྗེས་ལེན་པ་དམིགས་བསལ་ཏེ། །དྲན་གསོ་ཙམ་ལས་སྔར་སྐྱེས་ཟིན་ཕྱིར་རོ། །ཇོ་བོར་ཟུར་ཟ་མཁས་གྲུབ་རྗེ་ཡིས་བཀག །དགེ་བསྙེན་གྱིས་བསྡུས་འཁོར་བདུན་གྲངས་སུ་མིན། །བསྙེན་གནས་གསོ་སྦྱོང་མུ་བཞི་མུ་གསུམ་འཁྲུལ། །དགེ་བ་གསོ་ཕྱིར་གསོ་སྦྱོང་ཁོ་ནར་འདོད། །སྨྱུང་གནས་སྨྲ་བཅད་སོགས་ཕྱིར་འདིར་མི་གཅིག །ནམ་འཚོར་ལྔ་སྤོང་རིགས་གནས་ཁྱིམ་པའི་སྡོམ། །དགེ་བསྙེན་གྱི་འོ་སྣ་གཅིག་སྤྱོད་སོགས་དྲུག །ནམ་འཚོར་བརྒྱད་སྤོང་རབ་བྱུང་རྟགས་འཛིན་པའི།།གོ་མི་དང་བདུན་ཕལ་ཆེན་ལ་ཡོད་ཀྱང༌། །ཡོད་སྨྲ་ལ་མེད་དེའི་ལུགས་ལ་ཡོད་དེ། །ཐེག་ཆེན་ལུགས་ལའང་ཉན་རང་ཡོད་པ་བཞིན། །གཞན་དུ་འདི་བས་ཕལ་ཆེན་མེད་འདོད་དམ། །ཁ་ཆེ་བས་ནི་སློབ་དཔོན་མདོ་སྡེ་པ། །ཉི་འོག་པས་འདོད་ཡོངས་རྫོགས་ཚངས་སྤྱོད་ལས། །གཞན་རྣམས་དགེ་བསྙེན་མིན་ཏེ་མ་བླངས་ཕྱིར། །ཞེས་ཟེར་སློབ་དཔོན་འང་སྡོམ་མེད་དགེ་བསྙེན་འདོད། །རང་ལུགས་ཀུན་བླངས་དེ་དེ་བསྲུང་ལ་འདོད། །དེ་ཕྱིར་སྣ་གཅིག་སྤྱོད་པའང་དགེ་བསྙེན་དངོས། །ནོད་ཚེའང་གཞན་དག་དགེ་བསྙེན་བཟུང་གསོལ་ཟེར། །འདི་བས་ནམ་འཚོར་ལྔ་སྤོང་དགེ་བསྙེན་སྦྱོར། །དེ་ཕྱིར་མདོ་ལས་སྲོག་སྤོང་ཞེས་པ་འང༌། །སྲོག་གཅོད་སྤོང་ཞེས་བར་ཚིག་མི་མངོན་ལོ། །མདོ་སྡེ་པ་སོགས་སྲོག་གི་ཕྱིར་ཡང་ཆོས། །མི་སྤོང་ལ་སྦྱོར་སྐྱབས་འགྲོའི་དགེ་བསྙེན་འདོད། །བསྡུ་བར་མི་དགེ་བཅུ་པོ་རང་སྤོང་བཅུ། །སྲོག་གཅོད་ཕྱོགས་གཅིག་སྤོང་སོགས་འགལ་སྤོང་བཅུ། །སྲོག་གཅོད་ཕལ་ཆེར་སྤོང་སོགས་བཅུ་སྲོག་གཅོད། །མཐའ་དག་སྤོང་བཅུ་དུས་ཐུང་དུས་རིང་དང༌། །ནམ་འཚོའི་བར་སྤོང་གཞན་འགོད་བསྔགས་པ་བརྗོད། །ཡི་རང་ངོ་རང་བརྟེན་བདུན་ཅུ་གཞན་སུམ་ཅུ། །བཅུ་སྤོང་དགེ་ཚུལ་བཅུ་གཉིས་དགེ་སློབ་མ། ཚངས་སྤྱོད་ཉེར་གནས་འདི་ཡིན་ལོགས་སུ་མེད། །བདུན་འཁོར་བཅས་སྤོང་སོ་ཐར་ཚུལ་ཁྲིམས་ཏེ། །དགེ་སློང་སྡོམ་གསུངས་ཚུལ་ཁྲིམས་ཙམ་མི་རུང༌། །ཁས་འཆེ་མི་སྦྱོར་བཅས་པའི་ལས་དང་པོ། །ཚུར་ཤོག་སོགས་ཀྱིས་མ་ངེས་དབྱེ་བ་ལྔ། །སྒྲ་དོན་དགེ་སློང་ལ་གཅེས་མདོར། །སྒྲ་འཇུག་རྣམ་པར་ཟད་ཕྱིར་དང༌། །དགེ་བ་སློང་དང་ཟས་སློང་དང༌། །ཞི་བར་གནས་དང་ལམ་ཞུགས་དང༌། །ཞེས་གསུངས་རྐྱེན་བཞིའི་རྒྱུ་བདག་གཉིས་ལས་སྐྱེ། །ཐལ་འགྱུར་བ་དང་མི་འདྲ་འཇུག་འགྲེལ་ལས། །ས་བོན་འགག་མ་ཐག་པ་མྱུ་གུ་ཡི། །མཚུངས་པ་དེ་མ་ཐག་རྐྱེན་ཡིན་ལྟ་བུའོ། །ཞེས་གསུངས་རྣམ་སྨིན་ཀུན་འགྲོ་མཚུངས་ལས་མིན། །ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མུ་བཞིར་གསུངས། །བྱེད་རྒྱུ་བྱེད་སྟོང་གྲུབ་མཐར་གྲགས་པ་ཙམ། །བྱེད་བཅས་ལ་གསུམ་འབྱུང་བརྒྱུད་བྱས་ལ་འང༌། །སྐྱེད་བྱེད་གཞི་དང་གནས་བྱེད་རྟེན་འབྱུང་གཉིས། །རིག་བྱེད་ཙམ་པོ་ཚུར་ཤོག་ཆོ་ག་ཁྱད། །བསམ་པ་རྒྱུ་དང་དུས་གཉིས་དང་པོར་གསུམ། །ལེན་འདོད་ཐོབ་ཤེས་མྱང་འདས་སེམས་བརྟན་པའོ། །འདི་ལ་འདི་ཉིད་ཡུལ་འདིར་འདིའི་བར་དུ། །འཐབ་ཚེ་མ་གཏོགས་ཞེས་སུ་སེམས་ཅན་དང༌། །ཡན་ལག་ཡུལ་དུས་ཚེ་ངེས་ལྔ་བྲལ་དགོས། །འཐོབ་ཤེས་འཕྲལ་དུ་མེད་ཀྱང་སྐྱེ་འགྱུར་ཏེ། །དུས་གོ་དོན་ཡོད་གཉིད་ཀྱང་སྐྱེར་གསུངས་ཕྱིར། །འོན་པས་ཀྱང་ནི་གོ་གྱུར་ན། །ལས་བརྗོད་པ་ནི་མི་ཐོས་ཀྱང༌། །འདི་ལ་བསྙེན་རྫོགས་ཡོད་པ་སྟེ། །ཚུལ་ཁྲིམས་ལ་ནི་ཉེས་པ་མེད། །ཅེས་སུ་མེ་ཏོག་ཕྲེང་རྒྱུད་གསུངས། །སློབ་དཔོན་མི་ནུས་ལས་སྲུང་རྟག་པ་ལ། །ཐལ་འགྱུར་ནུས་དང་མ་འོངས་ལ་བསྲུང་གསུངས། །ཡུལ་སྒོས་འཕེལ་འགྲིབ་འགྱུར་ཞེས་བྱེ་སྨྲས་བརྗོད། །སྔོན་མེད་རྩ་སྐྱེས་པ་དང་མཚུངས་སོ་གསུངས། །གཟུགས་ཅན་ལྟར་ན་དོང་ཚེ་སུམ་བརྩེགས་ལྟར། །ཚུལ་ཁྲིམས་ཙམ་དུ་ངོ་བོ་གཅིག་མོད་ཀྱང༌། །ངོ་བོ་ཐ་དད་ཉི་ཟླའི་གྲིབ་མ་ལྟར། །ལྟུང་བ་གཅིག་གོ་སེམས་པར་འདོད་པས་ན། །གྲུབ་བདེ་རྫས་གཅིག་མིན་ཀྱང་རྫས་གཅིག་འདོད། །ཐོབ་གཏོང་ཚུལ་གྱིས་མི་གནོད་ནང་ཕན་ཚུན། །ཡིན་པར་མ་སྨྲས་ཕྱིར་རོ་གསེར་དང་བུམ། །དངོས་གཅིག་དངོས་པོ་འདོར་དུས་མི་མཚུངས་བཞིན། །ཕན་ཚུན་ཡིན་ན་བུད་མེད་སྨོད་པས་ཀྱང༌། །སོ་ཐར་སྡོམ་གཏོང་གཟུགས་མེད་ཐོབ་པས་ཀྱང༌། །ཟག་མེད་སྡོམ་པ་གཏོང་བའི་སྐྱོན་དུ་འགྱུར། །གཏོང་ཚུལ་དབུ་སེམས་ལུགས་ལ་ཐུན་མོང་གི །ཕམ་པ་འཆབ་བཅས་འཆབ་མེད་གཉིས་ཀས་གཏོང༌། །འཆབ་མེད་སླར་ལེན་གསུངས་པས་བཏང་བར་གྲུབ། །བྱང་སེམས་འཆབ་བཅས་གསོ་བར་ནུས་སམ་དཔྱད། །ཞི་ཐོབ་རང་གྲལ་སྔོན་གྱི་ཡིན་ན་ནི། །སྡོམ་དེ་ནམ་ཞིག་བླང་བ་ལུགས་འདིར་དཔྱད། །མདོ་སྡེས་འཆབ་སེམས་ཡན་ལག་ཕྱིར་འཆབ་མེད། །མེད་སྨྲ་བྱེ་སྨྲས་དུས་མཚུངས་མེད་ཕྱིར་བཀག །སྐྱོང་མར་འཆབ་མེད་ལུང་འགལ་ཇི་ལྟར་སྤོང༌། །བྱེ་སྨྲ་འཆབ་མེད་བྱུང་བའི་རྣམ་དག་འདོད། །འཆབ་པས་མ་དག་གྱུར་ཀྱང་གཏོང་མི་སྲིད། །མདོ་ལས་དགེ་སློང་མིན་གསུངས་སྨད་པ་ལོ། །འདི་འདྲ་འོད་བྱེད་སར་གནས་ཡོན་ཏན་འོད། །མི་བཞེད་ཕམ་བྱས་ལྟུང་ཀུན་ཉེས་བྱས་གསུངས། །རང་ཉིད་མི་ཚངས་སྤྱད་པར་ཁས་ལེན་ལ། །བསྐུར་ཀྱང་ལྷག་མར་ཞུ་བས་མ་གསུངས་སམ། །ཉམས་པར་སྤྱད་པས་གཞིག་མིན་མ་ཤེས་པར། །སྨྲས་པ་ངེས་བཞིན་ཕམ་པས་བསྐུར་ལ་དགོངས། །ཞུ་བར་གཅིག་ལ་མཐར་འགྱུར་བཞི་ཡང་འབྱུང༌། །ཞེས་གསུངས་གསུམ་ནི་བཅོལ་ལོ་ཐོབ་བློར་དཔྱད། །བསླབ་བྱིན་བསླབ་པ་བསླབ་ཆོས་ལྔ་བཅུ་སོགས། །ཡིན་གསུངས་བོད་ཀྱི་ཁ་ཅིག་འཆབ་བཅས་ཀྱིས། །ཀུན་གཏོང་ཤེས་བྱེད་རྒྱ་ཆེར་འགྲེལ་དྲངས་པས། །ལུང་དང་ཀུན་གཏོང་གོང་འོག་སོ་སོར་འགལ། །ཁ་ཅིག་སོ་ཤོར་ཡིན་ཏེ་དེ་བསྲུང་བའི། །རྣམ་དག་ཉམས་ཡང་གཞན་ཡོད་མཛོད་འགྲེལ་ལས། །ཕྱོགས་གཅིག་ཁས་བླངས་པ་ཡིས་ཐམས་ཅད་ནི། །བླངས་པར་མི་འགྱུར་ཕྱོགས་གཅིག་བཏང་བ་ཡི། །ཐམས་ཅད་བཏང་བར་མི་འགྱུར་གསུངས་ཕྱིར་གསུངས། །མི་འཐད་ལུང་དེ་དགེ་ཚུལ་དགེ་སློང་གི །སྡོམ་པ་ལེན་དང་འབུལ་ཚུལ་ཙམ་ཡིན་ནོ། །དམར་སྟོན་ཀུན་གཏོང་སོ་ཤོར་གང་གི་སྒོས། །གཏོང་རྒྱུ་མིན་ཏེ་སྡོམ་པའི་རྫས་ཚང་ཕྱིར། །ཉམས་ཚུལ་ལ་ལྟོས་ཀུན་གཏོང་གཅིག་གིས་ཀྱང༌། །སྡོམ་ཀུན་དགོས་པ་སྒྲུབ་ནུས་ལས་ཉམས་ཕྱིར། །མི་འཐད་ཡོན་ཤཱཀ་རང་ལུགས་གཏོང་རྒྱུར་འདོད། །དགོས་པ་དྲུག་ནི་མཚོ་ཊཱིཀ་ལས། །བྱང་ཆུབ་མཐོ་རིས་བླངས་སྐྱེ་དང༌། །ཆོས་དང་ཟང་ཟིང་ཕྱིར་བཅོས་རུང༌། །ཞེས་གསུངས་གཏོང་རྒྱུ་ཐུན་མོང་ལྔ། །ཐུན་མོང་མིན་གསུམ་ཉམས་བྱས་སྐྱབས་འགྲོ་བཏང༌། །སོགས་མང་མ་ནིང་འགྱུར་བ་བསྟེན་པ་ཡང༌། །ཉི་ཤུ་ལོན་ནས་ཤེས་ཀྱང་མི་གཏོང་ལ། །དགེ་སློང་བསླབ་ཕུལ་ཐུན་མོང་དམ་ཚིག་ལ་དཔྱད།།
གཉིས་པ་གཞུང་དོན་བྱེ་བྲག་བཤད་པ་ལ། །སྐབས་སྒྲུབ་པ་དང་དངོས་ཀྱི་དོན་བསྟན་གཉིས། །དང་པོར་གོ་རིམ་ངེས་པའི་རྒྱུ་མཚན་དང༌། །དེ་ལས་འཕྲོས་པ་མདོར་བསྡུས་སྤྱི་དོན་གཉིས། །དང་པོ་མདོར་བསྡུས་ཕྱིས་བཤད་པ། །བསྟན་བཤད་གོ་རིམ་ལོག་པ་མིན། །གཞན་དུ་ལུང་དང་འགལ་བ་དང༌། །དོན་ཆའི་བསྟན་བཤད་གོ་ལོག་དང༌། །དངོས་བཅས་མ་རྟོགས་སྦྱོར་མི་ནུས། །མདོར་བསྡུས་དབྱེ་བ་བྱེ་མ་སྲོག་ཆགས་ཅན། །རྐོ་བ་བཀག་དང་དགེ་ཚུལ་གསོ་སྦྱོང་དང༌། །ཁམ་པོར་ཟན་ཟ་དགག་སྒྲུབ་གནང་མདོར་བསྡུས། །ངོ་བོའི་སྒོ་ནས་རྒྱུ་ཚོགས་དང་བཅས་པའི། །མདོར་བསྡུས་ཡན་ལག་གི་ནི་མདོར་བསྡུས་གཉིས། །དང་པོ་གསལ་ཁ་མེད་པར་བྱེ་མ་བཀག །གཉིས་པ་སྤྲུལ་མིན་རེག་ལས་གཞན་ལ་སྦྱོར། །གནས་སྐབས་སྒོ་ནས་གཉིས་ཏེ་གང་ཟག་གིས། །སྦྱོར་མི་ཤེས་དང་ཤེས་པ་གོ་རིམ་བཞིན། །ངོ་བོ་ཉིད་དང་བྱེད་པའི་མདོར་བསྡུས་སོ། །མདོར་བསྡུས་ངོ་བོ་གསལ་ཁ་མ་བཀོད་པའི། །བསླབ་དང་སྟོན་པའི་བཀར་ཡང་མཚོ་ཊཱིཀ་གསུངས། །རུང་མཐུན་ཞེས་གྲགས་མི་རུང་མཐུན་ཡང་ཡོད། །སྒོས་ཀྱི་དགག་བྱ་ལུས་སྲོག་ལ་གནོད་པ། །རྩྭ་ཉག་གཅིག་གིས་བརྡེག་པས་མི་འགྲུབ་ཀྱང༌། །སྤྱིར་ན་བརྡེག་པ་གནོད་པའི་རིགས་ཅན་ཕྱིར། །སྤྱི་ཡི་དགག་བྱས་མཚམས་བཟུང་དམིགས་བསལ་ཏེ། །སྤྱིར་ནི་རང་བཞིན་ཁ་ན་མ་ཐོ་རྣམས། །སྒོས་ཀྱི་དགག་བྱས་བཅས་པ་ཤེས་བྱེད་དེ། །བསྣུན་ཀྱང་གསོན་ན་ཕམ་པ་མི་སྐྱེད་བཞིན། །གནས་མལ་ཕན་ཕུན་གྱུར་ན་ལྟུང་སྐྱེད་པ། །སྒོས་ཀྱི་མཚམས་བཟུང་བཅས་པའི་ལྟུང་བ་སྤྱི། །སྤྱི་ཡི་དགག་བྱས་བཅས་པ་ཤེས་པར་བྱེད། །ཁ་ཅིག་མདོར་བསྡུས་ལྟུང་བ་ཉེས་བྱས་ལོ། །བམ་ལྔར་སྡེ་ལྔ་གསུངས་སོ་ངོས་འཛིན་དཔྱད། །མཚོ་ཊཱིཀ་ལས་ནི་ཐམས་ཅད་རྗེས་བཅས་གསུངས། །ཤ་མིས་ཡན་ལག་མདོར་བསྡུས་སྔར་བཅས་ཏེ། །གཞན་དུ་བཅས་མཛད་མདོར་བསྡུས་མ་མཛད་ཚེ། །རྫུ་འཕྲུལ་ཅན་གྱི་བུད་མེད་དང་འགྲེང་བའི། །ལྟུང་བྱེད་སྐྱེད་དེ་སྤྲུལ་མིན་ཡན་ལག་ཏུ། །མ་བཅས་ཕྱིར་ན་ཡན་ལག་ཚང་ཕྱིར་རོ། །མཚོ་ཊཱིཀ་འདོད་གསུངས་ཆགས་པ་རྒྱུར་འགྱུར་གྱི། །ཡན་ལག་མ་རྫོགས་ཕྱིར་ན་དགག་བྱ་ནི། །མ་རྫོགས་བཅས་པ་མི་རྫོགས་ཕྱིར་ཞེས་ཟེར། །བཅས་པ་རྣམས་འཇོག་དགག་བྱ་འདིར་རྫོགས་ལ། །བྱ་བ་དེ་འབྲེལ་དགག་བྱ་མ་རྫོགས་པར། །བཅས་པ་རྫོགས་སྲིད་ལུས་སྲོག་ལ་གནོད་པའི། །དགག་བྱ་མ་རྫོགས་བརྡེག་པའི་ལྟུང་སྐྱེད་བཞིན།།
གཉིས་པ་དངོས་དོན་བསྟན་ལ་སྡོམ་པ་ནི། །མ་ཐོབ་ཐོབ་བྱེད་ཐོབ་པ་མི་ཉམས་བསྲུང༌། །ཉམས་པའི་ཕྱིར་བཅོས་ཚུལ་གསུམ་དང་པོ་ལ། །གཞི་དང་ཕྲན་ཚེགས་ཞུ་བ་གསུམ་གྱི་དོན། །འགྲེལ་པས་བཤད་ལ་སྔོན་ཆོག་ད་ཆོག་གཉིས། །སངས་རྒྱས་རང་བྱུང་རང་རྒྱལ་མཁན་སློབ་མེད། །ཡེ་ཤེས་ཁོང་ཆུད་ཚུར་ཤོག་སྐྱབས་འགྲོ་དང༌། །སྟོན་པར་ཁས་བླང་དྲི་མཉེས་ལྕི་ཆོས་བླང༌། །འཕྲིན་དང་གསོལ་བཞིའི་ལས་དང་སྔོན་ཆོག་བཅུ། །མི་འཐད་གསུམ་ནི་རིག་བྱེད་ལྟོས་མིན་ཞིང༌། །འཕྲིན་ནི་ད་ཆོག་དྲི་སོགས་ཆོ་ག་མེད། །འདི་ཡི་ཆོ་ག་ཚིག་ཡིན་མཚོ་ཊཱིཀ་ཏུ། །ཆོ་གར་གསུངས་མོད་དེ་ནི་ལྟ་དང་འཚོ། །ཆོ་གའི་ནང་ཚན་ནོ་སྒྲ་དང་དོན་མི་གཅིག །མཚོ་ཊཱིཀ་དང་པོ་གཉིས་སྡོམ་འཕྲིན་དོར་བརྒྱད། །བསྙེན་རྫོགས་བཅུ་གསུངས་ཆོ་གར་སུ་ཡིས་བཏགས། །འདྲེན་ཚུལ་མི་མཐུན་མེ་ཏོག་འཕྲེང་རྒྱུད་དང༌། །རང་འགྲེལ་འདུལ་བ་བསྡུས་པར་རང་བྱུང་སྡོམ། །ལྔ་ཚོགས་བཅུ་ཚོགས་ཐ་དད་དབྱེ་བས་བཅུ། །གཅིག་ལས་འཕྲོས་པར་དགུ་འདྲ་སྐྱབས་འགྲོའི་ཚང༌། །གསོལ་བཞི་སྤྱི་ཙམ་བགྲང་བས་བཅུར་གསུངས་ལ། །མ་མོར་རང་བྱུང་ཐ་དད་ལྔ་བཅུ་སྡོམ། །མཆོད་སྦྱིན་མཐུན་རྐྱེན་ལྔ་དང་ཆོ་གར་དཔྱད། །སྐལ་ལྡན་དེར་ཤེས་དབང་མེད་གསུམ་ཚང་ཀུན། །ཚུར་ཤོག་སྲིད་པ་ཐ་མ་ཁོ་ནར་གནང༌། །སྐྱབས་འགྲོ་སྡེ་བཟང་དྲུག་ཅུ་ལེགས་སྦྱིན་ནི། །གཅིག་ཏུ་གཅེས་པ་གང་ཡིན་ཐར་པ་འོ། །དེ་ལ་དགོས་པ་གང་ཡིན་དང་པོ་འོ། །ཞེས་ཏེ་དྲི་བས་རྫོགས་ཤིང་སྔོན་ཆོག་ནི། །སྔོན་ནས་རྒྱུད་སྨིན་ཤེས་རབ་དབང་པོ་སྨིན། །རྣམ་སྨིན་ལས་དང་ཉོན་སྒྲིབ་ཆུང་ལ་མཛད། །ད་ལྟ་བྱས་ན་སྐྱེ་ཡང་མི་རུང་བར། །རིན་འཕྲེང་གསུངས་མོད་སྲིད་ཀྱང་སྔོན་ཆོག་མིན། །ཁྱད་ཆོས་བཞི་ལྡན་མཁན་སློབ་མི་དགོས་པར། །གསོལ་བཞིས་རབ་བྱུང་བསྙེན་རྫོགས་ཅིག་ཅར་དུ། །སྒྲུབ་བྱེད་ཆོ་ག་འདི་ཡི་མཚན་ཉིད་ཕྱིར། །རྒྱལ་བས་རིང་པོ་མ་ལོན་ཐག་རིང་པོའི། །སླད་དུ་གནང་བ་ལོ་དྲུག་བར་དུ་གནས། །གང་ལས་ནོད་ཡུལ་བཞི་ཡི་གྲངས་ཚང་ཞིང༌། །འགྲེང་མིན་ཡུལ་མིན་འདུན་སོགས་ཕུལ་བ་མིན། །ཕམ་པས་ཉམས་མིན་བསྙེན་པར་མ་རྫོགས་མིན། །མཚམས་མེད་མ་བྱས་སྡིག་ལྟ་ཅན་མིན་དང༌། །ས་གཞན་མ་ཡིན་ཐ་དད་གནས་པ་མིན། །འཁྲུལ་མིན་དཀོན་མཆོག་གཞན་མིན་མཚམས་མཚན་མིན། །ཞེས་པ་བཅུ་གསུམ་ཆོས་ལྡན་ཁ་སྐོང་འོས། །མ་འདུས་འདུས་པ་ཕྱིར་བཟློག་མི་མཐུན་མེད། །ཁྱད་ཆོས་གསུམ་ཚང་དགེ་འདུན་ནོ་འདུན་པ་འབུལ། །མཚམས་བཅད་ཆོ་ག་མེད་ཕྱིར་ཐམས་ཅད་འདུས། །གང་གིས་ནོད་རྟེན་མཁན་པོས་མ་བགོས་པར། །རང་གིས་ཉན་ཐོས་ཆས་བྱས་རྒན་རབས་བཞིར། །ཕྱག་གསུམ་འཚལ་ཞིང་གཅིག་གིས་ལས་བརྗོད་ཕྱིར། །དེ་ཉིད་གཙོ་བོར་ཕྱག་གི་ཡུལ་དུ་བྱེད། །དེ་ཕྱིར་གང་ཟག་ལ་མིན་དགེ་འདུན་ནོ། །ད་ཆོག་ཕྱག་ཚན་བཅུ་གཅིག་མཚོ་ཊཱིཀ་ལས། །སངས་རྒྱས་དགེ་འདུན་མཁན་པོར་གསོལ། །གོས་ཀྱི་གཉིས་དང་ལྷུང་བཟེད་དང༌། །གསང་སྟེ་སྟོན་དང་མཇུག་ཡོན་དང༌། །སངས་རྒྱས་དགེ་འདུན་ལས་བྱེད་ལའོ། །ཤཱ་ཏམ་ལས་ནི་ཆོས་ལའང་གསུངས། །གཏང་རག་བཅས་ན་བཅུ་གསུམ་འགྱུར། །སྣམ་སྦྱར་མེད་ན་གྱོན་ཕྱག་མེད། །གོས་དང་ལྷུང་བཟེད་གཉིས་རུང་མཐུན། །ལྷག་མ་དགུ་དཔྱད་མདོ་ལས་དངོས་སུ་གསུངས། །ད་ཆོག་ཕ་གུའི་སྟེང་དུ་ཡུན་རིང་གནས། །མཁན་པོས་ངོ་ཆེན་ལས་སློབ་བརྡ་སྤྲད་ལས། །གསོལ་འདེབས་འདིར་ནི་རང་གིས་བཏབ་པས་ཆོག །ཇི་ལྟར་ནོད་པ་ཆོ་གའི་ཁྱད་པར་ནི། །འགལ་རྐྱེན་བྲལ་སོགས་མི་བརྗོད་གསོལ་བཞིས་ཆོག །ཡོངས་སུ་རྫོགས་པ་འབྲས་བུའི་ཁྱད་པར་ནི། །རབ་བྱུང་བསྙེན་རྫོགས་ཅིག་ཅར་རོ་དགེ་ཚུལ་ནི། །བསྟན་ལ་རིམ་སློབ་ཆེད་ཡིན་འདི་ལ་མེད། །ད་ཆོག་བཅུ་གསུམ་ཟེར་ཡང་དྲུག་ནས་བྱུང༌། །ཤཱ་རིའི་བུ་ཡིས་འཆར་ཀ་བསྙེན་རྫོགས་ཕྱིར། །སྟོན་པས་བྲོ་གཡོག་མཛད་པ་གླེང་གཞི་མིན། །མ་བགོས་རྒོད་དང་ནད་པ་ཤི་ལ་བརྟེན། །ཕ་ཆོག་ལུང་གཞི་མ་ཆོག་ཕྲན་ཚེགས་སོགས། །ལས་གསུངས་མདོ་ལུགས་བསྙེན་གནས་འབོག་ཆོག་ནི། །གནས་འཇོག་ཁོ་ནར་བཤད་ལ་ཤུགས་བསྟན་དུ། །དོན་ཞགས་ཆོ་འཕྲུལ་མདོ་དང་སྨན་བླར་གསུངས། །ཐེག་ཆེན་གསོ་སྦྱོང་རྟེན་དྲུང་དགེ་སློང་ཀྱང༌། །ལེན་རུང་ཐེག་ཆེན་སྡོམ་ཕྱིར་དོན་མི་གཅིག །ཤེས་རྒྱུད་ཕུན་སུམ་ཚོགས་ཕྱིར་མཁན་པོར་བརྟེན། །དག་ཕྱིར་བར་ཆད་དྲིས་ནས་དག་པ་བཟུང༌། །བསྟན་ལ་རིམ་སློབ་ཆེད་དུ་གསུམ་རིམ་སྦྱིན། །སྣོད་རུང་བྱ་ཕྱིར་རབ་བྱུང་ངོ་མཁན་པོས་ངོས། །དང་པོའི་མཁན་པོས་བསྙེན་རྫོགས་སྒྲུབ་དགོས་ཀྱང༌། །གང་མོས་འགའ་ཞིག་ལ་གནས་མཁས་བུས་ཡིན། །དཀྱུས་གཅིག་དགེ་བསྙེན་སྒྲུབ་ན་དེ་ཚེ་དྲི། །དགེ་བསྙེན་རྐྱང་བར་མི་དྲི་མུ་སྟེགས་ཀླུ། །བར་མ་རབ་བྱུང་མེད་ཀྱང་དགེ་ཚུལ་འགྱུར། །ཚིག་ལ་བསམ་ན་ཁྱིམ་པའི་སྡོམ་མིན་ཕྱིར། །རབ་བྱུང་མཁན་པོ་ལས་ཐོབ་མ་ངེས་འགྱུར། །
བཞི་པ་རབ་བྱུང་ལ་ཡང་སྦྱོར་དངོས་གཉིས། །ངོ་ཚ་ཁྲེལ་ཡོད་ཆེད་དུ་གནས་ལ་ཞུ། །འདི་བའི་བསམ་པ་སྐྱེ་ཕྱིར་རྟགས་སྦྱིན་ཅིང༌། །བར་ཆད་སྤང་ཕྱིར་མཚན་བརྟག་སྦྱོར་བ་འོ། །དང་པོར་དགེ་བདུན་ལ་ཞུ་མཁན་པོར་གསོལ། །དང་པོར་ཞུ་མཁན་ལ་གཏོད་ཞུ་མཁན་ཡང༌། །བསྙེན་རྫོགས་སྡོམ་དག་མཚན་དང་ལྟ་བ་མཐུན། །སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་དུ། །གནས་ཏེ་ཐ་སྙད་གསུམ་ལྡན་ལུས་ཐ་མལ། །ས་རང་བཞིན་གནས་དགེ་སློང་ཆོས་དྲུག་སྟེང༌། །མཚམས་གནས་མཁན་པོར་ཕྱོགས་མིན་ཞུ་ཆོག་ཤེས། །ཁྱད་ཆོས་དགུ་པོ་དང་ལྡན་དེས་མཁན་པོར། །བར་ཆད་དྲིས་སམ་སྨྲས་ནས་འདུས་པ་འམ། །སོ་སོར་འཁོད་ཀྱང་དགེ་འདུན་ལོང་ལ་ཞུ། །དངོས་ཀྱི་དགོས་པ་མ་ཞུས་ཉེས་ཁེགས་ཤིང༌། །བརྒྱུད་ནས་ཁྲེལ་ཡོད་དགེ་འདུན་ལ་གུས་ཤིང༌། །ཚོགས་པ་གཅིག་གྱུར་བར་ཆད་མཐོང་ན་འདྲེན། །བསྟན་རྨ་མི་འབྱིན་སྐུར་ཚིག་སྤོང་དང་དྲུག །
དངོས་གཞིར་འགལ་རྐྱེན་བཞི་བྲལ་མཐུན་ལྔ་ཚང༌། །སྐྱེ་གནས་མཛེས་དང་ཁྱད་འགྱུར་བར་ཆད་བཞི། །དང་པོར་རྟེན་ལས་གནས་སྐབས་བསམ་དབང་གིས། །མི་སྐྱེ་བཞི་འོ་རིམ་བཞིན་མཚོ་ཊཱིཀ་ལས། །སྤྲུལ་པ་ཕོ་མོ་མ་ནིང་ལྔ་ལྔ་བཅུ། །མཚན་ལན་གསུམ་འགྱུར་མཚན་དུག་མཚན་མེད་དང༌། །ཟ་མ་དུད་འགྲོ་མི་མིན་སྒྲ་མི་སྙན། །ལུས་ངག་སྡོམ་པ་ཐོབ་མིན་བཅོ་བརྒྱད་དོ། །རྐུ་ཐབས་གནས་དང་མུ་སྟེགས་ཅན་ཞུགས་དང༌། །མཚམས་མེད་ལྔ་དང་རྣམ་དག་སུན་ཕྱུང་དང༌། །རྩ་ལྟུང་འཆབ་བཅས་བྱུང་དང་སྔོན་རབ་བྱུང༌། །ཚེ་འདིའི་ལས་སྒྲིབ་རྣམ་པ་བཅུ་ཉིད་དོ། །རང་རང་སྐབས་ཀྱི་ལོ་གྲངས་མ་ལོན་དང༌། །ཁྱིམ་པའི་ཆ་ལུགས་དག་དང་ལྡན་པ་དང༌། །རབ་བྱུང་འདི་བའི་ཆ་ལུགས་ཡོངས་ཉམས་དང༌། །ཆད་པའི་རྒྱུ་ཟློག་ཁས་མི་ལེན་དང་བཞི། །མུ་སྟེགས་ལྟ་དང་སྐྱེ་ཚེ་ལེན་སེམས་ལོག །འདོད་ཆགས་གྱིས་གཟིར་རང་དབང་མེད་གྱུར་དང༌། །ཁྲོ་བས་རང་དབང་མེད་པར་སེམས་འཁྲུགས་དང༌། །གཏི་མུག་དབང་གྱུར་ཐོབ་ཤེས་མེད་དང་ལྔ། །ཞེས་གསུངས་ཕ་མའི་ཐུན་མོང་ཡིན་མིན་དབྱེ། །སྐྱེས་པ་བརྒྱད་བབ་མི་སྐྱེ་བར་ཆད་གང༌། །རེག་བཀན་སྔོན་འགྲོ་མེད་མྱོང་མ་སུན་བྱེད། །གསུམ་པར་གནས་མི་བྱ་དང་མུ་སྟེགས་ཀྱི། །རྟགས་ཅན་གཉིས་བསྣན་མུ་སྟེགས་ཅན་ཞུགས་ལ། །དངོས་དང་བོན་སོགས་ལན་གཉིས་ལས་མྱོང་བ། །གཉིས་སུ་དབྱེ་བ་ཐུབ་བསྟན་བྱི་དོར་གསུངས། །རྒྱུ་ཟློག་ཆད་པ་ཁས་མི་ལེན་པ་གཞིར། །བར་ཆད་ཡིན་ཡང་སྐྱེ་བའི་ཆོས་ཅན་གསུངས། །ཞུ་བར་མི་སྐྱེ་གསུངས་པ་མི་འགལ་ཚུལ། །གནས་ཕྱུང་བབས་པའི་སྐྱེ་བ་བུད་མེད་ཟེར། །སྔོན་རབ་བྱུང་བ་ཕྲན་ཚེགས་བཀག་དང་ཟློས། །ཁ་ཅིག་བསྡིགས་སོགས་བཞི་དང་གནས་དབྱུང་བདུན། །མི་འཐད་སྔ་མའང་དབྱུང་བར་ཊཱིཀྐར་གསུངས། །རང་ལུགས་ངག་གིས་མི་གཏོང་འདྲ་ན་ཡང༌། །ཞེ་ནས་བཏང་དང་མ་བཏང་དབྱེ་བ་ཡོད། །གནས་པའི་བར་ཆད་རྒྱལ་པོ་ཕ་ཁྱོ་རྗེ། །ཁྱད་འགྱུར་བར་ཆད་ཞེ་དྲུག་ཤཱ་ཏམ་ལས། །མཛེ་འབྲས་ཕོལ་མིག་འབུམ་ཕྲན་ཤ་བཀྲ་དང༌། །ཁྱི་རྔོ་གཡའ་ཀློག་རྐང་ཤུ་སྐེམས་ནད་སོགས། །མཛེས་པའི་བར་ཆད་ལུང་གཞིར་ལག་རྡུམ་སོགས། །ཉེར་བཞི་ཕྲན་ཚེགས་སྐྲ་སོགས་དོན་བཞི་དང༌། །ཞུ་བར་སེན་གཅིག་ལ་སོགས་ལྔ་བཅུ་སྟེ། །དབྱིབས་དང་ཁ་དོག་ལ་བརྟེན་བརྒྱ་སོ་བརྒྱད། །ལྷམ་མཁན་གདོལ་གཡུང་ལ་སོགས་རིགས་ཀྱི་དྲུག །གཞི་ལས་མུ་སྟེགས་ཅན་སོགས་བཅུ་བཞི་དང༌། །ཕྲན་ཚེགས་རྒྱལ་པོས་བཀྲབ་སོགས་བརྒྱད་ལ་སྦྱར། །སྤྲུལ་སོགས་བཅུ་གཅིག་ཁྱད་ཆོས་བརྒྱད་ལྡན་ཕྱིར། །རྒྱུ་ཟློག་པ་ལ་བཀོལ་བ་སྦྱོར་འདོད་འཁྲུལ། །བཀོལ་བ་མིང་ངོ་མིང་ཅན་ཚིག་དྲུག་ནི། །རབ་ཏུ་དབྱུང་ཕྱིར་ཉེ་བར་འོངས་པ་ལ། །མ་ཡིན་ནམ་དྲི་རབ་བྱུང་བྱེད་དག་གིས། །མ་ཡིན་ནམ་དྲི་རབ་བྱུང་མི་བྱ་ཟེར། །དེ་བཞིན་བསྙེན་རྫོགས་འོངས་ལ་དྲི་སོགས་གསུམ། །བསྙེན་རྫོགས་ཚེ་ན་ལག་རྡུམ་མི་དྲི་བས། །བར་ཆད་ཐུན་མོང་དྲི་བ་ཐུན་མོང་མིན། །དེ་སོགས་མུ་གསུམ་ཡོད་ཀྱང་འདིར་དྲི་ཚིག །ཐུན་མོང་ཁོ་ན་སྟེ་དོན་དྲུག་ཚང་དགོས་ཕྱིར། །གནས་པ་སྦྱིན་ཡུལ་སྔོན་ནི་མུ་སྟེགས་ཡིན། །ཤཱཀྱ་སོགས་མིན་སེམས་མགུ་དགེ་བསྙེན་ཡིན། །འབྱུང་འདོད་ཚོགས་སུ་མ་ལོང་གསོལ་གསུམ་འདེབས། །ལ་སོགས་བཅུ་ལྡན་ནོ་སྦྱིན་བྱའི་གནས་པ་ནི། །མཁན་པོས་གོས་དང་དགེ་འདུན་ཟས་ཀྱི་འོ། །ཁ་ཅིག་བུ་ལོན་བཀོལ་བ་མི་སྦྱོར་ཏེ། །མ་ཡིན་ནམ་གྱི་ཡིན་ནམ་བསལ་ཤུལ་དུ། །དགག་སྒྲ་མ་རྐྱང་བཞག་ནས་མེད་དམ་ཞེས། །མིང་ཅན་ཕྱུང་འཇུག་བྱས་ཤིང་འཇལ་ལམ་ཞེས། །མིང་ཅན་ལྷག་ཕྱིར་ཞེས་ཟེར་ཕ་མ་ཡིས། །མ་གནང་ལ་ཡང་མཇུག་ཏུ་ཡུལ་ཐག་རིང༌། །མ་གཏོགས་ཞེས་པ་མིང་ཅན་ལྷག་པ་དང༌། །གནང་ངམ་ཞེས་དགག་ཚིག་ཕྱུང་ནས་སྒྲུབ་ཚིག་བཅུག །དེ་ཕྱིར་དེར་ཡང་མི་སྦྱོར་ཐལ་བར་འགྱུར། །མཚོ་ཊཱིཀ་ཞག་བདུན་བསྲེལ་བ་བཀག་ཀྱང་དཔྱད། །བུ་ལོན་བདག་པོ་མི་ཡིན་གསོན་ཐག་ཉེ། །དེ་ལས་དབང་ཆེས་མ་གནང་འཇལ་དགོས་དང༌། །མི་འཁོར་བུ་ལོན་ཆགས་པ་ཆོས་དྲུག་ལྡན། །དང་པོ་བཞི་ནི་ཕ་མ་གཉིས་ལ་སྦྱར། །ཡུལ་རྒྱུད་རྟགས་བསམ་ཆོ་ག་མཐུན་རྐྱེན་ལྔ། །ཡུལ་ནི་སངས་རྒྱས་ཆོ་ག་མཁན་སློབ་སོགས། །རྒྱུད་ནི་ཚོགས་སུ་མ་ལོང་སྔོན་ཉམས་མིན། །རྟགས་ནི་ཁྱིམ་སྤང་རབ་བྱུང་ཆ་ལུགས་འཛིན། །བསམ་པ་རང་བཞིན་གནས་དང་ཐོབ་པར་འདོད། །ཐོབ་ཤེས་ངེས་པ་ལྔ་བྲལ་ངེས་འབྱུང་ལྡན། །བྱང་རྡོར་ངེས་འབྱུང་བརྟན་པོ་སྒོམ་བྱུང་ཟེར། །ཚུལ་གནས་ཐོས་བསམ་གཞི་ནས་སྦྱོར་བ་ཡོད། །བརྟན་པོ་ཡོད་ན་རྒྱལ་སྲིད་ཕྱིར་མི་གཏོང༌། །ཀུན་དགའི་ཚ་བོ་དཔེར་བྱེད་བསོད་གྲགས་བཀག །སྤྱིར་བཏང་དམིགས་བསལ་མེད་པ་ཨེ་མ་ཧོ། །མཐུན་རྐྱེན་ལྔ་པ་ཆོ་ག་ལན་གསུམ་པའི། །སྐྱབས་བདག་རྫོགས་ནས་གཞན་བརྗོད་ཚེ་ན་སྐྱེ། །དེ་ཚེ་སློབ་དཔོན་གྱུར་པ་དཔེར་མཛད་དེ། །འདི་ལ་ཚིག་བསྒྱུར་གསལ་ཞིང་དགེ་སློང་ལ། །གསུམ་གའི་དངོས་བརྗོད་བྱ་བརྗོད་བྱེད་རྗོད་འདྲ། །ཁྲིམས་མེད་རོ་ལངས་བརྩེ་མེད་སེང་གེ་འདྲ། །འཁོར་ངན་སྦྲུལ་དཀྲིས་ཕན་མེད་ཤིང་སྐམ་བཞིན། །དེ་ཕྱིར་བླ་མའི་མཚན་ཉིད་སུམ་བརྒྱ་བར། །ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པ་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ། །དུས་སུ་འདོམས་པ་དེ་ལྟར་བླ་མར་བསྔགས། །ཞེས་གསུངས་མཁན་པོ་གཉིས་དང་སློབ་དཔོན་ལྔ། །དགེ་སློབ་མ་ཡི་མཁན་པོ་བསྙེན་གནས་དང༌། །དགེ་བསྙེན་སློབ་དཔོན་ལས་སློབ་གསུམ་ཡོད་ཕྱིར། །ལས་བྱེད་ལོགས་སུ་བགྲང་བས་སློབ་དཔོན་བརྒྱད། །ཁས་བླངས་ན་འགྱུར་ཁྱིམ་པའི་རབ་བྱུང་མཁན། །གསང་སྟོན་དྲིས་ན་འགྱུར་བར་མཚོ་ཊཱིཀ་གསུངས། །རིན་ཕྲེང་ནང་དུ་ཞུ་དགོས་གསུངས་པ་འདོད། །ཆོས་དྲུག་གཞིར་བྱས་དགེ་ཚུལ་ཆོ་ག་ཤེས། །དྲི་ཤེས་དགེ་ཚུལ་སློབ་དང་གསང་སྟོན་འོས། །བསྐོ་ཚེ་ཆོས་དྲུག་སྟེང་དུ་མཚམས་གཞན་མིན། །འགྲོ་བ་བཞི་བྲལ་སྤྲོ་དང་ཚོགས་མ་ལོང༌། །སྔར་བསྐོས་མ་འབྲེལ་མཁན་སློབ་ཕྱོགས་མིན་དགོས། །སྔ་མ་བཅུ་བཞི་བསྐོ་ལས་ཀུན་ལ་སྦྱར། །སྡོམ་དག་ཆོས་དེ་ཤེས་སོགས་ཀློག་ལ་ལྔ། །ལན་གསུམ་བཟླ་བར་བཅོམ་བརླག་ལུང་ལས་འབྱུང༌། །དེ་ཕྱིར་སྟ་གོན་གཅིག་གིས་ཆོག་འདོད་འཁྲུལ། །མཁན་སློབ་མིང་ནས་སྨོས་ཚུལ་སུམ་བརྒྱ་བར། །སློབ་དཔོན་སློབ་དཔོན་ཚིག་དང་ལྡན་པས་སོ། །དོན་སོགས་སྨོས་པ་ཉེ་བའི་ཚིག་བྱས་ཏེ། །འདུལ་བཅས་མཁན་པོར་གྱུར་པའི་ཚིག་དག་བརྗོད། །རྒན་ལ་བཙུན་པའི་ཉེ་བའི་ཚིག་གིས་བརྗོད། །གཞོན་ལའང་ཚེ་དང་ལྡན་པའི་ཉེ་ཚིག་གིས། །དེ་བཞིན་གནས་བརྟན་ཞེས་བྱའི་ཉེ་ཚིག་བརྗོད། །སྐྱབས་འགྲོའི་བསླབ་བྱ་ཐུན་མོང་མིན་གསུམ་སྟེང༌། །སྲོག་ཕྱིར་མི་གཏོང་འཕོངས་ཀྱང་གཞན་མི་འཚོལ། །ཅི་ཟའི་ཕུད་མཆོད་རྟག་ཏུ་སྐྱབས་སུ་འགྲོ། །འགྲོ་ཕྱོགས་ལྷག་པར་སྐྱབས་འགྲོ་ཐུན་མོང་ལྔ། །ཕན་ཡོད་ནང་པ་སྡོམ་རྟེན་སྡིག་ཟད་དང༌། །ངན་འགྲོར་མི་ལྟུང་གནོད་པས་མི་ཚུགས་ཤིང༌། །དོན་འགྲུབ་བསོད་ནམས་རྒྱ་ཆེན་སངས་རྒྱས་བརྒྱད། །ལོག་པར་ཞུགས་མིན་རྨོངས་པས་སྐྱབས་འགྲོ་ནི། །མ་བྱས་བསྙེན་གནས་སྐྱེ་བ་གང་སྤེལ་གསུངས། །སྨད་རྒྱུད་འབག་གིས་ཁ་སྐོང་བདུད་ཚིག་སྟེ། །དམར་གཡོ་གཙང་གསུམ་དང་ནི་རྒྱའི་དགེ་སློང༌། །ཀེ་ཝང་གྱི་ལྡན་གཉིས་དང་ལྔར་གསུངས་སོ། །བཞི་ཡིས་མི་རྫོགས་ས་ག་ལྷས། །གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་ན་ནི། །བསྙེན་རྫོགས་མ་སྨད་གྱུར་པ་སྟེ། །ཞེས་ཀྱང་ནི་ཞེས་དགར་ཚིག་གིས། །ལས་བྱེད་ཟུར་དུ་བསྟན་པ་ཡིན། །ཐ་དད་མཚམས་གནས་བཅུ་གཉིས་རུང༌། །ཐག་རྒྱའི་མདོ་རྩོམ་སྨྱོན་ཧམ་ཆེ། །དེར་བས་ཆུ་གཏོར་དེ་བས་མཚར། །སྐྱེས་པ་མ་ཆོག་གིས་བསྒྲུབ་ཉེས་བཅས་སྐྱེ། །མ་ཆོག་ཉེས་མེད་ཀྱིས་རྫོགས་ཕ་ཡོད་དེ། །མཚན་འགྱུར་རོ་ལོ་ཡི་ཞིབ་ཆ་འདིས་ཤེས་སོ། །མཁན་པོ་མེད་དང་ཁྱིམ་པ་ལས་སྐྱེ་ཡང༌། །ཤེས་དང་མི་དགའི་མིང་བསྒྱུར་སོགས་ལ་མིན། །ཡོ་བྱད་འགའ་མེད་ལ་སྐྱེ་གཏན་མེད་མིན། །ཆོས་གོས་རྒྱུ་ཡིས་རུང་བར་ཤཱ་ཏམ་གསུངས། །མངོན་གྱུར་བཅུ་ཡི་སྟོན་པ་དགེ་འདུན་ཏེ། །ལོགས་སུ་སངས་རྒྱས་བརྡར་བཏགས་སྟོན་པའི་སྐུ། །ལས་དང་བསླབ་གསུམ་ལུང་རྟོགས་ཆོས་མངོན་འགྱུར། །མཁན་པོ་སློབ་དཔོན་བསྙེན་པར་རྫོགས་འདོད་དང༌། །ཡོངས་དག་ཡོ་བྱད་གསོལ་དང་ལས་མངོན་གྱུར། །སྟོད་འདུལ་གསོལ་བཞིའི་གསོལ་གསོལ་བརྗོད་པ་ལས། །གསོལ་དེ་གསོལ་བཞིས་བསྡུས་ཕྱིར་འཐད་དཀའ་ལ། །སྨད་འདུལ་གསོལ་བཏབ་གསོལ་དང་གསོལ་བཞི་ལས། །
བསྙེན་རྫོགས་དཀྱུས་ལ་སྦྱོར་དངོས་མཇུག་གསུམ་ལས། །མཁན་པོས་ལས་སློབ་སོགས་ལ་གསོལ་འདེབས་པ། །མཁན་པོ་ཉིད་དུ་ཕྱོགས་པའི་ལས་དང་གཅིག །བསྒྲུབ་བྱས་རང་ལ་མཁན་པོར་གསོལ་བ་དང༌། །དེས་དེར་ཆོས་གོས་གསུམ་དང་ལྷུང་བཟེད་སྟེར། །ལྷུང་བཟེད་བསྟན་དང་བྱིན་རླབས་སྡོམ་དང་བཞི། །བསྒྲུབ་བྱ་བཀར་ནས་གསང་སྟོན་སྤྲོ་དྲིས་བསྐོ། །དེ་ཡིས་ལྐོག་ཏུ་དྲིས་ནས་ནང་དུ་ཞུ། །ལས་བྱེད་བརྡ་ཡིས་ཚོགས་ལ་བསྙེན་རྫོགས་གསོལ། །ནང་དུ་བར་ཆད་དྲི་དང་སྦྱོར་བ་བརྒྱད། །ཆོས་གོས་མི་སྟོན་ལྷུང་བཟེད་ལས་ཡང་སྟེ། །རྒྱུ་རུང་བདུན་དང་ཁ་དོག་གསུམ་གསུངས་ལ། །ལྷུང་བཟེད་ས་ལྕགས་གཉིས་ལ་ནག་པོ་ཉིད། །རྒྱུ་ཡི་བྱིན་རླབས་མི་ཆགས་ལྕགས་གོང་ལ། །སྣོད་བློ་མི་སྐྱེ་རས་ལ་གོས་བློ་སྐྱེ། །མཚོ་ཊཱིཀ་ལས་སོ་རིན་ཆེན་ཕྲེང་བ་ལས། །ཆེ་ཆུང་སྐྱ་བོར་ལྷུང་བཟེད་བློ་སྐྱེ་ཕྱིར། །རྒྱུ་ཡི་བྱིན་རླབས་འཆག་པར་ཐལ་བས་བཀག །གསང་སྟོན་བསྐོ་དང་ནང་དུ་དྲི་བའི་ཕྱིར། །གསོལ་བ་འབའ་ཞིག་འདྲ་ཡང་ཕྱི་མ་ནི། །ཐོས་རུང་བར་ཆད་མེད་པར་ངེས་ཟིན་ཕྱིར། །ཞེས་གསུངས་འོ་ན་སླར་འདྲི་ཅི་ཕྱིར་དཔྱད། །
བསྙེན་བཀུར་གནས་དང་གནས་མིན་ཤེས་ཕྱིར་དུས། །བསླབ་ཤེས་བསྲུང་ཕྱིར་གདམས་པ་མཇུག་ཆོག་གོ །གྲིབ་ཚོད་ཉིན་མཚན་ཆ་དང་ཚེས་གྲངས་དང༌། །ཟླ་ངོ་དུས་ཚོད་ལོ་འགྲོས་བདུན་ཆར་བརྗོད། །དཀྱུས་གཅིག་བརྒྱ་སོགས་བསྒྲུབ་ལ་གྲིབ་ཚོད་དཔྱད། །མགོ་རྒྱལ་མཆུ་དབོ་དགུན་གྱི་ཟླ་བ་བཞི། །ནག་པ་ས་ག་སྣྲོན་དང་ཆུ་སྟོད་དཔྱིད། །གྲོ་ཞུན་དབྱར་རོ་ཁྲུམས་སྟོད་ཚེས་གཅིག་ཐུང༌། །ཁྲུམས་སྟོད་ཐ་སྐར་སྨིན་དྲུག་དབྱར་རིང་པོ། །ལྔར་ཕྱེ་དབྱར་ཐུང་ངོས་བཟུང་དེ་ལ་དབྱར། །ཕྱི་མ་ཁས་ལེན་ཕྱིར་རོ་གསུམ་ཕྱེ་བ། །དམན་པ་ཕྱག་དར་ཁྲོད་ཀྱི་ཚད་རྟོགས་ཕྱིར། །གསོ་སྦྱོང་གཞི་ལས་དགུན་སྟོད་དགུན་སྨད་དང༌། །དཔྱིད་དང་སོ་ག་དབྱར་སྟོན་དྲུག་གསུངས་པ། །བཅུ་བཞིའི་གསོ་སྦྱོང་བདེ་བླག་རྟོགས་ཕྱིར་རོ། །
གདམས་ངག་ཕ་ལ་བཅུ་གཅིག་མར་བཅུ་གཉིས། །ཕྱེ་ན་ཕྱག་དར་བསོད་སྙོམས་གནས་ཤིང་དྲུང༌། །སྨན་བཀོས་བོར་བ་ཚངས་སྤྱོད་གནས་པ་བཞི། །ཚོར་བ་སྡུག་བསྔལ་ཁྲོ་བའི་གྲོགས་ཡིན་ཕྱིར། །ཞེ་སྡང་ཅན་ལ་མ་གནང་དགུ་མ་བརྗོད། །དགོན་པས་ཁྲོ་ན་ཤིང་དྲུང་ལ་ཡང་འདྲ་བས་བཤད་པ་མང་དོགས་པས་དཔྱད།ལྟུང་བྱེད་ཕམ་བཞི་དགེ་སྦྱོར་བྱེད་པའི་ཆོས། །གཤེ་ཁྲོ་བརྡེག་མཚང་འབྲུ་ཡང་སླར་མིན་བཞི། །འོག་མ་བརྒྱད་དང་ཉི་ཤུའོ་མ་ལ་ཡང༌། །སྒེར་གྱི་ཕམ་བཞི་ལྕི་ཆོས་བརྒྱད་བསྣན་ཏེ། །གནས་བཞིའི་ཤིང་དྲུང་བཀོལ་བས་སོ་གཅིག་གོ །ལྟུང་བྱེད་ཉེས་བྱས་ཀྱང་རུང་ཟླ་བ་ཕྱེད། །མགུ་བ་སྤྱོད་ཕྱིར་ལྕི་བའོ་ཕའི་དགེ་འདུན། །ལ་བརྟེན་བསྙེན་རྫོགས་གསོལ་དང་ཟླ་ཕྱེད་ན། །གདམས་ངག་ཞུ་དང་མཚམས་པོ་ཆེ་བཅད་ན། །དཔག་ཚད་ཕྱེད་གསུམ་མ་བཅད་གཅིག་གི་ནང༌། །དགེ་འདུན་མེད་པར་དབྱར་ཁས་མི་ལེན་གསུམ། །གཉིས་ཀར་བསྟེན་པ་མགུ་སྤྱོད་དགག་དབྱེ་གཉིས། །དགེ་སློང་གང་ཟག་ལ་བརྟེན་ཉེས་མི་གླེང༌། །མི་སྤྱོ་གསར་བུ་ལ་ཡང་ཕྱག་བྱ་གསུམ། །འཕྲོས་དོན་སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། །བསོད་སྙོམས་པ་དང་སྟན་གཅིག་ཕྱིས་མི་ལེན། །ཆོས་གོས་གསུམ་དང་ཕྱིང་བ་ཕྱག་དར་ཁྲོད། །དགོན་པ་ཤིང་དྲུང་བ་དང་བླ་གབ་མེད། །དུར་ཁྲོད་ཙོག་བུ་བ་དང་གཞི་ཇི་བཞིན། །ཆེ་ལོང་དབྱེ་བའོ་ཞིབ་མོ་རྣམ་གཞག་ཏུ། །ཕྱེ་ན་ཉི་ཤུ་འདྲིས་པའི་ཁྱིམ་ཙམ་ནས། །ཟ་བ་རྙེད་པས་ཆོག་དང་མཐར་ཆགས་ཀྱིས། །ཟ་བ་མཐར་གྱིས་སློང་བའི་བསོད་སྙོམས་གཉིས། །སྟན་ཆུ་ཟས་ཀྱི་མཐའ་བའི་སྟན་གཅིག་གསུམ། །ཟ་འཕྲོ་བཏོད་ནས་ཞག་དེར་ཕྱིས་མི་ལེན། །འདྲ་ཡང་སྔ་རོལ་བྱིན་ལེན་ལན་གཅིག་དང༌། །རིམ་ཕྱིར་དུས་གཅིག་པ་དང་གསོག་བུ་པ། །བོར་དང་དུས་ཚིགས་སྤྱད་པའི་ཕྱག་དར་ཁྲོད། །ཐམས་ཅད་དུར་ཁྲོད་ཕྱོགས་འགའ་དུར་ཁྲོད་གཉིས། །ཀུན་ཏུ་མི་སྙེལ་ཙོག་པུ་ཆེ་ཆུང་གསུམ། །ཟས་གོས་གནས་མལ་སྤྱོད་ལམ་སྲེད་པའི་དགྲ། །གསུམ་གསུམ་ཙོག་པུ་གཞན་ལྔ་གོ་རིམ་བཞིན། །བསླབ་ཡུལ་སློབ་བྱེད་གཉེན་པོར་གདམས་པས་བསྡུས། །
གཉིས་པ་ཐོབ་པ་མི་ཉམས་བསྲུང་ཚུལ་ལ། །ཕྱིའི་རྐྱེན་གཞན་བརྟེན་ནང་གི་བསམ་ཕུན་ཚོགས། །སྤང་བྱ་ངོ་ཤེས་བསླབ་པ་ཡོངས་སྦྱོང་སྒོས། །བདེར་གནས་རྐྱེན་བརྟེན་སྒོ་ནས་བསྲུང་ཚུལ་ལྔ། །དང་པོར་གནས་དང་དེ་ལ་བརྟེན་ཚུལ་གཉིས། །ཉེ་དགའ་བརྟེན་ནས་ལོ་བཅུ་རྒན་ཞུགས་བརྟེན། །ལྔ་པ་ཉི་ཤུ་སྟོན་པ་ལྗོངས་རྒྱུའི་གྲོགས། །ཉུང་བར་གཟིགས་ནས་ཐ་མ་རྗེས་བཅས་མཛད། །ལྔ་ལོན་ལྗོངས་རྒྱུ་རྗེས་བཅས་ལ་དགོངས་གསུངས། །ཉེར་གཅིག་ལུང་གཞིའི་བར་སྡོམ་ལས། །ལོ་བཅུ་ལོན་དང་འཛིན་དང་མཁས། །རིག་དང་གསལ་དང་འཛིན་འཇུག་དང༌། །སློབ་དང་སློབ་འཇུག་རྣམ་པ་གཉིས། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་ཤེས་དང༌། །གནས་འཆའ་འཆར་འཇུག་ལྟུང་བ་ཤེས། །ལྷོ་ཡི་རི་ལ་རྒྱུ་བ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ལྔ་ཚན་དང་པོ་གཉིས་ཤེས་ལྔ་པ་སྟེ། །འདུལ་བས་འགྱོད་སེལ་མངོན་པས་སྡིག་ལྟ་སྤོང༌། །བསམ་པ་ཤེས་པས་གནས་འདོར་གནས་ཡུལ་ཕྱོགས། །ལོ་བཅུ་ཉེ་ཕྱིར་མས་བགྲང་ཐ་མ་ཡིན། །ལྷག་ཕྱིར་གཞན་མིན་དོན་གྱི་དགུ་ཕྲུག་གཉིས། །དྲུག་ཕྲུག་བཅུ་དྲུག་བདུན་ཕྲུག་གཉིས་སུ་གསུངས། །ཚུལ་ལྡན་ཕམ་པས་མ་གོས་རང་བཞིན་གྱི། །ཁ་ན་མ་ཐོར་འཛེམ་པའོ་དུད་འགྲོ་སོགས། །གསོད་པས་འཆད་འགྱུར་ཁང་ཆེན་ལྷག་མས་མིན། །འཆད་པའི་ཚུལ་ཁྲིམས་མི་དགེའི་གཟུགས་གསུངས་ཕྱིར། །མཚོ་ཊཱིཀ་ལས་སོ་རིན་ཕྲེང་དེ་བཀག་ནས། །རབ་ལ་ལྷག་མས་མ་གོས་དགོས་པར་གསུངས། །སྤྱོད་སོགས་གཉིས་ལ་མདོ་མངོན་དྲན་ལྡན་སོགས། །གསུམ་ལ་འདུལ་བ་སྡེ་སྣོད་གསུམ་འཛིན་སོགས། །བདུན་ལ་ཐུན་མོང་བསྟན་བཅོས་མང་ཐོས་སྦྱོར། །ཁ་ཅིག་རིག་ནས་དང་པོ་བཞི་ཟེར་ཡང༌། །སྡེ་སྣོད་གསུམ་གྱིས་བསྡུས་པའི་ལྔ་ཡོད་གསུངས། །མི་བརྗེད་འཛིན་དང་འབྲེལ་གནས་འབྱེད་པར་མཁས། །རྩོམ་དང་གཞན་ལ་འཆད་པའི་རིགས་གསལ་གཉིས། །ཕྱི་མ་ཆད་ལྷག་ནོར་མེད་འགྲེལ་ཆུང་གསུངས། །རང་དབང་ཅན་དུ་ཐལ་བར་མཚོ་ཊཱིཀ་གསུངས། །མུ་སྟེགས་ལས་ལྷག་འདུལ་བའི་སྤྱོད་པ་དང༌། །སྡེ་བཞིའི་འདུལ་དང་བསླབ་གཞི་ལྷག་སོ་ཐར། །ཕྱི་མ་ཕ་མའི་སོ་ཐར་གཉིས་སུ་གྲགས། །ལྷག་པའི་བསླབ་པ་མྱ་ངན་འདས་པ་ལ། །དབང་བྱས་དོན་ཕྱིར་ལྷག་པའི་དོན་མི་གཅིག །ལྷག་ཚུལ་ཕྱིར་ཡིན་ཚུལ་ལྡན་དང་མི་ཟློས། །ཁ་ཅིག་ཟག་མེད་སྡོམ་ཕྱིར་མི་ཟློས་ལོ། །དད་གསུམ་བཅས་རང་མ་གོས་ཕུན་ཚོགས་ཚུལ། །མང་ཐོས་མང་པོ་ལ་ཐོས་མང་དང་ཐོས། །ཡིད་མི་འོང་ལ་དངོས་པོ་ཡིད་འོང་བ། །ཁམ་གང་ལུས་གང་ཙམ་ལས་ཕྲི་ནས་གཏོང༌། །ཚུལ་ཁྲིམས་ཏིང་ཤེས་ཟད་མི་སྐྱེ་ཤེས་པའི། །རྣམ་གྲོལ་ཕུན་ཚོགས་མི་སློབ་ལྟ་ཕུན་ཚོགས། །མི་སློབ་ལྔ་པར་མི་ཟློས་དེའི་ཚུལ་ཁྲིམས། །ཟག་མེད་ཕྱིར་དང་དེ་ལྡན་འདི་ཡོད་པར། །མ་ངེས་བཅས་འགལ་རྒྱན་མེད་དགྲ་བཅོམ་བཞིན། །དྲན་ལྡན་བསྲིངས་གཉིས་སྒོ་ནས་ཡང་དག་བཞག །བྱིང་རྒོད་བྲལ་བའི་མཉམ་གཞག་ཚོགས་ལ་སྦྱར། །སློབ་པ་བདུན་གྱི་ཟག་མེད་བསླབ་གསུམ་སྟེང༌། །ཀུན་སྤང་མིན་ཕྱིར་མོས་པ་རྣམ་གྲོལ་དང༌། །ཤེས་བཟོད་དེ་ཤེས་དེ་མཐོང་ངོ་འདོད་སྡུག་བསྔལ། །བཟོད་གནས་མོས་པ་རྣམ་གྲོལ་བཞག་པར་དཀའ། །མི་སློབ་འདུས་བྱས་རྣམ་གྲོལ་ཟད་མི་སྐྱེ། །ཤེས་པ་ཤེས་དང་མཐོང་བ་མི་སློབ་ལྟ། །ཡུལ་དང་གང་ཟག་ཉོན་མོངས་ཉེ་བར་བཅས། །གླེང་གཞིའོ་དགག་བྱའི་ཉེས་དམིགས་རྒྱུ་མཚན་དང༌། །གཞི་དང་བསམ་སྦྱོར་རྒྱུ་ཚོགས་བྱེད་རྒྱུ་ཡིན། །གསུམ་ཆར་བྱུང་བའོ་བྱུང་བ་འདི་དང་ཞེས། །གསུངས་པའི་བྱུང་བ་ཉེས་ཡིན་འདིར་མི་གཅིག །དགེ་ཚུལ་གླེང་གཞིར་མི་འོས་ཕྱིར་སྒྲ་གཅན། །རྫུན་སྨྲས་བྱུང་ལ་མ་བཅས་བྱུང་ཤེས་དང༌། །བཅས་དང་རྗེས་སུ་བཅས་པའི་བྱུང་ཤེས་གཉིས། །གཉིས་པར་མ་དོར་མུ་གསུམ་དོར་མུ་དྲུག །དགག་རྗེས་དགག་པ་རྒྱབ་མཉེན་དགོན་པ་པ། །སྒྲུབ་རྗེས་སྒྲུབ་པ་མ་ནུས་དབྱར་ཕྱི་མ། །གནང་རྗེས་གནང་བ་ལྷམ་གནང་སྦུབ་ཅན་གནང༌། །མ་དོར་གསུམ་པོ་རྗེས་བཅས་བསམ་ངོ་བ། །དགག་རྗེས་དགག་སོགས་བསམ་ངོར་མ་ངེས་ཏེ། །ཀླུར་སྤྱད་རང་གོས་བརྐུས་ལ་སྤོམ་གསར་བཅས། །གསོ་སྦྱོང་མ་གྲུབ་བྱིན་རླབས་བྱ་བ་དང༌། །ཀློག་གནང་ཤཱ་རིའི་བུ་ལ་དམིགས་བསལ་བས། །གནང་བཀག་ཚང་ཕྱིར་མི་འདོར་ཡང་མཚན་ཉིད་པ། །རྗེས་བཅས་གླེང་གཞི་ཕམ་པའི་གླེང་གཞི་མིན། །སྦྱོར་སྦོམ་ཕམ་པའི་ཚེ་ན་བྱས་སམ་དཔྱད། །དགག་རྗེས་སྒྲུབ་པ་སྔོན་བཀག་ཉམ་ངར་སྒྲུབ། །མཚོ་ཊཱིཀ་བུ་ལོན་ཅན་གྱི་ཉོ་ཚོང་གསུངས། །དགག་རྗེས་གནང་བ་ནད་པར་དུས་མིན་ཟས། །སྒྲུབ་རྗེས་གནང་བ་ནད་པས་མི་ཉན་རུང༌། །དགག་པ་གནས་བརྟེན་འདོམ་ན་དབྱར་གནས་བཀག །གནང་རྗེས་བཀག་པ་ལྷམ་གནང་ཀྲོག་ཀྲོག་བཀག །གནང་རྗེས་སྒྲུབ་པ་དབྱར་ནང་བྱིན་རླབས་ནས། །འགྲོར་གནང་དབྱེན་ཞིའི་ཕྱིར་དུ་དགོས་ཞེས་སྒྲུབ། །རིན་ཕྲེང་གྲོགས་བཅས་འགྲོར་གནང་ནད་གཡོག་བསྒྲུབས། །སྔར་བཅས་རྒྱུ་མཚན་དོར་ཕྱིར་དོར་བ་སྟེ། །གནང་རྗེས་དགག་པ་རྒྱུ་མཚན་གཏན་མེད་དང༌། །ཕྱི་དྲོའི་ཟས་གནང་ཟིལ་གནོན་དོར་བ་འོ། །རང་བཞིན་ལྟུང་བ་དགག་རྗེས་དགག་རྟེན་ཉིད། །གནང་བ་མི་སྲིད་འོ་ན་རྣམ་འབྱེད་ལས། །མངོན་པའི་ང་རྒྱལ་ཅན་ནི་མ་གཏོགས་གསུངས། །ལྷག་མའི་སྐབས་ཀྱང་རྨི་ལམ་མ་གཏོགས་གསུངས། །འདུ་ཤེས་བསྒྱུར་བ་མེད་པའི་རྫུན་མིན་ལ། །ཅི་དགར་མིན་ཡང་བཅས་གནང་ཙམ་ཞིག་ཡིན། །བཀག་པ་མངོན་ཤེས་བཀག་པ་སྲོག་ཕྱིར་ཡང༌། །བཀག་སྟེ་བཀག་དང་གནང་ཙམ་བཅས་པས་བསྟན། །སྒྲུབ་པའང་འདིས་གནང་མིན་ཏེ་ཅི་དགའ་རུ། །བྱ་འམ་མ་བྱས་ཀྱང་རུང་མིན་ཕྱིར་རོ། །དགག་དགོས་ལོག་པ་ངེས་པ་བཞིར་ལོག་དང༌། །གཞན་གཉིས་དང་པོར་ཡུལ་དུས་དངོས་གང་ཟག །ཨསྨ་པ་རན་ཏར་ཁྲུས་ཟླ་ཕྱེད་ཁྲུས། །སོ་ཕག་རིམ་གསུམ་ལས་ལྷག་བ་ལང་བདག །བྱང་དུ་དུས་ཤེས་དགོས་ཕྱིར་ཡུལ་ངེས་མིན། །སྔར་ནས་གནང་དང་མ་གནང་དཔྱད་བྱ་འོ། །སྲོག་གཅོད་ཐར་པའི་བར་གཅོད་བཟློག་པ་གཞན། །རང་ཉིད་ལེགས་གནས་རྗེས་ཁྲིད་རྗེས་སྟོན་ཏེ། །དགེ་ལ་ལེགས་འཇོག་སྡིག་ལས་རྣམ་པར་བཟློག །ཐོས་བསམ་སོགས་ལ་རྗེས་སུ་སྒྲུབ་འཇུག་གསུམ། །དེ་དེའི་བསྔགས་བརྗོད་རྗེས་མཐུན་གསུམ་དང་དྲུག །ལྟུང་བ་ལྟུང་མེད་ལྕི་ཡང་སོ་ཐར་དང༌། །རྒྱས་པ་སྡེ་བཞི་ཐོན་པ་ཐ་མ་འོ། །ལྕི་ཡང་འདུལ་བ་བསྡུས་པ་ལས། །ལྟུང་བ་རྣམས་ཀྱི་ཆུང་ལ་སོགས། །རྣམ་པ་ལྔར་ནི་རིགས་པར་བྱ། །ངོ་བོ་ཉིད་དང་བྱེད་པ་དང༌། །གཞི་དང་བསམ་དང་ཚོགས་པ་འོ། །དང་པོ་ཕམ་ལྷག་ལྟུང་བྱེད་དོ་ཆད་ལས་སྒོས། །ཡིན་གྱི་རྣམ་སྨིན་མིན་ཏེ་འཆབ་ཕམ་ལས། །དབྱེན་ལྕི་ལམ་འགྲོའི་ལྷག་ལས་ཕྱུགས་གསོད་ལྕི། །བཤགས་ཡུལ་མཚམས་ཀྱི་ཕྱི་ནང་དབྱེ་བ་ཡོད། །ཆད་ལས་མི་སྦྱོར་སྤྱིར་བཏང་དམིགས་བསལ་འཁྲུལ། །བྱེད་པའི་སྒོ་ནས་མ་གུས་བྱས་པ་དང༌། །ཉོན་མོངས་མང་དང་མི་ཤེས་བག་མེད་གསུམ། །གཞི་ཡིས་མི་དང་མི་མིན་དུད་འགྲོ་གསུམ། །བསམ་པ་དྲག་ཞན་ཚོགས་པ་གཅིག་གཉིས་ཡང༌། །གསུམ་ནས་གྲངས་ཤེས་པར་འབྲིང་མི་ཤེས་ལྕི། །རྟེན་སྒོས་བླུན་ལྕི་མཁས་ཡང་སྔར་བཤད་དང༌། །མི་འགལ་ཁྱད་གསོད་མེད་སྒོས་ཡང་མོད་ཀྱང༌། །མི་བཤགས་ཕྱིར་ན་ལྕི་འོ་ལྕགས་སྣོད་བཞིན། །
དང་པོ་བཅུ་བདུན་ཁྱད་ཅན་བཟློག་པ་གཞན། །གསུམ་གཉིས་ཤེས་དང་འདུལ་བ་རྐྱང་ཤེས་ཕྱིར། །མཚོ་ཊཱིཀ་གནས་འཆའ་འཆར་འཇུག་ཁྱད་ཅན་གསུངས། །བསླབ་གསུམ་སློབ་དང་སློབ་འཇུག་ཕུན་ཚོགས་འོག །སློབ་དང་མི་སློབ་འཕགས་ཉིད་གཞན་གཉིས་ཀའི། །དེ་ཕྱིར་འདུལ་རྐྱང་ཤེས་པ་འཕགས་པར་མེད། །མདོ་མངོན་མཁས་པས་ཁྱབ་ལོ་མི་འཐད་དེ། །ལོ་བཅུའི་ནང་ནས་འདུལ་ཤེས་བསླབ་གུས་ཤིང༌། །བློ་མིག་ལྡན་ཕྱིར་གསུངས་པའི་ལྔ་པ་ཡི། །བཅས་ལྡན་དགྲ་བཅོམ་ལྔ་པ་མི་ལྡན་ཡང༌། །རང་དབང་ཅན་གསུམ་ལྔ་པ་རང་དབང་ཅན། །ལྔ་ཚན་གཞན་ལྡན་མི་ལྟོས་འཛིན་འཇུག་གསལ། །སློབ་འཇུག་གཉིས་དང་བཞི་ལས་གཞན་རྣམས་སོ། །ལྔ་པ་འཆའ་བའི་གཞི་བྱེད་ལྔ་གཞན་གྱིས། །ཁ་སྐོང་མི་འགྲོ་ཡན་ལག་རང་དབང་ཅན། །དྲན་ལྡན་སོགས་སོ་བཟློག་པ་མང་ཚུལ་གཉིས། །བརྩོན་ཤེས་བར་ཆད་ཡིན་མིན་སྨྲ་རྗེས་སྟོན། །ཆད་དང་མ་དག་མི་མཁས་བཅུས་བརྟན་མིན། །དང་པོའི་ཐུབ་པའང་འདིར་བཤད་བརྟན་མིན་ལ། །སྡོམ་དག་བཅུ་ཙམ་ལོན་པའི་མ་ཡང་མིན། །མཚོ་ཊཱིཀ་ལྔ་པ་ཐ་མ་ངེས་བཟུང་སྟེ། །གཞན་དུ་སྔོན་གནས་འཆི་འཕོ་ཟག་ཟད་པ། །གསུམ་རིག་ཡིན་ཡང་མི་བྱ་གསུངས་ཕྱིར་གསུངས། །རིན་ཕྲེང་ལོ་ལྔས་དྲུག་ཅུ་མཚོན་པ་ལྟར། །ལྔ་པ་ཐ་མས་གཞན་རྣམས་མཚོན་པར་གསུངས། །དེ་ལ་བརྟེན་ཚུལ་ཞུ་བ་དམིགས་བསལ་བཅས། །བསྙེན་བཀུར་ཇི་ལྟར་བྱ་དང་དམན་ལས་བསླང༌། །གསུམ་མོ་དངོས་སུ་མ་ཞུས་ཉེས་ཁེག་ཅིང༌། །བརྒྱུད་ནས་ཁྲེལ་ཡོད་བྱ་ཤེས་གནས་ལ་གུས། །ཞུ་བྱ་མི་རུང་མི་ཞུ་ཡིད་གཉིས་དང༌། །རུང་ཤེས་ཕལ་ཆེར་ཞུ་འོ་འོད་ལྡན་ལས། །ཀུན་ཏུ་སྤྱད་པར་རུང་བ་དག་བགྱི་ཞེས། །ཞུ་བྱ་བསྟན་གྱི་ཞུ་ཚུལ་མ་བསྟན་གསུངས། །གནམ་རྩེ་ལྡེང་མར་བསྡུས་པའི་ཞུ་ཚུལ་མཛད། །ཡུལ་རྟེན་བྱ་བའི་དམིགས་བསལ་དང་པོར་བཞི། །བླ་མ་མེད་ན་རྒན་དང་དེ་མེད་གཞོན། །བླ་མ་ཉེ་བར་མི་གནས་ས་གཞན་སྤྱོད། །རྟེན་གྱི་བརྒྱད་དེ་ལྔ་ལོན་ལྗོངས་རྒྱུ་དང༌།།ཚོལ་བའི་ཞག་ལྔ་ངལ་བའི་ཉིན་གཅིག་གཉིས། །བླ་མས་བཀག་དང་དགེ་འདུན་གྱིས་ཕྱུང་དང༌། །ཚངས་སྤྱོད་བར་ཆད་སོགས་སོ་མཚོ་ཊཱིཀ་ལས། །དབྱར་ནང་གནས་མེད་རྒན་བརྟེན་འདིར་ཡང་བགྲང༌། །བྱ་བའི་དམིགས་བསལ་དགུ་སྟེ་བཤང་གཅི་ནས། །བསྐོས་པར་ཞར་བྱུང་གཞན་བྱུང་དྲུག་འདིར་གསུངས། །འོད་ལྡན་ཆུ་བཏུང་མི་ཞུ་རྡུལ་སྤྲུག་པ། །ཊཱིཀྐར་བཀོལ་ལོ་དེ་མཚུངས་མདོར་བསྡུས་བཅས། །བླ་མར་ནན་ཏུར་མི་འབྱུང་ཕྱིར་བཅོས་གཞིར། །སྡེ་སྣོད་འཛིན་ལ་དེ་བྱེད་སྦོམ་པོར་གསུངས། །ཞེ་ན་སྐྱོན་མེད་ཕྱོགས་འཁོར་མང་ལ་དགོངས། །གཞན་དུ་དབྱུང་ཡང་རུང་སྟེ་འོད་ལྡན་ལས། །ཀ་བར་གྱུར་པ་མདོ་སྡེ་འཛིན་གང་དང༌། །དེ་བཞིན་གཞན་ཡང་ཆོ་ག་བཞིན་སྤྱད་བསྐྲད། །སྤོ་མགུ་དབྱུང་གསུམ་ཞུ་བའི་གྲོགས་ཀྱང་བྱེད། །སྡེ་སྣོད་འཛིན་པས་གཅིག་མདུན་བཤགས་གསུངས་པ། །སྡོམ་སེམས་སྐྱེ་ལ་དགོངས་པས་འདིར་མི་འགལ། །
ལྷུང་བཟེད་རྒྱུ་མདོག་དབྱིབས་དངོས་ཆོ་གས་རུང༌། །བཞི་པ་ལྷན་ལྔ་མ་ཕོག་སྤྱད་བཟོད་དོ། །ལྔ་པས་མ་ཁྱབ་འབྲེལ་མེད་ལྷུང་བཟེད་ཕྱིར། །བོད་བྲེར་ཡ་ཁྱོར་ཉེར་གཅིག་དེའི་དྲུག་ཆ། །དྲུག་ཕུལ་ཡིན་ཞིང་བདུན་ཆ་བདུན་ཕུལ་ཕྱིར། །མ་ག་དྷ་བྲེར་དྲུག་ཕུལ་ཡིན་ན་གཉིས། །བདུན་ཕུལ་དོ་དང་ཁྱོར་བ་གང་ཤོང་ཕྱིར། །འབྲས་འཐུག་མ་གའི་བྲེ་གང་བཙོས་འཕེལ་བའི། །ཕུལ་དྲུག་ཚོད་མ་ཕུལ་དོ་སྟོང་ཕུལ་གང༌། །དགུ་ཤོང་བ་ཡི་ཆུང་མཐའ་འོ་བཅོ་བརྒྱད་ཆེ། །སྔ་མ་མ་ཡི་ཆེ་ཡིན་འགྲང་ཙམ་ཆུང༌། །སྔར་ནས་ཀུན་ལ་ཡོད་ཕྱིར་གླེང་གཞི་མེད། །རོ་དོར་རྗེས་བཅས་ཆུང་ངུའི་གླེང་གཞི་ཡིན། །མ་གའི་གསེར་ཞོ་བརྒྱད་ལ་དེའི་སྲང་གཅིག །དེའི་སྲང་བཅུ་དྲུག་དེ་ཡི་བྲེ་གང་ཚད། །དེ་ལ་བོད་སྲང་སུམ་ཅུ་རྩ་གཉིས་ཡོད། །འདས་པའི་རྭ་གཅིག་མ་འོངས་རྭ་གཉིས་པ། །ད་ལྟ་རྭ་བཞི་གསུམ་གའི་རྭ་དྲུག་མ། །སྨད་གཞོག་ཟུར་བདུན་ལྕགས་ཀྱི་མདུད་པས་བཀག །བར་དུ་དྲང་པོའི་རང་བཞིན་གསོམ་ཤིང་དང༌། །སྟོད་གཞོག་ཟུར་བརྒྱད་རྭ་བཞི་མཆོད་རྟེན་གཉིས། །ཨ་ལོང་བཅུ་གཉིས་ལྕགས་ཀྱུའོ་འཁོར་ལོ་ཡང༌། །མཁར་གསིལ་དུམ་བུ་གསུམ་གྱིས་བསླབ་གསུམ་མཚོན། །ཆུ་ཚགས་རྣམ་ལྔ་དཔེ་རིས་སྟེང་ནས་ངེས། །བུད་མེད་བསླབ་ཚིགས་གཉིས་པོ་གསོལ་གཉིས་ཀྱིས། །དགེ་སློབ་མ་མཚན་གྱུར་པའི་དགེ་ཚུལ་ལ། །དགེ་ཚུལ་སྡོམ་པ་རྒྱུན་གཉིས་ཡོད་དམ་དཔྱད། །སྟོད་ན་སྐྱེ་ཚེ་ཕུལ་ཉམས་དཀའ་ཞེས་གྲགས། །ལེན་ཚེ་ལེན་སེམས་ལོག་པ་ཕུལ་བ་སྟེ། །མཚན་གཉིས་བྱུང་བའི་རྟེན་ཉམས་ལ་མི་སྐྱེ། །
གསུམ་པ་སྤང་བྱ་ཤེས་ནས་བསྲུང་བ་ལ། །སྡེ་ལྔ་སོ་སོ་ཞུ་བ་སྤྱིར་བསྟན་གཉིས། །དང་པོར་ཕ་མའི་སྡེ་ལྔ་དང་པོར་ཡང༌། །ཐུན་མོང་བསླབ་པ་འབུལ་ཆོག་སྡེ་ལྔ་དངོས། །འབུལ་ཡུལ་ཐ་སྙད་ལྔ་ལྡན་ནོ་མ་ནུས་ན། །བསླབ་པ་ཕུལ་ལ་དུས་གསུམ་དགོས་པ་གསུམ། །དངོས་པོ་རྟེན་དང་བདག་རྐྱེན་འབུལ་བ་དང༌། །མི་མཐུན་ཕྱོགས་ཁས་བླངས་པའི་འབུལ་ཚུལ་བཞི། །འདིར་བསྟན་ཕུལ་ཉམས་དངོས་དང་བརྒྱུད་པའི་སྒོས། །ཕུལ་བ་གོ་བྱེད་དོ་དགག་པའི་བསླབ་བྱ་གཙོ། །རབ་བྱུང་རྟེན་ལ་འབྱུང་བའི་ལྟུང་བ་དེ། །དབྱེ་གཞིའི་ཕམ་སོགས་ཁྱིམ་པའི་རྒྱུད་ན་ཡོད། །
གསུམ་དུ་མ་ངེས་ཕམ་ལྷག་ལྟུང་བྱེད་དང༌། །གཉིས་སུ་མ་ངེས་ལྷག་མ་ལྟུང་བྱེད་ཀྱིས། །བསྡུས་ཕྱིར་མ་ངེས་སྡེ་ཡང་སྡེ་ལྔས་བསྡུས། །ལྟུང་བ་བསྡུ་ཚུལ་བརྒྱད་དེ་དངོས་བསམ་སྒོས། །སྦྱོར་བའི་སྒོ་ནས་སྐད་ཅིག་ན་རེ་བ། །ངོ་བོའི་སྒོ་ནས་མི་དགེ་ལུང་མ་བསྟན། །མཐར་ཐུག་འཕེན་པས་འགྲུབ་པ་སྲོག་གཅོད་དང༌། །ལུས་ཀྱིས་མྱོང་ལ་ལྟོས་པ་མི་ཚངས་སྤྱོད། །གཞི་ཡི་སྒོ་ནས་སེམས་ཅན་ཡིན་མིན་བརྟེན། །བྱེད་པའི་སྒོ་ནས་རང་དང་གཞན་ལ་བཅོལ། །འབྱུང་བའི་སྒོ་ནས་ལུས་ངག་ལས་འབྱུང་གཉིས། །བྱ་བའི་སྒོ་ནས་བྱ་རང་མི་བྱེད་གཞན། །འདིར་བསྟན་བཅས་རང་ཁྱད་པར་ལུང་བསྟན་མིན། །མི་དགེས་བསླང་བའི་ཆ་ནས་བཞག་ཀྱང་སྤྱིར། །སྲིད་ཉོན་རང་བཞིན་ཁ་ན་མ་ཐོ་ཡིན། །སྤྱིར་གྱི་སྡིག་ལྟུང་མུ་བཞི་བརྩི་སླ་ལ། །གསོད་ཕམ་བྱུང་འཕྲལ་སྡིག་ལྟུང་དངོས་གཅིག་ཀྱང༌། །སྟོབས་བཞིས་སྡིག་དག་ལྟུང་བ་དག་པ་མིན། །ཕྱིར་མི་འོང་གིས་སྤངས་ཡང་དག་མིང་མེད། །མཚན་འགྱུར་ཐུན་མོང་མིན་པའི་ཕམ་དག་ཀྱང༌། །སྡིག་པ་མ་དག་ཤི་ན་ཕམ་པ་དག །ཤི་དང་མཚན་འགྱུར་ཕམ་པས་དག་རྒྱུ་མིན། །ཁྲིམས་ཀྱི་ཕན་ཡོན་འཆལ་སྙམ་འགྱོད་པ་མེད། །གྲགས་ཁྱབ་བདེར་གཉིད་ལྷ་ཡིས་བསྲུང་སོགས་མང༌། །དགག་བསྒྲུབ་བསླབ་པ་འཆའ་རྒྱུ་བཅོ་ལྔ་སོགས། །བཅས་པའི་ཕན་ཡོན་དགེ་འདུན་བསྡུ་བ་དང༌། །དགེ་འདུན་འདོད་པ་སྤངས་པས་ལེགས་པར་བྱེད། །ངལ་དུབ་སྤངས་པས་བདེ་བར་བྱེད་སོགས་བཅུ། །རང་གཞན་བསྟེན་བྱ་སྟེན་བྱེད་གཉིས་ཀ་འང༌། །གང་རུང་ལུས་ལས་བཀོལ་བའི་སྦོམ་པོའི་ཚོགས། །ཡན་ལག་བཞི་ལྷག་མ་ཚང་བ་ཡང་ཡོད། །བསམ་སྦྱོར་གྱིས་དབང་ཞེ་ནས་བསྔོས་པའི་ཡུལ། །ཡུལ་ཆོས་ཀྱིས་དབང་ཤོ་གམ་ཁྲལ་གྱི་རིགས། །རིགས་བརྒྱུད་ཀྱིས་དབང་བུ་ནི་ཕ་ཡི་ནོར། །ནོར་དེར་སངས་རྒྱས་བཀས་དབང་ཆོས་ཀྱི་རྫས། །ལུང་རྟོགས་དེ་དེ་ལྡན་ནོ་དགེ་འདུན་ལ། །ཕུལ་བ་དེ་དབང་དེ་ཡང་རྣམ་བཞི་སྟེ། །དབྱར་སོགས་དུས་ཀྱིས་རྙེད་པར་ཁས་བླངས་དབང༌། །ཤི་བའི་ཡོ་བྱད་སྣ་ཚོགས་སོ་སོར་དབང༌། །གློ་བུར་རྙེད་པ་དབང་ཚུལ་ཡང་བཞི་སྟེ། །གནས་འདིར་འདིས་ཞེས་ཁྲིམས་སུ་བཅས་པ་དབང༌། །མཚམས་དེར་ཕུལ་ལ་མཚམས་ཀྱི་སྒྲུབ་པས་དབང༌། །སྦྱིན་ཡུལ་སོ་སོར་ངེས་བྱས་དེ་ཉིད་དབང༌། །མངོན་སུམ་ཕུལ་ན་གང་ལ་ཕུལ་དེ་དབང༌། །དགྲ་བཅོམ་རྫས་བརྐུས་པ་ལ་སྦོམ་པོར་གསུངས། །དུས་དང་གནས་དང་རྐུ་ཡུལ་རྐུ་མཁན་ལ། །ལྟོས་ནས་རིན་ཚང་སྦྱོར་གཅིག་ནང་དུ་འོ། །ཐོབ་བློ་སྐྱེ་བ་ཡུལ་གཉིས་གར་ཉེ་བ། །དེས་བརྩི་མཉམ་ན་རྐུན་མའི་གནས་ཀྱིས་སོ། །མགྲོན་བུ་ཉི་ཤུར་ཀ་ཀ་ན་གཅིག་སྟེ། །དེ་བཞི་སྡོམ་པའི་རིན་ལ་མ་ཤ་ཟེར། །མ་ཤ་གསུམ་གྱིས་ཕམ་པའང་དུས་ཀྱིས་སྲིད། །རྒྱ་ཡིས་རྟ་དང་སྦལ་ཏི་ནས་ཁལ་བཞི། །བུ་སྟོན་ཚོང་འདུས་མགུར་མོའི་བཞིན་མ་གསུངས། །རེད་མདའ་གསེར་ཞོའི་ཕྱེད་སོགས་ལུགས་མང་ཡང༌། །རང་ལུགས་མ་ག་དྷའི་གསེར་ཞོའི་བརྒྱད་ཆའོ་དངུལ་བརྒྱད་ཆར། །གསུངས་པ་དངུལ་ཐུར་གྱིས་ཞོ་བརྒྱད་ཆ་ལ། །བྱ་ཡི་འདེག་བྱའི་རྫས་ནི་དངུལ་མ་ཡིན། །ཟས་དང་དུར་ཟས་གཞན་དོན་མིན་པ་དགོས། །ཕམ་པར་དུད་འགྲོའི་སྡེ་ཚན་གཞན་དུ་འགྱུར། །གཞི་མེད་གསལ་བར་མ་སྨྲས་བཅས་གཞན་འགྱུར། །ལྟུང་མེད་ལ་བཞི་དངོས་གཞི་ལྟུང་མེད་པའི། །ལྟུང་མེད་ཉུང་ཉུང་བརྐུས་ཀྱང་ལྟུང་མེད་དོ། །ལྟུང་བ་རྣམ་གཞག་མེད་པའི་ལྟུང་མེད་ནི། །ཉེས་སྡེས་གསོད་སེམས་མེད་པར་མངལ་བླུགས་ལ། །ཡི་རང་ཙམ་སྟེ་སྲོག་གཅོད་མིན་ཕྱིར་རོ། །
དེར་གཏོགས་ལྟུང་བ་མེད་པའི་ལྟུང་མེད་ནི། །དོ་གསུམ་ལེན་སྐབས་རྗེན་པར་བླངས་ལ་སྟེ། །སྐབས་གཞན་རྗེན་བཙོས་གཏོགས་པའི་ཉེས་བྱས་འགྱུར། །ལྟུང་བ་གཏན་མེད་ལ་གཉིས་སྨྱོས་པ་སོགས། །བཅས་རང་ལྟུང་བ་མཐའ་དག་མེད་པ་དང༌། །བཅས་པ་འབའ་ཞིག་ལྟུང་མེད་རྣམ་བཞི་སྟེ། །དགག་བྱ་ཉེས་དམིགས་མེད་པའི་ལྟུང་མེད་ནི། །རྡོ་དང་སོ་ཕག་རྩིག་དང་ཕྱེ་མ་རྐོ། །བར་ཆད་རྐྱེན་དང་ལྡན་པའི་ལྟུང་མེད་ནི། །སྲོག་ཕྱིར་བཅས་རྐྱང་ཕལ་ཆེར་གནང་བ་འོ། །རང་བཞིན་གནང་མེད་དེ་འདྲ་འདོམ་ཚེ་རང༌། །གསོད་དུ་བཅུག་ཀྱང་བསྲུང་སེམས་གསོད་སེམས་མིན། །སྨྱོན་པ་བཅས་ཞིང་མིན་ཕྱིར་གནང་བ་མིན། །བཅས་འདོམ་ཆུང་ངོར་ཆེ་བ་གནང་སྲིད་དེ། །དབྱར་རལ་ཉེས་བྱས་སྤང་ཕྱིར་ནུབ་ལྷག་གནང༌། །བཅས་མཉམ་དེ་འབྲེལ་དགག་དགོས་གང་ཆེ་གཙོ། །བསྒྲུབ་མི་ནུས་པས་ཞུགས་ཀྱང་ལྟུང་མེད་ནི། །མཐའ་འཁོབ་བཅུ་མ་ཚང་བར་བསྙེན་རྫོགས་རུང༌། །བག་ཡངས་དང་འབྲེལ་ལྟུང་མེད་རྣམ་གཉིས་ཏེ། །བག་ཡངས་ཁ་འཐོར་དང་འབྲེལ་སྲ་བརྐྱང་ཚེ། །འཆང་སོགས་བཅུ་ལ་ལྟུང་བ་མེད་པ་དང༌། །བག་ཡངས་ཆེན་པོར་འབྲེལ་བ་ཕྲན་ཚེགས་ལས། །ཕྲ་མོ་ཕྲན་ཚེགས་དག་ལ་སྐབས་དབྱེ་གསུངས། །དོག་མཐའ་བཟུང་ན་གཞིས་བསྡུས་ཉེས་བྱས་ཙམ། །ཡངས་མཐའ་སྤང་ལྟུང་མན་ནོ་གསོལ་བཞིས་སྟེར། །རེ་རེ་ཙམ་ལས་མཉམ་དུ་ཀུན་སྟེར་རྩིང༌། །ཡོད་སྨྲ་མ་གཏོགས་གཞན་གྱིས་ཚུལ་འདི་བཀག །འདིར་འཕྲོས་བསླབ་བྱའི་དབྱེ་བ་སྦོམ་པོ་གཉིས། །བརྒྱུད་པ་རྒྱུད་འགྲོར་མཐུན་པའི་བསླབ་བྱ་ནི། །མ་བསྲུང་ཉིན་མོ་གློས་ཕབ་མི་གཉིད་གསུངས། །སྦྱོར་བ་རྗེས་སྒྲུབ་མཐུན་པའི་བསླབ་བྱ་ནི། །ཀ་བ་ལ་ཡང་བརྡེག་པར་མི་བྱ་གསུངས། །དགག་བྱ་ཉེས་དམིགས་མཐུན་པའི་བསླབ་བྱ་ནི། །མེ་རེག་སྐབས་སུ་སེང་གེར་མི་རེག་གསུངས། །སྡེ་ལྔ་ཀུན་ཀྱང་སྦོམ་པོའི་སྒྲས་བསྟན་ཏེ། །ཕམ་ལྷག་ཉེས་པ་ཆེ་ཕྱིར་སྦོམ་པོ་དང༌། །གཞན་ནི་དམན་ཕྱིར་དམན་པ་སྦོམ་པོར་བཤད། །མིང་དུ་འཆགས་པའི་སྦོམ་པོ་སྦོམ་པོ་དངོས། །ཡོན་ཏན་སྒྲ་ཡི་སྤོམ་པོ་བཏགས་པ་སྟེ། །གྷུ་ན་ཡ་ནི་དུ་མ་ལ་འཇུག་པས། །ཉེས་བྱས་དུ་མ་བསྡུས་པའང་སྦོམ་པོར་བཤད། །འདི་ནི་རབ་བྱུང་སྡེ་ལྔ་ཀུན་ལ་ཡོད། །སྦོམ་པོ་རྣམ་བཞི་དངོས་གཞི་མི་རྫོགས་པའི། །སྦྱོར་བ་སྦྱོར་བའི་རྣམ་པའི་སྦོམ་པོ་དང༌། །རྐུ་བ་རྫོགས་པར་ངེས་པའི་སྦྱོར་སྦོམ་དང༌། །གསོད་མིན་ལག་གཅོད་དངོས་གཞིའི་རྣམ་པའི་སྦོམ། །ལྷ་དགྲ་བཅོམ་བསད་དངོས་གཞིའི་སྦོམ་པོ་འོ། །སྦོམ་པོ་བཞིར་ཕྱེ་ཡིག་ཆར་ཤིན་ཏུ་བསྔགས། །གསོད་པའི་གླེང་གཞི་དགེ་སློང་མང་པོ་སྟེ། །རི་དྭགས་བཟློག་ནི་ཕྱི་པའི་དགེ་སྦྱོང་ཕྱིར། །གླེང་གཞིར་འདོད་པ་མི་ལེགས་ཞིང་མིན་ཕྱིར། །དགེ་སློང་བཅུ་ཡིས་རིམ་བཞིན་འཆི་ངེས་མཚོན། །བསྣུན་ལ་ལྟུང་བ་གང་འབྱུང་རྩོད་པ་མང༌། །དམིགས་བསལ་མ་གཏོགས་སྐྲ་ཅན་མི་འཚོད་ལ། །གསོད་སར་མི་འབུལ་གྲ་དག་པ་ལ་རུང༌། །
རྫུན་གྱི་གླེང་གཞི་ཉ་པ་ལྔ་བརྒྱ་སྟེ། །མི་མིན་མ་ནིང་ལ་སྨྲས་སྦོམ་པོ་སྟེ། །དུད་འགྲོར་ཉེས་བྱས་མི་ལ་ནོར་ཡང་ཕམ། །མིའི་ཆོས་མྱང་འདས་བླ་མ་གོང་མའི་སེམས། །མིའི་ཆོས་སྒྲིབ་ལྔ་བླ་མ་དེ་སྤང་བའོ། །གསོ་བ་དགེ་འདུན་ལ་རེག་ལྷག་མ་ལས། །རེག་པའི་སྐབས་སུ་བྱེད་པོ་བུད་མེད་གསུངས། །དེ་ནི་རེག་དང་འཁྲིག་ཚིག་བསྙེན་བཀུར་བསྔགས། །ཉལ་ཤོམ་འདུག་འགྲེང་དབེན་པར་འདུག་འགྲེང་དང༌། །ལྷན་ཅིག་ཉལ་དང་ལམ་འགྲོ་ཆོས་སྟོན་བཅུ། །བསྡུས་ཀྱང་གཉིས་ཚོགས་ལས་ནི་སྨྱན་མ་བསྡུས། །འཁྲུར་འཇུག་ལ་སོགས་མ་བསྡུས་རྒྱུ་མཚན་དཔྱད། །ཁྲིམས་གྲོགས་ལྐུགས་མིན་གླེན་མིན་དམུས་ལོང་མིན། །སྨྱོ་མིན་འགྲོ་བ་གཞན་མིན་མཚན་གཉིས་མིན། །ཁྲུ་བརྒྱད་ཕྱེད་དང་བཅས་པས་ནུབ་ལྷག་ཁེག །ཕལ་ཆེན་ཡོལ་བས་ནུབ་ལྷག་ཆོད་པར་སྨྲ། །ཁང་པ་ཁང་ཆེན་གྱི་ནི་ཁྱད་པར་གསུམ། །ཁང་པ་དཀོན་མཆོག་ལས་གཞན་དོན་ཕྱིར་དང༌། །ཁང་ཆེན་ཚོགས་སམ་སངས་རྒྱས་ལ་སོགས་པ། །དཀོན་མཆོག་ཡིན་ན་གཅིག་གི་ཕྱིར་ཡང་རུང༌། །ཁང་པར་ས་གཞི་བཙལ་དགོས་གཞན་ལ་མིན། །ཁང་ཚད་ལྷག་དགོས་ཁང་ཆེན་ངེས་བཟུང་མེད། །ཆེ་བ་སྦྱིན་ཆེན་ཡིན་གྱི་ཚད་ཆེན་མིན། །གཅིག་དང་ཚོགས་གསུངས་དཀོན་མཆོག་མ་ཡིན་པའི། །དབང་བྱས་ཁྱིམ་པ་གཞིར་བྱས་ཁང་ཆེན་ནོ། །ཡོན་ཏན་འོད་དང་ཆོས་བཤེས་ལྐུག་པ་ལ། །སྐུར་བ་གདབ་པ་སྦོམ་པར་ཞུ་བས་བསྒྲུབས། །དགེ་ལེགས་བཤེས་གཉེན་ལུང་དེ་ལྷག་པར་འདོད། །དབང་པོ་མེད་པར་ལོག་སྤྱོད་སྦོམ་པོའི་ཕྱིར། །དེས་སྐུར་སྦོམ་པོར་གསུངས་ཀྱང་ཉེས་བྱས་ལོ། །དགེ་འདུན་དེས་བསྐོས་པ་ཡིས་བཞམས་བསྒོ་བྱས། །དེ་དང་གསོལ་དང་བརྗོད་པ་སྔ་གཉིས་མཐར། །སྦོམ་པོ་རེ་རེ་གསུམ་པའི་ཕྱིར་གཅིག་སྟེ། །བསྒོ་གྱུར་སྦྱོར་སྦོམ་ལྔ་དང་དངོས་གཞི་བཅས། །བསྐྱེད་པར་རྣམ་འབྱེད་དྲངས་ནས་མཚོ་ཊཱིཀ་གསུངས། །ཡིག་ཆར་བརྗོད་པ་གསུམ་པར་དངོས་གཞི་ལས། །ཟུར་པ་མེད་ཕྱིར་བསྒོ་གྱུར་ལྟུང་ལྔར་གསུངས། །བཞམས་སྒོར་ཉེས་བྱས་གསུངས་པ་སྡེ་གཞན་ཡིན། །དབྱེན་བྱེད་ལྷག་མར་ཁ་སྐོང་འོས་མི་དགོས། །འཁོར་ལོའི་དབྱིན་གྱི་ལྷག་མ་མི་སྲིད་ཀྱང༌། །དབྱེན་གྱི་ལྷག་མར་མཚམས་མེད་ཡོད་པར་གསུངས།།
སྤང་ལྟུང་ལ་ནི་ཐུན་མོང་མདོ་བཅུ་བདུན། །ཞུ་བ་ལས་བསྡུས་ལས་ལ་འདས་ན་དང༌། །རང་བཞིན་ལས་ཉམས་ཡང་ངོ་ཞེས་པ་གཉིས། །དེ་སྟེང་ཕྱིར་བཅོས་དང་འབྲེལ་གསུམ་ཡང་སྟེ། །ཆུང་ཉིད་དགེ་འདུན་གྱི་དང་མེད་གཙོ་གསུམ། །ཀོ་ལྤགས་གཞི་ལས་སྤང་བ་ལ་ནི་དང༌། །དེ་ནི་བསྔོས་པ་ཉིད་ན་བྲལ་ཉིད་གཉིས། །ལྷག་བཅུ་རྣམ་འབྱེད་བསྡུས་པར་མཚོ་ཊཱིཀ་གསུངས། །ཡིག་ཆར་ཀོ་ལྤགས་ཀྱི་ཡང་རྣམ་འབྱེད་བྱས། །དེ་ཡང་དུས་དང་འབྲེལ་བའི་ཐུན་མོང་བ། །བདག་པོ་དང་འབྲེལ་ཤན་དང་ཕྱིར་བཅོས་དང༌། །སྤང་བ་དང་པོ་གསུམ་འབྲེལ་ཐུན་མོང་ངོ༌། །དེ་ལ་དུས་འབྲེལ་ལྟུང་བ་བཅུ་དགུ་སྟེ། །འཆང་གཉིས་འཇོག་གཉིས་འཕྱིས་གཉིས་འབྲལ་གཉིས་འཆབ། །ནུབ་ལྷག་བུད་མེད་དམག་ནང་སྣང་བཅས་ཉལ། །སྤང་བ་རྗེས་ཕྱོགས་བསྙིལ་དང་ལྷན་ཅིག་ཉལ། །དངོས་བསྟན་བཅོ་ལྔའོ་རྗེས་ཕྱོགས་ནང་ཚན་ཡིན། །ཤུགས་བསྟན་སྔས་གཉིས་འཆབ་ཕམ་རེག་ལྟུང་སྟེ། །ཕྱི་མ་རེག་པ་དང་བཅས་ཉལ་བ་འོ། །དེ་ལས་ཟླ་འཇོག་རས་ཆེན་བཞག་འཕྱིས་དང༌། །འཆང་དང་སྨད་དང་དགོན་བྲལ་ནུབ་ལྷག་ལ། །སུམ་ཅུ་བཅོ་ལྔ་བཅུ་བདུན་དྲུག་གསུམ་མཐའི། །སྐད་ཅིག་དགོས་ཕྱིར་རྩ་བར་ཉིན་མཚན་གྱི། །དང་པོ་མིན་པའམ་མཐར་སྐྱེ་དེ་དག་ལ། །ཐ་མ་མ་གཏོགས་སྦྱོར་ལྟུང་མེད་པར་གསུངས། །དུས་འབྲེལ་གཞན་པ་ཉལ་ལྔ་དམག་ནང་གནས། །འཆབ་པ་བདུན་ནོ་སྦྱོར་ལྟུང་སྣོད་ཡང་ཡིན། །ནུབ་ལྷག་གོང་དུ་སྦྱོར་ལྟུང་མེད་པ་ལ། །བགྲང་ཡང་ཉལ་ལྔའི་གྲངས་ཕྱིར་འདིར་བགྲང་གཙོ། །གནང་ལ་ཚད་བཟུང་ལྟུང་བ་མིན་ཕྱིར་རོ། །ལས་ལ་འདས་ན་ཉི་མ་ཤར་བའི་ཞེས། །གསོ་སྦྱོང་དགག་དབྱེར་ལུང་ལས་དངོས་སུ་གསུངས། །དབྱར་གྱི་སྦྱོར་ཆོག་སོགས་ལ་མདོར་བསྡུས་སྦྱར། །སྤང་ལྟུང་བཅོ་བརྒྱད་མི་འབྱུང་ཐབས་གསུམ་སྟེ། །བསྔོས་དང་གཞན་ཕྱིར་བསྲེལ་དང་རྣམ་བརྟག་གོ །རྣམ་བརྟག་ཆོ་ག་ལྷག་པོར་ཆོ་ག་འོ། །ལྟུང་དེ་ཡོད་ན་གཞན་ལ་ཤན་འབྱུང་ཡང༌། །དམིགས་བསལ་ཞག་བདུན་སྨན་ཤན་ནང་ཕན་ཚུན། །མར་གྱིས་མར་དང་ཧྭགས་ཀྱིས་ཧྭགས་ཁོ་ན། །རྡེག་བྱེད་དེ་ཡིས་རང་གི་བརྡེག་བྱ་ལ། །ཉེས་ཞུགས་ཆ་བཞག་ཤུགས་དེ་ཤན་གྱི་དོན། །ཤན་ཤུགས་རྗེས་ཞུགས་རྒྱུན་འབྲེལ་རྣམ་གྲངས་སོ། །གོས་དང་ལྷུང་བཟེད་སྨད་དང་ལྟུང་ཤན་བཞི། །དང་པོར་ཞག་བཅུ་ཟླ་འཇོག་གོ་ལྔ་བསྡུས་ན། །ལྟུང་གཞི་རྫས་ཤན་སྤངས་རྒྱུ་ལྟུང་ཤན་ནོ། །རྫས་ཤན་རྫས་སུ་གསུངས་པ་གཞི་ལ་དགོངས། །ཞག་བཅུ་པ་ཡི་བཅུ་པ་ཟླ་འཇོག་གི །ཟླ་འཇོག་ཤན་ལྟུང་འབྱུང་བ་ཡང་གཞན་ལ། །གཞན་ཡང་སྤང་དགོས་གསུངས་ཀྱང་སྤང་ལྟུང་མེད། །དེ་ཕྱིར་སྤང་ཤན་ལྟུང་ཤན་མི་འདྲ་འོ། །གང་ཟག་ཁྱད་པར་ཅན་གྱི་སྤང་ལྟུང་ཡང༌། །བཤགས་ཚེ་དངོས་པོ་དེ་སྤང་མི་དགོས་ལ། །ཚོགས་ཀྱི་ཡིན་ན་ཆོས་གོས་དང་བྲལ་ཀྱང༌། །མི་སྤོང་ངོ་མཚོ་ཊཱིཀ་ལྟུང་བྱེད་འབའ་ཞིག་གསུངས། །ཁོར་ཡུག་ཁྲུ་གང་མེད་ན་སྤང་མི་དགོས། །ཞེང་ཁྲུ་མེད་ཀྱང་ཆོས་གོས་བྱིན་རླབས་ནི། །འཆགས་ན་དེ་ཡིས་འབྲལ་སྤང་མི་བསྐྱེད་དམ། །ཞག་ཤན་ཟུར་དུ་འདྲེན་ཡང་ཟུར་དུ་མེད། །གོས་ལྟུང་སྨན་ཤན་གསུམ་ལ་ཁྱད་པར་ཅན། །ཡིན་མིན་གཉིས་གཉིས་བྱིན་གྱིས་མ་བརླབས་པའི། །མ་བརླབས་ལ་ཞུགས་ཁྱད་མིན་མ་བརླབས་པའི། །བརླབས་ལ་ཞུགས་པ་ཁྱད་པར་ཅན་ཡིན་ཏེ། །ཕྱི་མར་མཉམ་དང་མི་མཉམ་འདྲེན་ཚུལ་གཉིས། །ཚེས་གཅིག་གོས་གཉིས་རྙེད་པས་གཅིག་བྱིན་རླབས། །གཅིག་ཤོས་བཞག་ན་བཅུ་གཅིག་སྐྱ་རེངས་ཚེ། །ཕྱི་མར་རང་སྟོབས་སྔ་མར་ཤན་སྟོབས་སོ། །ཚེས་གཅིག་གོས་རྙེད་ཚེས་ལྔར་འང་དེ་མཚུངས་རྙེད། །དྲུག་ལ་སྔ་མ་བརླབས་ཀྱང་ཕྱི་མ་ནི། །མ་བརླབས་བཞག་ན་བཅུ་གཅིག་སྐྱ་རེངས་ཚེ། །ཤན་དང་རང་སྟོབས་བསྡོམས་པས་སྤང་ལྟུང་འབྱུང༌། །གསུངས་ཕྱིར་གཞག་རེར་འང་ཉེས་པ་ཡོད་དམ་དཔྱད། །ཡོད་ན་གནང་ལ་ཚད་བཟུང་མིན་པར་འགྱུར། །མཚན་མཐའ་སྐྱ་རེངས་ལ་འདོད་མཚོ་ཊཱིཀ་བཀག །བཅས་པའི་ཉིན་དུས་ཡིན་ཡང་སྤྱིར་ནི་མིན། །ལྷུང་བཟེད་ཤན་ལ་ཁྱད་ཅན་ཡིན་མིན་གཉིས། །ཞག་བདུན་ནང་ལས་འཚོ་བཅིང་དེ་དང་འདྲ། །ཐུན་ཚོད་ལ་ནི་ཁྱད་པར་ཅན་མིན་མེད། །ཉིན་གཅིག་ཁོ་ནར་རླབས་ཕྱིར་མཉམ་དུ་འབྱུང༌། །སྨན་ཤན་འབྱུང་བ་བརྡེག་བྱ་རྡེག་བྱེད་གཉིས། །གང་ལའང་བྱིན་རླབས་མེད་ན་མི་རུང་ཕྱིར། །རྡེག་བྱེད་བརླབས་པས་བརྡེག་བྱ་བྱིན་རླབས་དང༌། །མ་བརླབས་ལ་འཇུག་རིམ་བཞིན་ནོ་མཚོ་ཊཱིཀ་བཟློག །
བདག་འབྲེལ་ལྟུང་བ་བཅོ་བརྒྱད་མཚོ་ཊཱིཀ་ལས། །འཆང་འཇོག་འཁྲུར་འཇུག་བཅུ་ཚན་བར་པ་དང༌། །སྣོད་འཆང་འཐག་འཇུག་རས་ཆེན་བརྟད་དང་མཐའོ། །ཞེས་གསུངས་ཁ་ཅིག་གཞན་གྱིས་མི་སྤང་ཕྱིར། །འབྲལ་སྤང་ལ་ཡང་རང་གི་དགོས་སོ་ལོ། །གང་ཟག་ཁྱད་པར་ཅན་གྱི་སྤང་ལྟུང་དང༌། །སྙིམ་པ་བཅིང་གྲོལ་སྤང་ལྟུང་མེད་པར་འགྱུར། །དེ་ཡི་སེལ་བ་གསུམ་སྟེ་གཞན་གྱི་ལ། །གཞན་གྱིར་ཤེས་དང་རང་གཞན་ནོར་བ་འོ། །གཞན་ལ་གཞན་གྱིར་ཤེས་ན་ཅིར་འགྱུར་ནི། །འཆང་གཉིས་ཟླ་འཇོག་འཕྱིས་གཉིས་ལྟུང་མེད་དང༌། །རིན་ཆེན་རེག་ལ་འབའ་ཞིག་ལྟུང་གཞན་འགྱུར། །ལྷག་མ་བཅུ་གཉིས་རང་རང་ན་སྨད་དོ། །རང་ལ་གཞན་གྱིར་འཁྲུལ་ན་ལྔར་ལྟུང་མེད། །རིན་ཆེན་ལོང་བ་གཞིར་གཏོགས་ན་སྨད་དོ། །བཅུ་གཉིས་སྔ་མ་ལས་ཀྱང་ན་སྨད་དེ། །དོན་དང་འདུ་ཤེས་ཕྲད་པ་མེད་ཕྱིར་རོ། །གཞན་ལ་རང་གིར་འཁྲུལ་ན་བདག་འབྲེལ་གྱི། །ལྟུང་བ་བཅོ་བརྒྱད་ཀུན་ལ་ན་སྨད་དོ། །རིགས་ཟློག་མི་ཟློག་ཤན་ལ་མུ་བཞི་སྟེ། །རིགས་ལོག་ཤན་འབྱུང་ཆོས་གོས་མེད་པ་ཞིག །ཚེས་གཅིག་ལ་ནི་ཟླ་འཇོག་གོས་རིགས་རྙེད། །ཚེས་བཅུར་ཆོས་གོས་རྙེད་ན་བཅུ་གཅིག་ཚེ། །སྔ་མའི་ཟླ་འཇོག་རིགས་ལོག་ཞག་བཅུ་གོས། །དེ་ཡི་ལྟུང་ཤན་ཆོས་གོས་ཕྱི་མར་འབྱུང༌། །རིགས་ལོག་ཤན་མི་འབྱུང་བ་ཟླ་འཇོག་གོས། །སྔ་དྲོ་རྙེད་པའི་ཕྱི་དྲོ་ཆོས་གོས་རྙེད། །དེ་ནས་གཞན་མེད་བཅུ་གཅིག་སྐྱ་རེངས་ཚེ། །གཉིས་ཀའི་འཆང་སྤང་རང་སྟོབས་སྐྱེད་ཕྱིར་རོ། །ཟླ་འཇོག་གོས་རྙེད་ཕྱི་གཞན་མ་རྙེད་ན། །རིགས་མི་ལྡོག་ཅིང་ཤན་མི་འབྱུང་བར་གསུངས། །འོན་ཀྱང་ཁ་སྐོང་རེ་ཆད་རིགས་ལྡོག་སྲིད། །རིགས་མི་ལྡོག་ལ་ཤན་འབྱུང་ཟླ་འཇོག་གོས། །དེ་རྗེས་ཁ་སྐོང་རྙེད་ཀྱང་མ་རླབས་ན། །ཟླ་གཅིག་འདས་ཚེ་ཕྱིས་མར་ཤན་འབྱུང་ངོ༌། །སྲ་བརྐྱང་བཏིང་ལ་འཆང་སོགས་གསུམ་མེད་པ། །ཀུན་བཏིང་ངོ་རེ་རེ་བ་ཡང་གདིང་རུང་ཕྱིར། །དམིགས་བསལ་སྲ་བརྐྱང་བསྲུངས་པའི་དགེ་སློང་དེར། །བཏིང་བའི་སྲ་བརྐྱང་གིས་ཀྱང་སྤང་ལྟུང་བསྐྱེད། །བྱིན་འཕྲོག་ཕམ་མེད་རང་ཡིན་འདུ་ཤེས་ལོ། །གཞན་གྱིས་བྱིན་པ་འཕྲོག་པའང་ཊཱིཀྐར་གསུངས། །
ཆོས་མིན་སྟོན་པ་དབྱེན་ཕྱོགས་སྦོམ་པོའི་རྫུན། །ཕམ་ལྷག་འབྲས་ཆན་འགེབ་སོགས་ཉེས་བྱས་སོ། །ན་སྨད་ཀྱིས་བསྐུར་སྐྱོན་སྨྲས་ལྟུང་སྐྱེད་ན། །ལྟུང་བྱེད་ཀྱིས་བསྐུར་ཉེས་བྱས་འགལ་ལོ་ཟེར། །སྟོན་པས་དེ་ལ་ལྔ་འམ་དྲུག་གསུངས་ན། །ལྔ་ཡིས་བསྐྱེད་དམ་ཞེ་ན་ཕུང་པོ་ནི། །ལྔ་སྟེ་གཟུགས་ཕུང་ཞེས་སོགས་བཤད་པ་ན། །མདོར་བསྟན་རྒྱས་བཤད་དེ་ལས་ལོག་མིན་ཕྱིར། །ལྔ་འོ་ཟུར་དུ་བགྲང་ན་དྲུག་ཡིན་ཞིང༌། །དེ་ལས་ལྷག་པ་མི་རུང་དོན་ཡིན་ནོ། །བཤེས་ངོར་བྱེད་པ་གོས་ཀྱིས་བསྐྱེད་ཡིན་ན། །མཚན་མཐུན་དགོས་དང་རྫུན་དུ་འགལ་ལོ་ཟེར། །བྱེད་དང་བྱས་ཞེས་བསྐུར་བ་གཉིས་ཀ་ཡོད། །འདིར་ནི་འདུལ་བ་ཁྱད་གསོད་ཚིག་ཡིན་ལ། །དགེ་སློང་རྣམ་དག་དྲུང་དུ་དགོས་པར་གསུངས། །མངོན་པའི་ལྟུང་བྱེད་ཉེས་བྱས་ཅི་རིགས་བསྐྱེད། །འོག་གི་ཁྱད་གསོད་བསླབ་པའི་གཞི་ཡིན་ནོ། །ལག་ཉ་མཚམས་བཙོས་ཞག་ལོན་རྗེན་བཙོས་ཀྱི། །ཉེས་བྱས་བཞི་དང་ཟ་བའི་ཉེས་བྱས་བཞི། །རུང་ཞིང་བརྟན་པར་མ་འབྲེལ་སྟ་གོན་གནས། །ཆུད་ཟའི་རྐྱེན་མེད་བྱིན་ལེན་མ་བྱས་དང༌། །བྱིན་ལེན་སྟོབས་པར་མ་འབྲེལ་སྨན་བཞི་ཡིན། །འདུ་ཤེས་མ་འཁྲུལ་རང་ངམ་ཆོག་གཅིག་པས། །བྱིན་ལེན་མ་བྱས་ཟ་འདོད་ལས་གཞན་པས། །རེག་པ་ལག་ཉའོ་བྱིན་ལེན་མ་བྱས་པར། །ཟ་འདོད་ཀྱིས་ན་ལྟུང་བྱེད་སྦྱོར་བར་འགྱུར། །མཚམས་བཙོས་རུང་ཁང་མིན་པར་སུས་བཙོས་ཀྱང༌། །ཟོས་པས་དགེ་འདུན་ལ་ནི་ཉེས་བྱས་བསྐྱེད། །ས་བོན་འཇོམས་པའི་ལྟུང་བྱེད་མི་འདྲ་འོ། །ཟས་ཀྱི་སྟ་གོན་བྱས་ཏེ་རུང་ཁང་ལ། །གཞན་པར་རྐྱེན་མེད་ཞག་ལོན་ཞག་ལོན་བསྐྱེད། །ལྷག་མ་བསྡོམ་བསྡུས་ཕལ་ཆེར་རྩ་བར་གསལ། །
ཉེས་བྱས་སོ་གསུམ་ལྔ་ལྔ་བཞི་ཚན་གཉིས། །གནས་དང་གསོ་སྦྱོང་འདོམ་ཚེ་གསོ་སྦྱོང་བསྡད། །བླ་མའི་དྲུང་འགྲོར་ཡོད་བཞིན་མི་འགྲོ་དང༌། །གནས་མེད་གནས་དེར་སྐྱ་རེངས་ཤར་བ་དང༌། །བླ་མ་འབོད་དུ་ཡོད་བཞིན་མི་འབོད་དང༌། །གནས་དྲུང་གསོ་སྦྱོང་བྱིན་རླབས་མ་བྱས་ཏེ། །གནས་དང་གསོ་སྦྱོང་འདོམ་ལྔ་རྩ་བ་ལས། །གནས་མེད་གསོ་སྦྱོང་བསྡད་པར་མི་བྱ་གསུངས། །སྔ་ཕྱིའི་དབྱར་དང་གནས་མེད་འདོམ་པ་ན། །གསོ་སྦྱོང་ལ་འདོམ་བཞིན་དུ་ལྔ་ལྔ་འོ། །དེ་བཞིན་སྔ་མའི་དབྱར་གྱི་ཟླ་གཅིག་ཡན། །ཕྱི་མའི་ཟླ་བ་གཉིས་ལྷག་སོང་ནས་ནི། །གནས་དང་འདོམ་ན་སྔར་བཞིན་ལྔ་ལྔ་སྟེ། །ཟླ་གཅིག་འདས་ན་ཕྱིས་སུ་དབྱར་མེད་ཅིང༌། །ཟླ་གཉིས་མ་སོང་དབྱར་དོན་མི་འགྲུབ་ཕྱིར། །དེ་ཚེ་གནས་དང་འདོམ་ཀྱང་དབྱར་གཙོ་འོ། །བཞི་ཚན་དང་པོ་ཕྱི་མའི་ཟླ་གཉིས་དང༌། །གནས་འདོམ་ཚེ་ན་གནས་བརྟེན་ཉེས་བྱས་དང༌། །གནས་དྲུང་བསྡད་དེ་དབྱར་རལ་ཉེས་བྱས་དང༌། །བླ་མ་འབོད་དུ་ཡོད་བཞིན་མི་འབོད་དང༌། །མ་བོས་ཐོ་རེངས་གནས་མེད་ཉེས་བྱས་སོ། །བཞི་ཚན་གཉིས་པ་སྔ་མའི་ཟླ་ལྷག་དང༌། །གནས་འདོམ་ཚེ་ན་སྔ་མ་བཞིན་དུ་བཞི། །ཁ་ཅིག་ཕྱི་མའི་དབྱར་དང་གནས་འདོམ་ཚེ། །དབྱར་བསྲུང་ངོ་གཞན་དུ་ལོ་དེར་དབྱར་མེད་ཕྱིར། །ཟླ་བ་སྔ་གཉིས་བསྲུང་དང་མཚུངས་སོ་ལོ། །ཁས་བླངས་ཟིན་ན་ལོ་དེའི་དབྱར་གཙོ་ཡང༌། །སྔར་ནི་གནས་བརྟེན་གཙོ་ཕྱིར་མི་མཚུངས་སོ། །གཅིག་ལས་འཕྲོས་པར་མཁན་པོ་བཞི་གསུངས་ཏེ། །ཆོས་དང་ཟང་ཟིང་གཉིས་ཀས་སྡུད་དང་མིན། །ཤེས་བྱས་གནས་དང་བལྟས་འགྲོ་སྡོད་དང་འགྲོ། །
སྤྱིར་བསྟན་དོན་ལ་སྤྱི་དང་ཡག་ལག་གཉིས། །རྣམ་འབྱེད་ཤན་ཕྱིར་རྗེས་གསུངས་ཞུ་བ་བཞིན། །རང་བཟོ་མ་ཡིན་མི་ལ་དུད་འགྲོ་དང༌། །བཀག་པས་བཟང་དང་འདྲ་གསུམ་རྣམ་འབྱེད་གསུངས། །ཡན་ལག་ཐམས་ཅད་དང་བླང་རིན་འཕྲེང་བཤད། །རྫུ་འཕྲུལ་ཆོས་ཅན་མ་ཡིན་འདུལ་བྱེད་དེ། །ལྷག་མ་རེ་གཅིག་ཞུ་བར་འབྱུང་ཕྱིར་རོ། །དགོས་པ་གསུམ་སྟེ་སྤྲུལ་མིན་མདོར་བསྡུས་རྟོགས། །རྫུན་སོགས་སུམ་ཅུར་མཐར་ཐུག་དོན་གོ་ཞེས། །སོ་སོར་སྦྱར་བ་འདིར་བསྡུས་ཚིག་ཚོགས་བསྐྱུངས། །བསླབ་ཚིགས་གཅིག་པ་རྫུན་སོགས་བཅུ་ཚན་གཉིས། །མ་གཏོགས་པ་ལ་སོ་སོར་དངོས་སྦྱར་ཀྱང༌། །འདིར་བསྡུས་ཉི་ཤུ་ལ་ཡང་མདོར་བསྡུས་སྦྱར། །དེ་ཕྱིར་ཚིག་བསྐྱུངས་མདོར་བསྡུས་གཉིས་ཀ་ཚང༌། །མཚོ་ཊཱིཀ་བཞི་བཅུ་རྩ་གཉིས་མ་གཏོགས་གསུངས། །མཐའ་དག་ཕལ་ཆེར་ཞར་བྱུང་སྤྱིར་བསྟན་གསུམ། །དང་པོ་དང་པོའོ་བསླབ་བྱིན་འདྲ་ཉིད་ཅེས། །གཉིས་པའོ་ཁ་སྐོང་མིན་ཕྱིར་འདུན་བསྒྱུར་དང༌། །མི་སྨྲ་འགྲོ་ལ་ལྟུང་བྱེད་དངོས་གཞི་མེད། །བསླབ་བྱིན་འབའ་ཞིག་ཚོགས་པ་མ་གཏོགས་སོ། །ཤ་མིས་དབྱེན་གྱི་ལྷག་མ་མི་སྐྱེད་ཟེར། །མཚོ་ཊཱིཀ་དབྱེན་ཆགས་པ་ལ་ཁ་སྐོང་དགོས། །དབྱེན་བྱེད་ལྷག་མ་སྐྱེད་ལ་མི་དགོས་གསུངས། །དགྲ་བཅོམ་མེད་ཕྱིར་དགྲ་བཅོམ་བདེན་སྨྲ་མེད། །བདེན་སྨྲ་ཙམ་ཡོད་ཉིས་བརྒྱ་ང་གསུམ་ལ། །རང་བཞིན་ཁ་ན་མ་ཐོ་ཡོད་གསུངས་ཕྱིར། །ཞར་བྱུང་མགུ་སྤྱད་དོན་མེད་ག་ག་ཚིལ། །སེན་མོ་སོགས་དང་རེག་བྱ་ཉིད་མ་ཉམས། །ཡང་དག་ལེན་བྱེད་དེ་ནི་སྣོད་ཡིན་དྲུག །
ཡན་ལག་དོན་ལ་རྟེན་སོགས་ལྔར་བཤད་དང༌། །ཚན་ཚན་ཡན་ལག་བྱེ་བྲག་བཤད་པ་གཉིས། །དང་པོར་རྟེན་གྱི་ཡན་ལག་ཡུལ་ཡན་ལག །ལྟུང་ཐ་དད་རྒྱུ་སེལ་བ་དང་བཅས་དང༌། །བསམ་པའི་ཡན་ལག་ཡན་ལག་སེལ་བ་ལྔ། །དང་པོར་བསླབ་བསམ་ཚིགས་མཚན་ཡན་ལག་བཞི། །དང་པོར་དངོས་དང་ཞར་བྱུང་དངོས་ལ་ཡང༌། །ཉམས་མ་ཆགས་དང་མ་རྫོགས་བསླབ་བྱིན་ལ། །ཅིར་འགྱུར་གསུམ་མོ་ཉམས་པ་དགག་སྒྲས་བསྟན། །མ་ཆགས་ན་ཡང་ཉེས་སྐྱེད་སྒྲུབ་པའི་སྒྲ། །གང་གིས་ཉམས་ན་འཆབ་བཅས་ཕམ་པས་ཏེ། །ཤེས་བྱེད་ཊཱིཀྐར་ཞུ་བ་དྲངས་པ་ལས། །སྔར་ལྟུང་བྱུང་དང་རྐུ་ཐབས་དང་པོ་འཁྲུག །མ་ནིང་མ་སུན་བྱས་ལ་ཉེས་བྱས་གསུངས། །བྱེ་སྨྲས་རང་ལ་སྟོན་པའི་ལྟུང་བྱེད་དང༌། །ཕམ་སྐྱེད་གཞན་ལ་གཞི་མེད་ལྷག་མ་བསྐྱེད། །རང་གྲལ་འགྲོ་ཞིང་འབུལ་རྒྱུ་ཡོད་པའི་ཕྱིར། །འཆབ་བཅས་ཕམ་པས་སྡོམ་པ་མི་གཏོང་ན། །མདོ་འདིས་མཐའ་དག་སྤྱིར་བསྟན་ག་ལ་ཡིན། །གསོད་ཕམ་བྱུང་བས་སྲོག་གཅོད་སྡེར་གཏོགས་བཅས། །གང་ལ་ཞུགས་ཀྱང་ཉེས་བྱས་ལ་དགོངས་ལོ། །
མ་རྫོགས་པ་ལ་བླངས་འདས་ཕྱོགས་མཐུན་གཉིས། །བར་མའི་གསུམ་སྟེང་དགེ་ཚུལ་དངོས་བླངས་བཅུ། །བཅུ་གཉིས་བསྣན་པས་ཉེར་ལྔ་དགེ་སློབ་མ། །པྲི་ཛའི་བུ་ལ་བསླབ་གསུམ་བསྟན་པ་བཞིན། །བསྡུས་ཀྱང་ཕྱེ་ན་སོ་དྲུག་རྒྱས་པར་ན། །བླངས་འདས་ང་བརྒྱད་བར་མའི་ཉམས་པ་གསུམ། །སྲོག་གཅོད་བརྒྱད་དང་མ་བྱིན་ལེན་པ་ལྔ། །འགྲོ་ལྔར་མི་ཚངས་སྤྱོད་ལྔ་རྫུན་སྨྲ་ལ། །ཕམ་འདྲ་གཅིག་དང་བཤགས་བྱའི་རྫུན་བཅུ་གཉིས། །འབྲུ་དང་བཅོས་ཆང་འཐུང་གཉིས་གླུ་གར་རོལ། །ཕྲེང་རྒྱན་སྤོས་དང་ཁ་དོག་བྱུགས་ཏེ་བདུན། །ཁྲི་གཉིས་སྟན་གཉིས་ཕྱི་དྲོའི་བཟའ་བཅའ་གཉིས། །འགྲོ་ལྔའི་རིན་ཆེན་བདག་གིར་འཛིན་པ་ལྔ། །ལྔ་བཅུ་ང་ལྔ་དགེ་ཚུལ་དངོས་བླངས་འདས། །མཁན་པོ་ལས་བླངས་གསུམ་ནི་དངོས་བླངས་མིན། །དམྱལ་བར་ལས་ལམ་གསུམ་ལས་མེད་གསུངས་དཔྱད། །རྫུན་ཡང་ངན་སོང་གསུམ་ལྷ་ལྷ་མིན་གྱིས། །སྔར་ལྟར་ཕྱེ་ན་ང་ལྔའི་གྲངས་ཚང་ལོ། །ཙུག་ཙུག་སོགས་བཞིར་མངར་སྐྱུར་དྲོ་གྲང་གི།འདུ་ཤེས་བསྒྱུར་བའི་རྫུན་བཞི་མཚོ་ཊཱིཀ་གསུངས། །རིན་ཆེན་སྤང་ལྟུང་གཞི་ནི་རང་གིར་བསྒྱུར། །ཕམ་འདྲ་བཤགས་བྱའི་ཉེས་བྱས་མིན་འདོད་འཁྲུལ། །མཚོ་ཊཱིཀ་བཤགས་བྱའི་ཉེས་བྱས་སོ་བདུན་གསུངས། །བསྙེན་པར་རྫོགས་ལས་དབྱེ་ཕྱིར་ཕམ་པ་མེད། །བྲན་ཙམ་ཤི་བས་དམག་དཔུང་ཕམ་མིན་བཞིན། །གླུ་གར་མན་ཆད་བསྙེན་བཀུར་གོ་རིམ་བཞིན། །
ཕྱོགས་མཐུན་རྟོགས་ཕྱིར་ཉེས་མེད་དང་པོར་བསྟན། །དེ་ཡང་བྱེ་བྲག་བཤད་མཛོད་ལས། །འཆང་བ་དང་ནི་འབྲལ་བ་དང༌། །དེ་བཞིན་ས་ནི་རྐོ་བ་དང༌། །རིན་ཆེན་རེག་དང་མེ་ལ་རེག །བཏང་ནས་ཟ་བར་བྱེད་པ་དང༌། །ལྗོན་ཤིང་འཛེག་དང་ཤིང་གཅོད་དང༌། །བྱིན་ལེན་མ་བྱས་ཟ་བ་དང༌། །རྩྭ་སྔོན་མི་གཙང་འདོར་བ་དང༌། །དེ་བཞིན་གསོག་འཇོག་ཟ་བ་དང༌། །ས་བོན་འཇོམ་དང་བསླབ་པའི་གཞི། །ཟླ་འཇོག་དགོན་པའི་འབྲལ་བ་དང༌། །གསོག་འཇོག་བྱེད་དང་དགེ་ཚུལ་ཉལ། །མི་སྨྲ་འགྲོ་དང་བཅོ་བརྒྱད་དོ། །འཆང་བར་གོས་ལྷུང་གཉིས་སོ་གཞན་གྲངས་བཞིན། །ཁྱིམ་པར་བཀག་ཕྱིར་ནུབ་ལྷག་ཕྱེད་དུ་བཤད། །དེ་དང་བཅོ་བརྒྱད་ཕྱེ་བ་དགེ་སློབ་མར། །ཤིང་གཅོད་ཉེས་བྱས་ས་བོན་འཇོམ་པ་ལ། །ལྟུང་བྱེད་བཅས་ཕྱིར་གཉིས་བྱས་ཕའི་སྡོམ་ལ། །དེ་གཉིས་གཅིག་ཕྱིར་བྱེད་དང་བཅུ་བདུན་འགྱུར། །མ་ལ་ཤིང་དྲུང་བཀག་ཕྱིར་འབྲལ་ལྟུང་མེད། །དེ་ཕྱིར་ལྟུང་མེད་གནང་བའི་མིང་ཡང་མེད། །ཤིང་གཅོད་སྡོམ་བསྡུས་མིན་ཕྱིར་དགེ་སློང་མའི། །སྡོམ་གྱི་དབང་བྱས་གནང་བ་ཕྱེད་བཅུ་དྲུག །དགེ་ཚུལ་མ་ལ་འབྲལ་ལྟུང་མ་གཏོགས་པ། །བཅུ་བདུན་སྟེང་དུ་ཆོས་གོས་བྱིན་རླབས་གཉིས། །མི་རྫོགས་རྗེན་པ་འཚོལ་དང་ཉེར་གཅིག་གོ །སྲོག་ཆགས་མེད་པའི་ས་རྐོ་བྱ་མང་ཕྱིར། །དགེ་སློང་ལ་བཀག་དེ་བཅས་ཀུན་ལ་བཀག །དེ་ལས་དགེ་སློབ་མ་ལ་རིན་ཆེན་རེག །བྱིན་ལེན་གསོག་འཇོག་ཟ་དང་མི་གཙང་འདོར། །ས་བརྐོར་བླངས་འདས་འབྱུང་ཞིང་གསོག་འཇོག་ལ། །ཕྱོགས་མཐུན་འབྱུང་ཕྱིར་ལྷག་མ་བཅོ་ལྔ་གནང༌། །ཞུ་བར་འཆང་འབྲལ་ཉེས་གསུངས་ཡི་གེ་ནོར། །རྫུན་དང་སྲོག་གཅོད་བཅུ་བདུན་ཕམ་གཞན་གཉིས། །ཕྱི་དྲོའི་ཁ་ཟས་མ་བསྒྱུར་གོས་དང་ཆང༌། །བླངས་འདས་ཉེར་གཉིས་ལྟུང་མེད་རྣམས་དང་བཅས། །སྡོམ་བསྡུས་སུམ་ཅུ་རྩ་ཕྱེད་དགུ་མ་གཏོགས། །ཉིས་བརྒྱ་ཕྱེད་དང་བཅོ་ལྔ་ཕྱོགས་མཐུན་ནོ། །བསྡུ་ན་གཞི་བཅུ་ཊཱིཀྐ་ལས། །རྟགས་དང་སློང་དང་སྣོད་དང་ནི། །ལོངས་སྤྱོད་འཕྱར་གཡེང་འདོད་པ་དང༌། །གནོད་པ་དང་ནི་གནས་པ་དང༌། །མ་གུས་མི་སྦྱོང་གཞི་ལས་བྱུང༌། །ཞེས་གསུངས་བླངས་འདས་བཅུ་ཡི་ཕྱོགས་མཐུན་ཏེ། །ཁྱིམ་པའི་རྟགས་མཐུན་རྔ་བལ་སྐྲ་བྲེག་ཉེས། །རང་དོན་རིན་ཆེན་སློང་མཐུན་བསོད་སྤགས་པ། །རིན་ཆེན་ཁབ་རལ་ཕྱོགས་མཐུན་བ་སོ་སོགས། །ཕྱི་དྲོའི་ཟས་དང་ཆང་མཐུན་སྒོག་བཙོང་སོགས། །གར་སོགས་ཁྲི་སོགས་ཕྱོགས་མཐུན་ཆུ་ཡིས་རྩེན། །ཁང་ཆེན་མི་ཚངས་སྤྱོད་མཐུན་འཁྲིག་ཚིག་སོགས། །སྲོག་གཅོད་དབྱེན་སོགས་རྗེས་མཐུན་བརྡེག་གཟས་སོགས། །གནས་དབྱུང་གནས་པའི་ཕྱོགས་མཐུན་ཁྱིམ་པ་སོགས། །མཁན་པོར་མ་གུས་ཕྱོགས་མཐུན་རྒན་པ་སོགས། །གསོ་སྦྱོང་མི་མཐུན་དབྱར་གྱི་དམ་ཚིག་འབྲལ། །ཞེས་འབྱུང་བླངས་འདས་བཅུ་པོ་དཔྱད་པར་འོས། །ཚད་དབྱིབས་མི་རུང་ཆོ་ག་མ་བྱས་པའི། །ཁང་ཆེན་ཁྱིམ་པའི་རྟགས་སྤོང་བླངས་འདས་གསུངས། །དུད་འགྲོ་གསོད་ཕྱིར་དེ་ལ་དགོངས་ཞེས་ཟེར། །འདོད་པའི་གཞི་ལས་བྱུང་བར་གསུངས་དང་འགལ། །མཐའ་དག་ཉམས་པ་ཕམ་པའི་ཕྱོགས་མཐུན་དང༌། །རྟགས་སོགས་སོ་སོར་ཉམས་པའི་ཕྱོགས་མཐུན་གཉིས། །
བསམ་པའི་ཡན་ལག་སེལ་བ་དང་བཅས་ནི། །འགྲོ་བ་གཞན་གྱི་རྣམ་པ་ཞེས་སོགས་བྱུང༌། །ཤེས་དང་རང་བཞིན་མི་གནས་གང་ཟག་ལ། །སྡེ་ལྔ་ཕལ་ཆེར་མི་འབྱུང་ན་སྨད་སྐྱེ། །སྨྱོ་འཁྲུག་སྡུག་གཟིར་སྤྲུལ་ཚེ་འདུ་ཤེས་མེད། །ཤེས་པ་རང་བཞིན་མི་གནས་གཙོ་བོ་བཞི། །གཉིད་སྨྱོས་སྙོམས་འཇུག་བརྒྱལ་བ་ཕལ་པ་སྟེ། །དེ་ཚེ་ཉལ་དང་ཁང་ལྟུང་འབྱུང་ཕྱིར་རོ། །གཙོ་བོ་བཞི་ལ་ཁང་པ་གྲུབ་གྱུར་ན། །ཡན་ལག་གང་ཞིག་མ་ཚང་དཔྱད་པར་བྱ། །གསོད་བཞི་རྐུ་དང་ཕམ་ལྷག་དང་པོ་ལྟར། །བལ་ཁུར་སྐྱེ་འཇོམས་མ་གཏོགས་ཕལ་ཆེར་ལ། །སྤྲུལ་ཚེ་འདུ་ཤེས་ཡོད་ན་དངོས་གཞི་སྐྱེ། །ཡིག་ཆའི་གཞི་སྟོད་མཚོ་ཊཱིཀ་མཐུན་ཆེད་ཙམ། །
ཚིགས་ཀྱི་ཡན་ལག་ཚིགས་སྔར་ཞེས་སོགས་བྱུང༌། །སྡེ་ལྔ་ཀུན་ལ་བསླབ་ཚིགས་གཅིག་པ་དགོས། །འབབ་ཚེ་སྡོམ་སེམས་མེད་ཕྱིར་ཕམ་འདྲ་སྐྱེད། །སྔ་མར་སྦྱོར་བྱས་ཕྱི་མར་ན་སྨད་དེ། །སྡོམ་སེམས་འཕེལ་བས་གསོད་སེམས་ལོག་ཕྱིར་རོ། །བསླབ་ཚིགས་ཕྱི་མར་སླར་ཡང་སྦྱོར་བྱས་ན། །ཕམ་པ་སྐྱེ་ཡང་བསླབ་ཚིགས་སྔ་མ་ནས། །བརྩམས་ཏེ་སྦྱོར་བའི་སྦྱོར་ཡིན་ཕམ་པའི་མིན། །ཕམ་ལྷག་སྦྱོར་བ་སྦོམ་པོར་གསུངས་ཕྱིར་རོ། །ཞར་བྱུང་དཀོན་ཞིང་རིན་ཆེས་བསྐྱེད་པ་ནི། །སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །བལ་ཁུར་རྨེལ་དང་གསེར་དངུལ་རེག །མངོན་ཚན་ཉོ་ཚོང་བསོད་པ་སློང༌། །ཁབ་རལ་ལས་གྱུར་བཅུ་གཅིག་གོ །རིན་ཕྲེང་ལས་སོ་ཁབ་རལ་རྭ་ཡི་དཔྱད། །རྩམ་པས་བསོད་སློང་བསྐྱེད་པར་མཚོ་ཊཱིཀ་གསུངས། །
མཚན་གྱི་ཡན་ལག་སྤྱི་དོན་གཞུང་དོན་གཉིས། །དང་པོར་ཐུན་མོང་ཡིན་མིན་དབྱེ་བ་དང༌། །དོན་དང་ཕྱི་མའི་མཚན་ལ་ཅིར་འགྱུར་གསུམ། །ཐུན་མོང་ལ་ཡང་མཚན་ཉིད་ཅི་འདྲ་དང༌། །རྗེས་མཐུན་མིང་ཙམ་གཉིས་སོ་དང་པོ་ནི། །ཕམ་པ་བཞི་དང་སྨྱན་དང་གཞི་མེད་དང༌། །བག་ཙམ་འཆང་བ་དང་ནི་འཇོག་པ་དང༌། །སློང་ལ་སོགས་པ་ལྔ་དང་གསེར་དངུལ་དང༌། །མངོན་ཚན་ཉོ་ཚོང་ལྷུང་བཟེད་ཚོལ་སོགས་གསུམ། །རྫུན་དང་འདོན་དང་མི་ཆོས་བདེན་སྨྲ་དང༌། །ས་བོན་འདེབས་དང་རིམ་གཉིས་ཕྱོགས་གཅིག་དང༌། །འདུག་གནས་ལ་སོགས་གསུམ་དང་དུས་མིན་ཟས། །བྱིན་ལེན་མ་བྱས་སྲོག་ཆགས་བཅས་སྤྱོད་དང༌། །གཅེར་བུ་དམག་གསུམ་མེ་རེག་མ་རྫོགས་དང༌། །ཁ་མ་བསྒྱུར་དང་ལོངས་པ་ཁྲུས་བྱེད་དང༌། །དུད་འགྲོ་རྩེ་དང་སྦེད་དང་གཞི་མེད་དང༌། །རྐུན་མ་རྐོ་དང་མགྲོན་གཉེར་རིང་འདུག་དང༌། །མ་གུས་ཕྱོགས་གཅིག་ཆང་འཐུང་དུས་མིན་འགྲོ། །ཕྱི་དྲོ་གྲོང་རྒྱུ་རྒྱལ་པོའི་ཕོ་བྲང་འཇུག །ཁབ་རལ་གདིང་དང་གཡན་པ་བདེ་གཤེགས་གོས། །ང་བདུན་འདུལ་འཛིན་གསུངས་སོ་རིན་ཕྲེང་ལས། །བཅའ་དང་མ་གུས་བསལ་བས་ལྔ་བཅུ་ལྔ། །4མཚོ་ཊཱིཀ་བདེན་སྨྲ་སྦེད་དང་གཞི་མེད་བསལ། །ཁྱིམ་སུན་ཤིང་གཅོད་བསྣན་པས་ང་དྲུག་བྱས། །འོན་ཀྱང་གཉིས་གཉིས་སྤྲོད་དང་ཕུལ་དགུ་པའི། །ཆེ་ཆུང་ལྷུང་བཟེད་ཚོལ་སོགས་ཇི་འདྲ་མིན། །རྗེས་མཐུན་ལ་གཉིས་མཚན་མཐུན་མཚན་མི་མཐུན། །ཡན་ལག་དགོས་པའོ་དང་པོ་རིན་ཕྲེང་ལས། །བསྒོ་གྱུར་བཞི་དང་འཕྲོག་པ་དང༌། །བསྔོས་བསྒྱུར་སྐྱོན་དང་ཕྲ་མ་དང༌། །སྐྱོ་སྔོགས་གནས་ངན་བཤེས་ངོ་དང༌། །ཁྱད་གསོད་འཕྱ་བསྒོ་ཁྲི་དང་གདིང༌། །ཕྱིས་གནོན་འབྱུང་བ་སྤངས་པ་སྟོབས། །འདུས་ཟ་བརྡེག་གཟས་གནས་ངན་ལེན། །བདེ་དང་འདུན་པ་ཆོས་དང་སྨྲ། །དགེ་ཚུལ་འགྱོད་པ་སོར་མོ་སྔངས། །ཉེར་འཇོག་ཉན་རྣ་མ་སྨྲས་འགྲོ། །མ་གུས་ཟས་བཅས་ད་གདོད་ཁྲི། །གདལ་དང་སེང་གེ་ལས་གྱུར་ཏེ། །དེ་ལྟ་བཞི་བཅུ་ཐམ་པ་འོ། །སྔ་དྲོ་གྲོང་རྒྱུ་འདིར་བགྲང་ཡང༌། །ཕྱི་དྲོ་མཚན་ཉིད་ཇི་འདྲ་འོ། །མ་གུས་འདིར་བགྲང་ཕྱོགས་གཅིག་སྟེ། །གཞན་དུ་སྡོམ་ཚིག་སྔ་མར་འགལ། །མཚན་མི་མཐུན་དགོས་དེ་ཉིད་ལས། །འཁྲུར་འཇུག་པ་དང་ལེན་པ་དང༌། །ཁྱིམ་པ་མོ་ལ་ཆོས་སྟོན་དང༌། །དེ་དང་ལམ་འགྲོ་བུད་མེད་ཉལ། །དེ་ལྟར་དེ་ནི་ལྔ་ཡིན་ནོ། །འབྲལ་དང་སྤངས་པ་ཟ་བ་དང༌། །གསོག་འཇོག་བྱེད་དང་ཟ་བ་བཞི། །བསྣན་ན་བཞི་བཅུ་རྩ་དགུར་འགྱུར། །ཕ་མའི་ཐུན་མོང་མིན་གཉིས་འདུལ་འཛིན་གྱིས། །འབྱིན་པ་ནས་ནི་བསྙེན་བཀུར་བསྔགས་པའི་བར། །ཁང་པ་ཁང་ཆེན་དང་ནི་སྲིན་བལ་ནས། །རྨེལ་བའི་བར་དང་ལྷུང་བཟེད་འཆང་བ་དང༌། །བརྟད་པ་ལས་བྱུང་དགོན་པའི་འབྲལ་བ་དང༌། །རས་ཆེན་སྐྲོད་དང་མ་བསྐོས་ལ་སོགས་བཅུ། །ཡང་ཡང་ཟ་དང་བསོད་པ་སློང་བ་དང༌། །ཉལ་ཤོམ་ཁྱིམ་ལ་འདུག་དང་འགྲེང་བ་དང༌། །གདིང་མེད་སྤྱོད་དང་མ་ལོན་བསྙེན་པར་རྫོགས། །རས་ཆེན་སོ་སོར་བཤགས་པ་རྣམ་པ་གསུམ། །ཕམ་པ་ཐུན་མོང་མ་ཡིན་རྣམ་བཞི་དང༌། །ལྷག་མ་ཐུན་མོང་མ་ཡིན་བཅུ་གསུམ་དང༌། །སྤང་ལྟུང་ཐུན་མོང་མ་ཡིན་བཅུ་བཞི་དང༌། །ལྟུང་བྱེད་ཐུན་མོང་མ་ཡིན་བརྒྱ་རྩ་བརྒྱད། །སོ་སོར་བཤགས་པ་བཅུ་དང་ཉེས་བྱས་གཉིས། །ཞེས་གསུངས་ཐུན་མོང་མིན་པར་འགྱུར་ཚུལ་ཡང༌། །མཚན་ཕྱིར་ལུས་ཕྱིར་བསམ་པའི་བྱེ་བྲག་ཕྱིར། །ལུས་ངག་ཉེས་སྤྱོད་མི་འདྲ་བཅས་པ་འང༌། །ཡོད་མེད་མི་འདྲ་དགོན་འབྲལ་ཉིན་མོ་འབྲལ། །ཆེ་ཆུང་མི་འདྲ་རེག་ཕམ་འབྱིན་ལྟུང་བྱེད། །མང་ཉུང་མི་འདྲ་འགྲེང་བཞི་སྐྲོད་པ་གཉིས། །སྡེ་ཚན་མ་བསྒོས་འདུག་དང་མི་གཙང་འདོར། །ལྷུང་བཟེད་ཞག་གཅིག་བཅུ་མཐར་སྤང་ལྟུང་འབྱུང༌། །ཉི་ཤུ་མ་ལོན་རྫོགས་པའི་ལྟུང་བྱེད་ནི། །མ་ལའང་སྲིད་ཕྱིར་སོ་སོའི་ཞིབ་ཆ་དགོས། །ལྟུང་བྱེད་བཅོ་ལྔ་ཕ་ལ་ལྟུང་མེད་དོ། །ལྟུང་མཉམ་ཐུན་མོང་མི་མཉམ་ཐུན་མོང་མིན། །སྔ་མའི་དབྱེ་བ་ཡུལ་དང་ཡན་ལག་སྒོས། །གསུམ་པ་ཕྱི་མའི་མཚན་ལ་ཅིར་འགྱུར་ནི། །མཚན་ཉིད་ཅི་འདྲ་བ་རྣམས་ཡོངས་སུ་རྫོགས། །མཚན་ལན་གསུམ་དུ་གྱུར་ཚེ་མ་གཏོགས་སོ། །རྗེས་མཐུན་མཚན་མཐུན་དགོས་དང་རེག་པ་སོགས། །ཆེ་ལས་ཆུང་གྱུར་ཆུང་ལས་ཆེར་མི་འགྱུར། །མཚན་མི་མཐུན་དགོས་ཐུན་མོང་མིན་ཕལ་ཆེར། །ཡོད་པ་མེད་པར་འགྱུར་སྲིད་བཟློག་ན་མིན། །
གཉིས་པ་གཞུང་གི་དོན་ལ་མཚན་གྱུར་ནི། །ལྟུང་བའི་ཞིང་ངམ་རྟེན་དུ་སྤྱིར་བསྟན་ཏེ། །དམིགས་བསལ་མ་ཡིས་འབྱིན་པའི་སྦྱོར་བྱས་ནས། །གཞན་ལ་རྫོགས་ཚེ་བཅས་དཔྱད་པ་ཆེས་གྱུར་ཀྱང༌། །ན་སྨད་དོན་གྱི་སྦྱོར་ལྟུང་སོར་གནས་ལས། །འབྱིན་ལྷག་མི་བསྐྱེད་སྦྱོར་བའི་དོགས་གཅོད་དོ། །རེག་ཕམ་རྫོགས་བྱས་མ་ཡང་མཚན་གྱུར་ན། །བཅས་པ་ཆུང་འགྱུར་ན་སྨད་དེ་ཡིན་ནོ། །འོ་ན་གང་དུ་མཚན་གྱུར་རྟེན་དེ་ལ། །གང་བཅས་ལྟུང་བར་ངེས་སམ་ཞེ་ན་མིན། །འབྱིན་པའི་ལྟུང་བྱེད་བྱུང་བའི་དགེ་སློང་མ། །ཕར་གྱུར་ཚེ་ཡང་ལྷག་མར་མི་འགྱུར་ཏེ། །ཆུང་ལས་ཆེར་མི་འགྱུར་ཞེས་བཤད་ཟིན་ཅིང༌། །ན་སྨད་པ་ནི་རང་གི་ཉིད་གསུངས་ཕྱིར། །དགུ་ནས་གྱུར་ན་དགུ་པོ་ཞག་གཅིག་ཆ། །འཁོར་མང་ཉེར་འཇོག་ལྡན་པ་ཕར་གྱུར་ཚེ། །བཅས་པའི་ཞིང་མིན་ཕྱིར་ན་གཏན་ཉམས་འགྱུར། །གྱུར་ཚེ་འབྱིན་པའི་ལྷག་མ་དག་གསུངས་ཀྱང༌། །སླར་ཡང་གྱུར་ན་སྤོ་མགུ་དབྱུང་གསུམ་དགོས། །རེག་ཕམ་སླར་ལྡོག་མི་ལྡོག་དཔྱད་བྱ་འོ། །བཅབ་ཡུལ་མཚན་མཐུན་ཡིན་ཕྱིར་གྱུར་ཚེ་ཉམས། །མགུ་སྤྱོད་ཚེ་གྱུར་སྔ་མ་དོན་མེད་པས། །གཞི་ནས་ཟླ་ཕྱེད་དམ་ཞག་དྲུག་མགུ་བ་སྤྱོད། །ཁ་ཅིག་ཐུན་མོང་མ་ཡིན་ལྷག་མ་རྣམས། །གྱུར་ཚེ་དག་ཕྱིར་མགུ་སྤྱད་དོན་མེད་ཀྱང༌། །ཐུན་མོང་ལྷག་མར་སྔར་གྱི་ཞག་བགྲང་ཟེར། །རང་ལུགས་བཅས་པའམ་ཆོ་ག་འགྱུར་ཕྱིར་རོ། །
ཡུལ་ལ་བཞི་ལས་དང་པོ་འདས་མ་འོངས། །ལ་བརྟེན་དོགས་པ་བཅད་ནས་ད་ལྟའི་ལུས། །ལྟུང་བའི་ཡན་ལག་སྟོན་པར་དེའི་ཚེ་ལུས། །ཞེས་གསུངས་སྐྱེས་པར་རེག་པའི་སྦྱོར་བྱས་མཐར། །གྱུར་ན་མོ་ཉིད་ལྷག་མའི་བྱེད་པོ་ཡིན། །དམིགས་བསལ་མཚན་མེད་མངལ་ལ་སྨྱན་བྱེད་དང༌། །ཁང་ཆེན་རྨང་བཙུགས་ཚེ་ན་སྲོག་ཆགས་བསད། །མཐའ་ལ་སྲོག་ཆགས་མེད་ཀྱང་ལྷག་མ་བསྐྱེད། །དང་པོ་རྩོད་བཅས་གཞིར་བརྩིགས་མཐར་ཞི་ཡང༌། །གཉིས་པ་སྐྱེ་གནས་གཞན་བརྟེན་དོགས་བཅད་ནས། །རང་འགྲོར་གཏོགས་པ་བྱེད་པོར་སྟོན་པ་ནི། །ཁྲུང་ཁྲུང་ལས་སྐྱེས་གནས་བརྟན་གྲགས་དང་ནི། །ཉེ་གྲགས་ལྟ་བུའང་བསད་ན་ཕམ་པར་འགྱུར། །མིས་བསྐྱེད་མི་མིན་དུད་འགྲོའང་རང་རང་གི །འགྲོ་བ་ཡིན་ཕྱིར་སྦོམ་པོ་ལྟུང་བྱེད་རྟེན། །འདི་མི་མཚུངས་པ་ཟད་པར་འབྱུང་བཞིན་སྦྱར། །གསུམ་པ་དབྱིབས་དང་མདོག་བརྟེན་དོགས་བཅད་ནས། །ཤེས་རྒྱུད་གར་གཏོགས་བྱེད་པོར་སྟོན་པ་ནི། །མི་སྦྲུལ་དུད་འགྲོ་དུད་འགྲོར་འདུ་ཤེས་ཀྱང༌། །སྦྱོར་བར་ཉེས་བྱས་བསད་ན་ཕམ་པ་སྐྱེ། །ལྷས་སྦྱིན་བསམ་པས་མཆོད་སྦྱིན་བསད་ལ་མིན། །རྒྱུད་ཐ་དད་ཕྱིར་འདིར་ནི་རྒྱུད་གཅིག་པའི། །ཆ་ལ་མ་འཁྲུལ་དེ་ཉིད་ངོས་བཟུང་ཕྱིར། །དགྲ་བཅོམ་འདུ་ཤེས་མེད་ཀྱང་ཕ་བསད་ན། །དེ་དང་གཅིག་ཕྱིར་མཚམས་མེད་གཉིས་འབྱུང་བཞིན། །འདིར་དྲངས་མཛོད་འགྲེལ་རིན་ཕྲེང་ཊཱིཀྐ་མཐུན། །གལ་ཏེ་དངོས་གཞི་ཕམ་ན་སྦྱོར་སྦོམ་འགྱུར། །མ་ངེས་སྦྱོར་མེད་བརྐུ་ཕམ་འདི་ཉིད་ལས། །སྦྱོར་ལ་དེ་མེད་དེ་མ་བྱས་ཉིད་མིན། །ཞེས་སོ་མཚོ་ཊཱིཀ་ལས་ནི་ཊཱིཀྐ་བཀག །མཚམས་མེད་སྒོ་གཉིས་ནས་ནི་སྤྱོས་སོ་གསུངས། །བཞི་པ་ཡོན་ཏན་ཆ་ལ་དོགས་བཅད་ནས། །འཕེན་པ་གཅིག་བསྡུས་བྱེད་པོར་སྟོན་པ་ནི། །གནས་སྐབས་གཞན་ཐོབ་པ་ནི་གཞན་མིན་གསུངས། །བསྣུན་འོག་དགྲ་བཅོམ་མིན་གསུངས་དང་མི་འགལ། །
ལྟུང་ཐ་དད་རྒྱུ་སེལ་བ་དང་བཅས་ལ། །དངོས་དང་ཞར་བྱུང་གཉིས་སོ་དངོས་ལ་ཡང༌། །བསླབ་རྒྱུན་ཐ་དད་ལ་བརྟེན་ལྟུང་ཐ་དད། །ཀུན་སློང་གི་རྒྱུན་ཐ་དད་བཅས་པའི་རིགས། །ཐ་དད་ཀུན་སློང་རྣམ་པ་ཐ་དད་དང༌། །འབྲས་བུ་ཐ་དད་ལ་བརྟེན་ལྟུང་ཐ་དད། །དང་པོ་ཉེས་དེ་མེད་ལ་འོང་ཐ་དད། །ཞེས་སོ་སྦྱོར་དངོས་བར་དུ་ཉེས་པ་དེའི། །བཅས་མེད་ཁྱིམ་པས་ཆོད་ན་སྦྱོར་དངོས་ཀྱི། །ན་སྨད་ཐ་དད་སྐྱེ་འོ་སྟན་གྱིས་མཚོན། །གཉིས་པ་སྟོན་པར་བཏང་བ་ཡང་ངོ་གསུངས། །ཁང་ཆེན་བརྩིགས་འཕྲོར་འདུན་ལོག་སླར་ཡང་འཕྲོ། །བསྒྲུབ་ན་སྔར་བཞིན་ན་སྨད་ཐ་དད་སྐྱེ། །
གསུམ་པ་གཅིག་ལ་དུ་མ་བཅས་སོགས་གསུངས། །དུ་མ་ཅིག་ཅར་འབྱུང་ཚུལ་ཞུ་བ་ལས། །དགེ་སློང་སྐད་ཅིག་སྤྱད་པས་ལྟུང་བ་བཞིན། །འགྱུར་བ་མཆིས་སམ་ཨུ་པ་ལི་ཡོད་དེ། །བྱིན་ལེན་མ་བྱས་མི་རུང་གསོག་འཇོག་ཏུ། །བཞག་པར་གྱུར་པ་དུས་མིན་ཟ་བ་འོ། །ཞེས་གསུངས་རིན་ཕྲེང་ལྡོག་ཆས་ཕྱེ་བར་གསུངས། །བཞི་པ་ལ་གཉིས་ཀུན་སློང་ཐ་དད་ཀྱི། །དབྱེ་བ་དངོས་དང་དམིགས་བསལ་མཚོན་དཔེར་བཅས། །དང་པོ་དེ་ཡི་ཆ་ནི་དེར་གཏོགས་གསུངས། །མཚོ་ཊཱིཀ་ཆ་ཅན་མི་ཚངས་སྤྱོད་ཀྱི་ཆ། །འབྱིན་སོགས་ཆ་དེར་གཏོགས་ཞེས་ཆ་ཅན་དུ། །གཏོགས་པ་འགོག་ཆེད་གསུངས་པ་ཊཱིཀྐ་ལས། །ལྷག་མ་བཤད་དང་མི་ཟློས་མདོ་འདི་ཡིས། །འབྱིན་སེམས་ཀྱིས་ཕྱུང་ཕམ་པའི་སྦྱོར་སྦོམ་དུ། །ཧ་ཅང་ཐལ་བ་སེལ་ཕྱིར་གསུངས་དང་མཐུན། །རིན་ཕྲེང་ཆ་ལ་གཉིས་ཏེ་ཆ་ཤས་དང༌། །ཆར་གཏོགས་གོ་འབྱིན་སོགས་ཕྱི་མར་བཤད་པ་ཡིས། །དེར་འདུས་སྦྱོར་སྦོམ་ལྟ་བུ་ཆ་ཤས་ཀྱི། །ལྟུང་བ་ཡིན་པ་གཅོད་གསུངས་གནད་གཅིག་གོ །རྒྱུ་མཚན་དེ་གཉིས་ཀུན་སློང་གཞན་ཕྱིར་རོ། །དམིགས་བསལ་ཕྱུངས་པ་ཐམས་ཅད་ལ་སོགས་གསུངས། །རྨ་སྒོ་གསུམ་ལ་འབྱིན་པའི་བསམ་པ་ཡིས། །ཕྱུངས་ཀྱང་མཐར་འགྱུར་གཞན་ཀུན་ལྷག་མ་སྟེ། །མི་ཚངས་སྤྱོད་འདོད་ཀྱིས་ན་སྤོམ་པོར་འགྱུར། །ལྔ་པ་བྱ་བ་དུ་མའི་འབྲས་སོགས་གསུངས། །ཉུང་ངུ་བརྐུས་པ་བསྡོམ་ཀྱང་ཕམ་པ་མིན། །སེལ་བ་ཕྱེད་བྱས་ལ་ཕྱེད་ཕྱེད་སོགས་གསུངས། །ཁང་པ་ཁང་ཆེན་འཁྲུར་འཇུག་དང༌། །སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་བལ་རྨེལ་ཐ་ག་གཉིས། །རིམ་ལྷག་བཟོ་བྱེད་ཁབ་རལ་བདུན། །བཅུ་དགུ་རིན་འཕྲེང་གསུངས་སོ་སྐུར་འདེབས་སྐབས། །ཕམ་པའི་ལྷག་མ་ལྷག་མའི་ལྟུང་བྱེད་ལྟར། །ལྟུང་བྱེད་ཀྱིས་སྐུར་ཉེས་བྱས་ཡིན་ཏེ་འདིར། །ན་སྨད་དག་གི་ཆ་ནི་ན་སྨད་གསུངས། །
བསམ་པའི་ཡན་ལག་སེལ་བ་དང་བཅས་ལ། །བསམ་པའི་ཡན་ལག་དང་ནི་ཞར་བྱུང་གཉིས། །དང་པོར་དངོས་དང་ཧ་ཅང་ཐལ་སྤང་གཉིས། །དང་པོ་ཐམས་ཅད་ཐེ་ཚོམ་ཞེས་གསུངས་སོགས། །དངོས་གཞི་བསྐྱེད་ལ་ཡུལ་ངེས་མི་དགོས་ཏེ། །མི་འམ་དུད་འགྲོ་ཡིན་ཡང་གསོད་སྙམ་ན། །ཀུན་སློང་སྤྱི་ཞུགས་ཡོད་ཕྱིར་ཕམ་སོགས་འབྱུང༌། །དུད་འགྲོར་མི་འོ་སྙམ་ན་སྦྱོར་བ་ལ། །ཕམ་པའི་སྤོམ་པོ་འབྱུང་ཞིང་མི་དུད་འགྲོར། །འཁྲུལ་སྦྱོར་ཉེས་བྱས་སྐྱེ་སྟེ་སྦྱོར་བ་ལ། །འདུ་ཤེས་ཡན་ལག་ཕྱིར་རོ་དངོས་གཞི་ལ། །དོན་ཉིད་ཡན་ལག་ཕྱིར་ན་གང་བསད་པ། །བསམ་པ་དེ་ཉིད་ཡིན་གསུངས་རྒྱུད་གཞན་མིན། །གཉིས་པ་ཧ་ཅང་ཐལ་བ་སྤང་བ་ནི། །མི་ཚངས་སྤྱོད་དང་ཁུ་བ་ཞེས་སོགས་གསུངས། །ལྟུང་བ་ཀུན་ལ་དོན་དང་འདུ་ཤེས་ཕྲད། །དགོས་ན་ཧ་ཅང་ཐལ་ཏེ་འཁྲིག་འབྱིན་ལ། །རེག་བྱ་གཙོ་ཕྱིར་ཡུལ་ནི་ནོར་ཀྱང་སྐྱེ། །དོན་གོ་གཙོ་ཕྱིར་སྨྲ་ཡུལ་ནོར་ཡང་རྫུན། །རྫོགས་འགྱུར་འདི་ནི་འོད་ལྡན་རྩ་བར་ཡང༌། །འཁྲིག་པ་ལ་ནི་འདུ་ཤེས་གཙོར་བྱ་མིན། །ཞེས་གསུངས་འདུ་ཤེས་གཙོ་བའི་དོན་ལ་ཡང༌། །མ་འཁྲུལ་ངེས་བཟུང་མི་འཐད་འཁྲུལ་མ་འཁྲུལ། །གང་རུང་ངེས་བཟུང་མིན་ཏེ་བྱིན་འཕྲོག་ལ། །གཉིས་ཀ་ཚང་ཕྱིར་གསོད་སོགས་སྦྱོར་དངོས་ལ། །དོན་མི་གཙོ་ལ་དོན་མི་དགོས་པ་མིན། །ཞར་བྱུང་ཡན་ལག་ཐམས་ཅད་དང་བླང་གསུངས། །
ལྔ་པ་ཡན་ལག་སེལ་བ་སྟོན་པ་ལ། །འོག་མ་དག་ལ་གཞན་ལ་ན་སྨད་གསུངས། །འོག་ནས་འཆད་འགྱུར་ཡན་ལག་ཚང་བ་ལས། །གཞན་འགྱུར་མ་ཚང་བ་ལ་ན་སྨད་དེ། །དེ་ཡང་ཡན་ལག་བཅོ་བརྒྱད་མཚོ་ཊཱིཀ་ལས། །རྫུ་འཕྲུལ་ཅན་མིན་མ་ཉམས་ལུས་དངོས་དང༌། །ཐ་སྙད་ཡན་ལག་ལྔ་དང་ཁྱིམ་པ་དང༌། །བསྙེན་རྫོགས་རྣམ་དག་མཚན་དང་ལྟ་བ་མཐུན། །རུང་བ་ཚད་ལྡན་རང་དོན་རང་ཉིད་ཀྱི། །བདག་དང་འབྲེལ་བ་ངག་ཏུ་སྨྲས་པ་སྟེ། །འོག་ནས་སྟོན་པ་ཡན་ལག་བཅོ་བརྒྱད་དོ། །ཞེས་གསུངས་ཉམས་པས་རེག་ལ་ན་སྨད་སྐྱེ། །ཡུལ་ཡང་ཉམས་ན་དུ་མ་མ་ཚང་ཕྱིར། །དེ་བས་ན་སྨད་ཉེས་བྱས་ཙམ་ཞིག་བསྐྱེད། །ཡན་ལག་གཅིག་ཙམ་མ་ཚང་བ་ཡིས་ཀྱང༌། །དེ་བས་ན་སྨད་འབྱུང་སྲིད་མིས་བསྐྱེད་རྣམས། །བླུན་ཕྱིར་དུད་འགྲོར་རྟེན་འབྱུང་རེག་པ་བཞིན། །བསྟན་བཅོས་ལས་བཤད་དུད་འགྲོ་མི་མིན་གཏོགས། །ལྟུང་མེད་འགྱུར་དང་ལྟུང་གཞན་འགྱུར་སོགས་མང༌།།
ཚན་ཚན་ཡན་ལག་བྱེ་བྲག་བཤད་པ་ལ། །གཞི་ཡི་ཡན་ལག་བསམ་པའི་ཡན་ལག་དང༌། །སྦྱོར་བ་མཐར་ཐུག་གི་ནི་ཡན་ལག་གསུམ། །དང་པོར་སེམས་ཅན་ཡིན་མིན་ལས་གྱུར་གཉིས། །དང་པོར་མཚན་མི་མཐུན་པ་ལས་གྱུར་དང༌། །ཐ་སྙད་ལས་གྱུར་ཁྱིམ་དང་རབ་བྱུང་ལས། །གྱུར་པ་བཞི་འོ་དང་པོར་དངོས་ཞར་བྱུང༌། །དངོས་ནི་རྫུ་འཕྲུལ་ཆོས་ཅན་ཞེས་སོགས་གསུངས། །རྫུ་འཕྲུལ་ཅན་ལས་ཕམ་ལྷག་གསུམ་མ་གཏོགས། །ཆགས་པ་དགག་བྱར་བྱས་པའི་ལྟུང་བ་རྣམས། །དངོས་མེད་བྱ་བཞིན་མངོན་ཞེན་མི་རྫོགས་ཕྱིར། །བྱ་འདུལ་རྫུ་འཕྲུལ་སྟོན་བཞིན་པ་ལ་བཤད། །ཤ་མི་ཐོབ་ལ་བཤད་པ་ཊཱིཀྐར་མཐུན། །བུད་མེད་ལ་བསྟེན་ཉེར་བཞི་རིན་ཕྲེང་ལས། །རེག་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། །འཁྲུ་ལེན་བལ་རྨེལ་ཆོས་སྟོན་དང༌། །མ་བསྐོས་སོགས་དང་ཉལ་ཤོམ་གཉིས། །ཉལ་འགྲོ་སོར་བཤགས་དང་པོ་གཉིས། །ཞེས་གསུངས་འོན་ཀྱང་མཚོ་ཊཱིཀ་ལས། །མ་བསྐོས་སྟོན་པའི་བཅུ་ཚན་ལས། །སྐུར་འདེབས་མ་གཏོགས་དགུ་དག་དང༌། །ཞེས་གསུངས་བསླབ་བྱ་ཆེན་མོར་ཡང༌། །སྐུར་འདེབས་ཡུལ་ལ་དགེ་སློང་ཆོས། །བརྒྱད་ལྡན་དགོས་པར་གསུངས་སོ་ལོ། །ཟས་ཅུང་ཕྱིར་སྟོན་མི་བགྲང་ན། །བཅུ་ཚན་དེ་ནི་ཕའི་ཐུན་མོང༌། །མ་ཡིན་ལྟུང་བར་མི་འགྱུར་ཞིང༌། །ཟས་ཅུང་སྟོན་པས་ལྟུང་མེད་འགྱུར། །ཞར་བྱུང་རེག་བྱ་མ་ཉམས་ཞེས་སོགས་གསུངས། །རྣམ་པར་བསྔོས་བརྣག་འབུས་གཞིག་ཕམ་པ་མོ། །ཟོས་དམར་འཐོར་འཚིགས་རུས་པ་ལ་སོགས་ཉམས། །
གཉིས་པ་དངོས་དང་སེལ་བ་རེག་དེ་དང༌། །འདྲར་བསྟན་གསུམ་མོ་མི་ཡི་འགྲོ་བ་པ། །སོགས་གསུངས་ཐ་སྙད་སྤྱིས་བར་བསྐྱེད་བཅུ་གཉིས་ནི། །སྨྱན་གྱིས་སྤྲད་བྱའི་བདག་པོ་དང༌། །ཁང་པའི་བཙལ་བྱ་ཁང་ཆེན་ཆེད། །མི་ཆོས་བླ་མ་སྐུར་འདེབས་གསུམ། །ཁྱིམ་སུན་ཤེས་བཞིན་བཤེས་ངོ་དང༌། །ཟས་ཅུང་སྡིག་ལྟ་བརྗོད་པ་ཡི། །གོ་བྱའི་ཡུལ་ཕྱིར་བཅུ་གཉིས་སོ། །མ་རྫོགས་པ་སྤྱིས་བསྐྱེད་པ་ནི། །འདོན་དང་གནས་ངན་ལེན་དང་ཆོས། །ནུབ་ལྷག་མ་ལོན་པ་དང་ལྔ། །བུད་མེད་སྤྱི་ཡིས་བསྐྱེད་པ་ནི། །འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། །དབེན་པར་འདུག་དང་ཉལ་དང་དྲུག །ཁྱིམ་པས་བསྐྱེད་པ་སོ་ལྔ་དང༌། །རྐུ་གསོད་ལྔ་པོ་མ་གཏོགས་པ། །བཅོལ་རྫོགས་ཕོ་ཉ་རྣམས་ཞེས་གསུངས། །བུད་མེད་སྤྱིས་བསྐྱེད་ཁྱིམ་པ་ཕོ་དང་མོ། །ཁྲོ་ནས་བསྐྱེད་པ་རྣམས་ལ་མཚན་གཉིས་པ། །དོན་བྱེད་ནུས་པ་ཡན་ལག་ཉིད་དུ་རུང༌། །ཞར་བྱུང་རེག་པ་ཐ་སྙད་འདྲ་གསུངས་ཀྱང༌། །ཤེས་པ་མི་གནས་ཕལ་བཞི་ལྐུགས་པ་དང༌། །དོན་མི་གོ་ལ་རེག་པའི་ལྷག་མ་འབྱུང༌། །དེར་ཡང་མི་ཡིན་དགོས་ལ་ཤེས་རང་བཞིན། །གནས་པའི་ཕྱེད་ཕྱིར་ཐ་སྙད་ཕྱེད་གཉིས་བསྐྱེད། །དེ་དག་རྫུན་སྨྲས་ཐ་སྙད་ཡུལ་མ་ཡིན། །དེ་གཉིས་སྨྲ་ཤེས་དོན་གོ་མ་ནིང་མིན། །ཐ་སྙད་ལྔ་འོ་ཁྱིམ་པས་བསྐྱེད་པ་རྣམས། །མཚན་དོན་མཐུན་ཕྱིར་མ་ནིང་མིན་པར་གྲུབ། །དེ་ཕྱིར་ལྔ་ལྡན་ཡིན་ཡང་བཞི་ལྡན་ཟེར། །རབ་བྱུང་གིས་བསྐྱེད་རྣམས་ནི་གསུམ་ལྡན་ཏེ། །མིར་ཡང་གྲུབ་ཕྱིར་རོ་མཚན་གཉིས་དོན་ཡོད་དང༌། །མ་ནིང་ཉིད་གྱུར་རབ་བྱུང་ཡོད་པས་དཔྱད། །ཐ་སྙད་ཁྱབ་པ་མཚོ་ཊཱིཀ་ལས། །རྐུ་དང་སྲོག་གཅོད་མ་གཏོགས་པ། །མི་ཡིན་ངེས་བཟུང་ཀུན་ལ་སྦྱར། །བཅོལ་ཡང་རྫོགས་པ་སུམ་ཅུ་གཉིས། །རྐུ་དང་སྲོག་གཅོད་བཞི་བཀོལ་བའི། །ལྷག་མ་ཉི་ཤུ་བདུན་ལ་སྦྱར། །ཞེས་གསུངས་དོན་ནི་བཙལ་བར་བྱ། །ཁྱིམ་པ་ལས་གྱུར་ཕྱི་བའི་རབ་བྱུང་བ། །སོགས་གསུངས་ཁྱིམ་པ་ཕ་ཡིས་བསྐྱེད་པ་ནི། །ཉལ་ཤོམ་གཉིས་དང་དམག་གསུམ་དང༌། །རྐུན་མ་དང་འགྲོ་དྲུག་ཡིན་ནོ། །ཁྱིམ་པ་མོ་ཡིས་བསྐྱེད་པ་ནི། །ཆོས་སྟོན་པ་དང་ཉལ་ཤོམ་གཉིས། །ལམ་དུ་འགྲོ་དང་རྣམ་པ་བཞི། །གང་ཡང་རུང་བས་བསྐྱེད་པ་ནི། །ཁྱིམ་སུན་འབྱིན་དང་སློང་སོགས་ལྔ། །མངོན་ཚན་ཉོ་ཚོང་ལྷུང་བཟེད་ཚོལ། །འཐག་གཉིས་རས་ཆེན་བདག་གིར་བྱེད། །སྦྱོར་བཅུག་ཡང་ཡང་ཟ་བ་དང༌། །འདུག་གནས་ཕྱེ་དང་བསོད་པ་དང༌། །ཟན་གཅོད་མགྲོན་གཉེར་མ་སྨྲས་འགྲོ། །གྲོང་རྒྱུ་ཕོ་བྲང་འཇུག་པ་དང༌། །སོར་བཤགས་བཞི་སྟེ་ཉི་ཤུ་བདུན། །ཉལ་ཤོམ་གཉིས་གཉིས་སྡོམ་པས་སུམ་ཅུ་ལྔ། །བསྔོས་བསྒྱུར་འདུལ་འཛིན་གསུངས་ཡང་བམ་ལྔར་མིན། །དགེ་སློང་མ་ལས་ཟས་ལེན་འདིར་བགྲང་བ། །གནས་ཀྱི་ཆ་ནས་ཡིན་ཞེས་མཚོ་ཊཱིཀ་གསུངས། །ཕྱི་པ་ཉམས་མ་སྐྱེས་དང་དགེ་ཚུལ་གཉིས། །དགེ་སློབ་མ་སྟེ་རྟགས་ཅན་དྲུག་པོ་ལས། །ཁྱིམ་པས་བསྐྱེད་པ་རྣམས་ནི་ན་སྨད་གྱུར། །མ་རྫོགས་སྤྱིས་བསྐྱེད་བསླབ་བྱིན་གྱིས་ཀྱང་བསྐྱེད། །མཚོ་ཊཱིཀ་ལྔ་གསུངས་མ་ལོན་དཔྱད་པར་བྱ། །
དགེ་སློང་ཕ་ཡིས་བསྐྱེད་པ་ནི། །མཚན་མཐུན་དགོས་པ་བཞི་བཅུའི་སྟེང༌། །སྐྲོད་པ་ཟས་ཅུང་གདེངས་མ་ལོན། །གྲལ་རིམ་ནགས་བརྟགས་བཞི་བཅུ་དྲུག །དགེ་སློང་མ་ཡིས་བསྐྱེད་པ་ནི། །འཁྲུ་དང་ལེན་དང་རྨེལ་བ་དང༌། །མ་བསྐོས་སོགས་དགུ་འདུག་མ་གཏོགས། །སོ་སོར་བཤགས་པ་དང་པོ་གཉིས། །དེ་ལྟར་ད་ནི་བཅུ་བཞི་འོ། །རྫོགས་པ་སྤྱིས་བསྐྱེད་སྐུར་འདེབས་གསུམ། །རབ་བྱུང་སྤྱིས་བསྐྱེད་རྣམ་གཉིས་ཏེ། །སྦེད་དང་མ་སྨྲས་གྲོང་རྒྱུ་བའོ། །དགེ་ཚུལ་སྤྱིས་བསྐྱེད་བསྙིལ་བ་འོ། །དེ་ལྟར་འདི་བའི་བསྐྱེད་པ་ལྔ། །མུ་སྟེགས་ཅན་གྱིས་བསྐྱེད་པ་གཉིས། །འདུག་གནས་དང་ནི་གཅེར་བུ་འོ། །རིན་ཕྲེང་ལས་སོ་ལྟ་བ་མཐུན་པའི་དོན། །གཞི་དེས་ཕམ་སོགས་བསྐྱེད་པར་འདོད་མཚུངས་སོ། །བྱེ་མདོས་བདག་དང་བདག་མེད་ལྟ་སོགས་མིན། །མཚོ་ཊཱིཀ་འཐད་དང་མི་འཐད་ཚུལ་གཉིས་བཤད། །སྡིག་ལྟ་སྤངས་བསྙིལ་གསུམ་ལ་ལྟ་མི་མཐུན། །སེལ་བར་མི་འགྱུར་དེ་ཉིད་ཡན་ལག་ཕྱིར། །ལྟ་ལའང་རྩོད་པ་འབྱུང་ཕྱིར་ཉན་རྣ་ཡང༌། །
གཉིས་པ་སེམས་ཅན་མིན་ལས་གྱུར་པ་གསུམ། །གོས་ཀྱིས་བསྐྱེད་པ་སོ་དྲུག་མཚོ་ཊཱིཀ་ལས། །སྤང་ལྟུང་བཅུ་ཚན་དང་པོ་དང༌། །སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོ་གང་ལམ་དང་ནི། །རྨེལ་བ་དང་ནི་ཐ་ག་གཉིས། །བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང༌། །དགོན་པ་བ་དང་རས་ཆེན་དང༌། །བསྔོས་བསྒྱུར་བཤེས་ངོ་གནས་མལ་དང༌། །གོས་གཉིས་ཁ་བསྒྱུར་སྦེད་དང་གདེངས། །བདལ་ལ་སོགས་པ་ཐ་མ་ལྔ། །གསུངས་སོ་འོན་ཀྱང་རིན་ཕྲེང་ལས། །འཕྲོག་པ་སྦེད་པ་ཡོ་བྱད་ཙམ། །ཡིན་ལ་ཁྲི་ནས་ཁྲི་ལས་ཀྱང༌། །ཞེས་གསུངས་ལྷུང་བཟེད་ཁབ་རལ་གསུམ། །སྣོད་སྤྱད་ལས་སོ་རིན་འཕྲེང་ལས། །ཟས་ལ་བརྟེན་པ་ཉེར་གཅིག་སྟེ། །གསོག་འཇོག་སྦྱོར་བཅུག་ཡང་ཡང་སོགས། །གཅེར་བུ་བདེ་དང་མགྲོན་གཉེར་དང༌། །ཆང་དང་ཟས་བཅས་སོར་བཤགས་བཞི། །གོས་རྒྱུ་བདུན་པོ་ཁ་དོག་ངུར་སྨྲིག་དང༌། །དམར་སྔོན་དཀར་ནག་ལྔ་འོ་སུམ་བརྒྱ་བར། །མཚལ་དང་དེ་བཞིན་རྒྱ་སྐྱེགས་བཙོད་རྣམས་དང༌། །གུར་ཀུམ་དག་དང་ཐང་ཤིང་ལི་ཁྲི་དང༌། །སྨྲ་ཤིང་ལེབ་རྒན་རྩི་རྣམས་མི་རུང་སྟེ། །བརྒྱད་པོ་ཚོན་ཆེན་ཡིན་པས་བཀག་ཕྱིར་རོ། །རང་ཚད་ཀྱིས་བསྐྱེད་རིན་ཕྲེང་ལས། །འབྲལ་བ་འཁྲུག་འཇུག་སློང་སོགས་བཞི། །སྲིན་བལ་ལ་སོགས་རྣམ་པ་དྲུག །དགོན་པ་རས་ཆེན་ཁྲི་གོས་བྱེད། །5སྲིད་དང་གདེངས་མེད་བདལ་སོགས་ལྔ། །དེ་ལྟ་ཉི་ཤུ་རྩ་ལྔ་འོ། །ཞེས་གསུངས་འདུལ་འཛིན་བཅུ་དགུར་གསུངས། །སྤྱི་ཚད་ཀྱིས་བསྐྱེད་འདུལ་འཛིན་གྱིས། །འཆང་བ་འཇོག་པ་ལེན་པ་དང༌། །སློང་དང་སློང་བར་རིགས་པ་དང༌། །སྤགས་དང་སོ་སོར་སྤགས་པ་དང༌། །བསྐུར་དང་བལ་རྨེལ་ཐ་ག་གཉིས། །བྱིན་འཕྲོག་6བརྟད་བྱུང་བསྔོས་བསྒྱུར་དང༌། །བཤེས་ངོར་བྱེད་དང་གོས་བྱིན་དང༌། །ཁ་མ་བསྒྱུར་ཏེ་བཅུ་བདུན་ནོ། །སྔ་མར་རང་ཚད་འདིར་མཆུ་ཞེང༌། །གཉིས་ཀར་ཁྲུ་གང་ལོངས་པས་ཆོག །བསམ་པའི་ཡན་ལག་རང་གི་དོན། །གཙོ་ཆེར་ཡོད་གསུངས་རིན་ཕྲེང་ལས། །བླ་མ་འཁྲིག་ཚིག་བསྙེན་བཀུར་དང༌། །འབྲལ་བ་གཉིས་དང་བྱིན་འཕྲོག་དང༌། །བརྟད་པ་མ་གཏོགས་ཉི་ཤུ་དྲུག །བླ་མ་འཕྱ་བ་སྦྱོར་བཅུག་དང༌། །ཡང་ཡང་འདུག་གནས་ཕྱེད་དང་ནི། །བསོད་པ་མེ་དང་མགྲོན་གཉེར་དང༌། །ཁབ་རལ་བདལ་བ་སོགས་པ་ལྔ། །སོར་བཤགས་བཞི་སྟེ་བཞི་བཅུ་བརྒྱད། །མཚོ་ཊཱིཀ་བཞི་བཅུ་རྩ་དྲུག་གསུངས། །འཆང་གཉིས་ཟླ་འཇོག་རས་ཆེན་རྣམས། །གཞན་ཕྱིར་ཡིན་ན་ལྟུང་མེད་འགྱུར། །སྦྱོར་བ་མཐར་ཐུག་ཡན་ལག་ལ། །ཐུན་མོང་དོགས་གཅོད་ཞར་བྱུང་དང༌། །སྦྱོར་བ་བྱེ་བྲག་བཤད་པ་གསུམ། །དང་པོ་རྣམ་རིག་དོན་གོ་གསུངས། །མཐར་ཐུག་དོན་གོ་དགོས་པ་ནི། །བླ་མ་འཁྲིག་ཚིག་བསྙེན་བཀུར་དང༌། །གཞི་མེད་བག་ཙམ་ཤེས་བཞིན་བཅུ། །འཕྱ་བ་བསྒོ་བ་ཕྱིས་གནོན་དང༌། །མ་སྐོས་ཉི་ནུབ་ཟས་ཅུང་དང༌། །སྟོབས་པ་བདེ་དང་འདུན་པ་སྨྲ། །དགེ་ཚུལ་འགྱོད་པ་སྔངས་བྱེད་དང༌། །གཞི་མེད་བསླབ་པ་ཉན་རྣ་དང༌། །མ་གུས་ད་གདོད་སུམ་ཅུ་གསུམ། །རང་ངག་ཁོ་ནས་བྱེད་པ་ནི། །དེ་ལས་ཕྱིས་གནོན་སྤངས་པ་གཉིས། །སྔངས་བྱེད་ཉན་རྣ་མ་གུས་པ། །མ་གཏོགས་ཉི་ཤུ་རྩ་བདུན་དང༌། །བསྒོ་གྱུར་བཞི་དང་འཁྲུ་བ་ནས། །སོ་སོའི་བར་དྲུག་རྨེལ་བ་དང༌། །མངོན་ཚན་ཉོ་ཚོང་ལྷུང་བཟེད་ཚོལ། །རས་ཆེན་ཚོལ་དང་སྡིག་ལྟ་དང༌། །མ་ལོན་པ་སྟེ་བཞི་བཅུ་བཞི། །ལུས་ངག་གང་རུང་བྱེད་པ་ཅན། །བསྐུར་བ་བརྟད་པ་བསྔོས་བསྒྱུར་དང༌། །ཕྱིས་གནོན་གོས་སྟེར་བཤམས་དཀྲུག་དང༌། །སྤངས་པ་གསུམ་དང་མ་གུས་པའོ། །ལུས་ངག་གཉིས་ཀ་དགོས་པ་ནི། །དེ་གསུམ་བསོད་སློང་ཟས་ལེན་པའོ། །གཞན་ལ་བཅོལ་ཡང་རྫོགས་པ་ནི། །རྐུ་དང་གསོད་པ་བཞི་དང་སྨྱན། །ཁང་པ་ཁང་ཆེན་སྲིན་བལ་དང༌། །འབའ་ཞིག་ཆ་གཉིས་དྲུག་དང་གསེར། །ཐག་གཉིས་བྱིན་འཕྲོགས་ས་བོན་སྐྲོད། །7རེག་ལྷག་མེ་རེག་རིན་ཆེན་རེག །ཆུ་དང་སྔངས་བྱེད་སྦེད་པ་དང༌། །ས་རྐོ་ཁབ་རལ་ལ་སོགས་བདུན། །སུམ་ཅུ་གཉིས་ཏེ་ཁྲི་གདིང་གི །འདིང་བ་སོར་བཤགས་མཐའ་གསུམ་གྱིས། །ཟས་ལེན་བཅོལ་ཡང་འགྲུབ་པ་ཡིན། །རིན་ཕྲེང་ལས་སོ་གསོད་རྐུ་ལས། །གཞན་ལ་སྨྲ་བོ་མ་ཡིན་པར། །ཡོད་པའི་རྣམ་རིག་ཡན་ལག་མིན། །ཞར་བྱུང་ཡང་དག་ལེན་བྱེད་གསུངས། །སྡོམ་པ་ལེན་པ་སྨྲ་བ་པོར། །མ་ཟད་ལྐུག་པར་ཡོད་པ་ཡི། །དོན་གོ་བ་ཡང་ཡན་ལག་འགྱུར། །དབུས་པའི་སྐད་ཀྱིས་མཐའ་བབ་སྒྲུབ། །སྨྲ་བོས་དོན་གོ་མཐོལ་བཤགས་སྣོད། །སྦྱོར་བ་བྱེ་བྲག་བཤད་པ་ནི། །ངག་རང་བདག་འབྲེལ་གསུམ་དངོས་བསྟན། །གསལ་ལ་མངོན་སུམ་མ་ནོར་གསུམ། །བསྣན་པས་ལྔ་འམ་དྲུག་ལྡན་དགོས། །གཞན་ཡང་ཉེ་དུ་མིན་དགོས་པ། །ཉེར་དགུ་རང་ལུས་དགོས་ཞེ་དགུ། །གང་ཟག་གིས་བསྐྱེད་རྗེས་ཕྱོགས་དང༌། །བཀའ་བློ་མི་བདེ་བྱིན་འཕྲོག་སོགས། །སོ་གཅིག་དགེ་འདུན་གྱིས་བསྐྱེད་པ། །ཁང་ཆེན་ཕྱོགས་གཅིག་བཀའ་བློ་དང༌། །སྐྱོ་སྔོགས་བཤེས་ངོར་བྱེད་པ་སོགས། །བཅུ་དྲུག་སྤྱོད་ལམ་བཞི་ཤོང་གནས། །དགོས་པ་ཁང་པ་ཁང་ཆེན་དང༌། །སྐྲོད་གདིང་ཕྱིས་གནོན་སོགས་བཅུ་དྲུག །དོག་པར་དུས་ལྷག་མི་བསྐྱེད་པ། །འབྱུང་རིང་ཕྱིར་ཡིན་དགག་བྱ་ཆེ། །ཁྱིམ་པ་མཚན་ལྡན་ཐ་སྙད་ལྔ། །ལུས་ཐ་མལ་གནས་ནོར་ཐ་དད། །ཉེ་དུ་མ་ཡིན་མ་བསླང་བར། །མི་སྟེར་ཁྱིམ་པ་ཆོས་དྲུག་ལྡན། །མཚན་མཐའ་དགོས་པ་བཅོ་ལྔ་དང༌། །ལས་དང་འབྲེལ་བའི་དགེ་འདུན་གྱིས། །བསྐྱེད་པ་བསྒོ་གྱུར་བཞི་ཁྱད་གསོད། །འཕྱ་བསྒོ་སྡིག་ལྟ་བཅོ་ལྔ་འོ། །བསྒོ་གྱུར་བཅུ་ནི་འདུལ་འཛིན་པས། །དབྱེན་དང་དེ་རྗེས་ཕྱོགས་དང་ཁྱིམ་སུན་འབྱིན། །བཀའ་བློ་མི་བདེ་སྡིག་ལྟ་མི་གཏོང་དང༌། །བཟློག་ཕམ་དང་ནི་དཀོན་མཆོག་གཏོང་བ་དང༌། །བདེ་ཞིང་གནས་དང་གནས་སུ་འཇུག་པ་དང༌། །འཐབ་ཀྲོལ་བྱེད་དང་གྲངས་ནི་རྣམ་པ་བཅུ། །ཞེས་གསུངས་གཞན་རྣམས་དང་པོ་ལས་གྱུར་རོ།།
མ་ཐོབ་ཐོབ་པར་བྱེད་པ་རབ་བྱུང་གཞི། །མི་ཉམས་སྲུང་བྱེད་ཡོངས་སྦྱོང་གཞི་གསུམ་དང༌། །བདེ་བར་གནས་པའི་རྐྱེན་བསྟན་གཞི་ལྔ་འོ། །ཉམས་ན་འཆོས་བྱེད་ཕྱིར་བཅོས་གཞི་བདུན་ཏེ། །ལས་ཀྱི་གཞི་ནི་གསུམ་གའི་ཁོངས་སུ་འདུས། །ལས་ཕྱེས་གཞི་ནི་ཀོའུ་ཤམ་བྷི་དང༌། །ཡངས་ཅན་ལས་ཐ་དད་ཕྱིར་ཀོ་ཤམྦྷི། །ཕྱིར་བཅོས་དམར་སེར་ཅན་ལ་ནན་ཏུར་སྒོས། །བྱེད་དུ་བཅུག་ཕྱིར་དམར་སེར་ཅན་ཞེས་བཏགས། །དུས་དང་དུས་མིན་བསྡུས་པ་གང་ཟག་འདིས། །འདི་ཙམ་བཅབ་གྲངས་ཤེས་དགོས་ཕྱིར་གང་ཟག །ས་གཞན་གནས་པའི་སྤོ་མགུ་སྦྱོད་པ་ལས། །ཕྱོགས་གཅིག་མིང་གིས་སྤོ་བའི་གཞི་ཞེས་བཏགས། །ཡོངས་སྦྱོང་འང་གསོ་སྦྱོང་བཞག་ཅེས་ཕྱོགས་གཅིག་གོ །རབ་བྱུང་གཞི་ལ་གཉིས་ཏེ་བཅྭོ་བརྒྱད་གཞི། །སྲ་བརྐྱང་གོང་དུ་དྲངས་པ་འཇུག་རིམ་ཕྱིར། །གོས་གཞི་གོང་དྲངས་གོས་གསུམ་རིགས་མཐུན་ཕྱིར། །སྡོམ་བཞིན་ལུང་ལས་ལས་ཕྱེ་ལས་ཀྱི་གོང༌། །འཁོར་ལོ་ཕྱེ་བ་ཀུན་གྱིས་མཐར་གསུངས་ཀྱང༌། །སྤྱོད་དང་ལྟ་བའི་དབྱེན་ཕྱིར་ལྷན་ཅིག་སྦྱར། །རྩོད་གཞིའང་རྩོད་པར་མཚུངས་ཕྱིར་དེ་འཕྲོས་གསུངས། །ཕྱིར་བཅོས་དངོས་གཞི་དབྱར་དགག་གང་རུང་མིན། །ཆོས་འདིས་བསླབ་པ་ཡོངས་སྦྱོང་ཆས་བཞག་པའི། །དགེ་དེ་ཆོས་འདིའི་གསོ་སྦྱོང་མཚན་ཉིད་དོ། །དེ་ལ་དབྱེ་ན་ཞི་གནས་བསྒོམ་པ་དང༌། །དགེ་སློང་དགེ་ཚུལ་ཕ་མའི་ཆོ་ག་བཞི། །སྔོན་ཆོག་ཚེ་ན་ཚིགས་བཅད་གདོན་པ་དྲུག །ཆོ་ག་ལྔ་ལ་མཐུན་དང་བཀྲ་ཤིས་དང༌། །གནོད་བཟློག་བཅོ་ལྔ་བཅུ་བཞི་འདྲེན་པ་འཁྲུལ། །ཞི་གནས་སྔར་བསྟན་གཙོ་དང་ཉུང་ཕྱིར་རོ། །མ་བཅས་དུས་ཀྱི་ནང་པའི་ཞི་གནས་དང༌། །བཅས་རྗེས་སྡོམ་པ་མ་བླངས་ནང་པ་ཡི། །ཞི་གནས་ཀྱང་མིན་བཅས་པའི་ཞིང་མིན་ཕྱིར། །སྲང་དུ་མི་སྒོམ་སྤྲུལ་ཕྱིར་མ་གཏོགས་སོ། །རབས་བདུན་གསོ་སྦྱོང་ནང་ན་རྣམ་གཟིགས་ཀྱིས། །བཟོད་པ་དཀའ་ཐུབ་བཟོད་པ་དམ་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་གཙུག་ཏོར་ཅན་གྱིས་ནི། །སྐུར་པ་མི་བཏབ་གནོད་མི་བྱ། །སོ་སོར་ཐར་བའང་སྡོམ་ལས་བྱ། །ཟས་ཀྱི་ཚོད་ཀྱང་རིགས་པར་བྱ། །བས་མཐའི་སེམས་ལ་གནས་པར་བྱ། །ཞེས་གསུངས་ཐམས་ཅད་སྐྱོབ་ཀྱིས་ནི། །ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབ་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །ཞེས་སོ་འཁོར་བ་འཇིག་གིས་ནི། །བདག་གིས་རིགས་དང་མི་རིགས་ལ། །བརྟགས་པར་བྱ་སྟེ་གཞན་རྣམས་ཀྱིས། །མི་མཐུན་པ་དང་གཞན་དག་གི །བྱས་དང་མ་བྱས་རྣམས་མ་ཡིན། །ཞེས་སོགས་གནས་སྐབས་སྐྱོན་གང་ཆེའི། །གཉེན་པོར་སྦྱར་རོ་ཐུབ་པས་ནི། །སྡིག་པ་ཐམས་ཅད་མི་བྱ་སྟེ། །སོགས་གསུངས་མུ་སྟེགས་འཕྱ་བ་སྤངས་ཕྱིར་བཅས། །གནས་ནི་གྲུབ་པ་རང་གྲུབ་བྱས་པ་ནི། །རང་ཕྱིར་བྱས་པའོ་ཟིན་པ་གནས་རྙིང་ངོ༌། །འགྲོ་ཚེ་ཐང་ལ་བློ་མཐུན་མི་འཆགས་ཕྱིར། །མི་དགོས་ཕྱོགས་རེར་ཕྱེད་གསུམ་མཚམས་པོ་ཆེ། །གཉིས་ནས་བཞི་བཅུའི་གདིང་ཤོང་མཚམས་བུ་ཆུང༌། །བཞི་བཅུ་ཙམ་ཤོང་དཀྱིལ་འཁོར་པ་ཡང་ཡིན། །ཆོས་གོས་མཚམས་པོ་ཆེ་ནང་དཀྱིལ་འཁོར་བར། །བཞག་ན་འབྲལ་ཡང་རང་བཞིན་མཚམས་གཅིག་པ། །ལྕགས་རིས་བསྐོར་བའི་དཀྱིལ་འཁོར་གཞན་དུ་ཡང༌། །མི་འབྲལ་འབྲལ་ལ་ལྟོས་ན་རྩིག་མཚམས་གཙོ། །མཚམས་པོ་ཆེ་ཡི་གླེང་གཞི་ཀ་པི་ན། །དགོས་པ་ལས་རྣམས་སྤྱི་དང་བྱེ་བྲག་ཏུ། །གསོ་སྦྱོང་དགག་དབྱེར་འདུས་པའི་འདུན་དགའ་དང༌། །ཆོས་གོས་དང་བྲལ་སྤང་སླ་དབྱར་རལ་ཀྱང༌། །སྤང་སླ་གཞན་དུ་དབྱར་གནས་ཡང་སྲ་བརྐྱང་འབྱུང༌། །མཚམས་པོ་ཆེ་དེར་ཕྱོགས་ཕྱོགས་ཕྱེད་གསུམ་ལྡན། །མཚན་བརྟན་མཚམས་གཞན་མིན་སོགས་ཁྱད་ཆོས་ལྔ། །འཇིག་རྒྱུ་དགེ་སློང་མེད་པར་སྐྱ་རེངས་ཤར། །གནས་ཚད་བབ་ཤི་རྟེན་ཞིང་མིན་གྱུར་དང༌། །མཚམས་གཞན་བྱུང་བ་ཞིང་གནས་མིན་གྱུར་དང༌། །ཆོ་གས་གཞིག་པའོ་གཅད་དགྲོལ་ཚིག་གཅིག་པ། །གཅིག་གིས་དཀྱུས་གཅིག་བྱེད་རུང་ལ་དགོངས་ཏེ། །དགྲོལ་བ་གསོལ་བཞི་གཅད་པ་གསོལ་དཔྱད་གཉིས་ཕྱིར། །མཚམས་ནང་དཀྱིལ་འཁོར་འཇིག་རྒྱུ་མཚམས་ཆེན་འདྲ། །རང་ལ་དགེ་སློང་མེད་པས་མི་འཇིག་གོ །གནྜི་ཆེ་བའི་ཆེ་བ་སྲིད་དུ་སོར། །བརྒྱ་དང་ཉི་ཤུ་ཞེང་དུ་ཉེར་བཞི་འོ། །བདེན་རྣམ་བཅུ་དྲུག་མཚོན་བྱེད་ངོས་བཅུ་དྲུག །ཆེན་པོའི་ཆུང་ངུ་སྲིད་དུ་སྦྱོར་བའི་ལམ། །བརྒྱ་དང་བཅུ་ལྟར་བརྒྱ་དང་བཅུ་གསུངས་དཔྱད། །ཞེང་དུ་སེམས་བསྐྱེད་ངོས་ལ་རྟེན་འབྲེལ་གྲངས། །འབྲིང་པོ་སྲིད་དུ་སྒོམ་ལམ་གོ་བརྒྱད་དེ། །ཞེང་དུ་སྟོང་ཉིད་ཉི་ཤུ་རྣམ་ཐར་ངོས། །ཆུང་ངུའི་སྲིད་དུ་བརྒྱད་ཅུ་རྩ་བཞིའོ། །སྤོང་བའི་གནྜི་ཆུང་ངུ་འཁར་གསིལ་མིན། །དེ་ཚད་བཅུ་གཉིས་སམ་ཉེར་བཞིར་གསུངས་ཕྱིར་དང༌། །གཞི་འགྲེལ་འཁར་གསིལ་དེ་ཡི་དོད་གསུངས་ཕྱིར། །བརྡུང་ཚེ་དང་པོར་ཤང་ཚ་གསུམ་བྱས་ནས། །བཅོ་བརྒྱད་འཕེལ་ཞིང་བཅོ་བརྒྱད་ཕྲི་བ་རྒྱུད། །ཙན་དན་དཀར་དམར་བིལ་བ་པ་ལ་ཤ། །ཨ་མྲ་ཨ་ཤྭད་ཐ་སོགས་རྒྱུ་བཅུ་དྲུག །མཚམས་གཅོད་མ་གཏོགས་ད་ལྟའི་ལས་ཀུན་ལ། །འདུན་པའོ་གསོ་སྦྱོང་དགག་དབྱེར་ཡོངས་དག་ཀྱང༌། །འདུན་པ་ཡོངས་དག་གཉིས་ཀ་སྔགས་གཅིག་གམ། །སོ་སོས་དབུལ་རུང་གཅིག་གིས་རང་དག་ཅིང༌། །འདུན་པ་ཕུལ་བས་དགེ་འདུན་ལས་འཆག་གོ །འདུན་པ་ལེན་ཡུལ་མཚམས་གནས་ཁ་སྐོང་འོས། །ལུས་སམ་འདུན་པས་མ་འདུས་ཤེས་སམ་འཕྲིགས། །སྨྱོས་གནང་མ་ཐོབ་དངོས་ཀྱི་གྲངས་སྐོང་མིན། །ལ་སོགས་བརྒྱད་ལྡན་ནོ་ཡོངས་དག་ལེན་ཡུལ་ནི། །གཞན་འདྲ་ཁ་སྐོང་འོས་འཚབ་བསྙེན་རྫོགས་སྡོམ། །གསོ་རུང་ཡན་ཆད་དང་ལྡན་ཞེས་སྦྱར་རོ། །གང་གིས་ལེན་པ་དགེ་སློང་ཆོས་བདུན་ལྡན། །འགྲོ་བ་བཞི་བྲལ་བླངས་ཤེས་བཅུ་གཉིས་ལྡན། །འདུན་རྐྱང་གཅིག་དང་གསོ་སྦྱོང་དགག་དབྱེ་ཡི། །ཡོངས་དག་རྐྱང་གཉིས་གཉིས་ཚོགས་གཉིས་དང་ལྔར། །ལེན་པོ་གཏོང་དང་དེས་དེར་འབུལ་ལམ་དྲི། །དེས་འབུལ་བླངས་སམ་དྲིས་དང་ལེན་པོས་བརྗོད། །ལྔ་ལྔ་ཕྱེ་བས་ཆོ་ག་ཉེར་ལྔ་འོ། །ཡུལ་གྱི་དམིགས་བསལ་མཚམས་ནང་དཀྱིལ་འཁོར་བར། །བྱ་རུང་རྟེན་གྱི་དམིགས་བསལ་བསླབ་བྱིན་དང༌། །སྤྱོད་ལམ་དམིགས་བསལ་འགྲོ་བཞིན་གསོ་སྤྱོང་བྱ། །ཆོ་གའི་དམིགས་བསལ་བཞི་སྟེ་ཡོངས་དག་དང༌། །བཞིར་མ་ཚང་ན་བྱིན་གྱིས་བརླབས་པ་དང༌། །སྒྲ་མི་འདོད་ན་གླེང་གཞིའང་མི་འདོན་པར། །གསོལ་བྱས་ཚིགས་བཅད་ཙམ་འདོན་མདོར་བསྡུས་དང༌། །དགག་དབྱེའོ་གསོ་སྦྱོང་མིན་ཡང་དེ་དོད་ཐུབ། །དུས་ཀྱི་དམིགས་བསལ་དུས་འདས་མི་ཆགས་ཀྱང༌། །བཅུ་དྲུག་ཉི་མ་མ་ཤར་བར་འཆགས་ལ། །བཅུ་དྲུག་དུས་ཀྱང་གསོ་སྦྱོང་བཅོ་ལྔ་པ། །དེ་བཞིན་ནོར་ནས་བཅུ་བཞིར་བྱས་པ་ཡང༌། །བཅོ་ལྔ་པ་ཡིན་བཅོ་ལྔའི་ཉིན་བྱས་ཀྱང༌། །བཀྲ་ཤིས་གསོ་སྦྱོང་ལ་སོགས་བཅོ་ལྔ་མིན། །འོན་ཀྱང་གཉིས་ཀའི་ཕྱིར་བྱས་གཉིས་ཀ་ཡིན། །མདོ་ཡི་གདོན་འཚམས་རྒྱས་བསྡུས་རྩ་བར་གསལ། །
དབྱར་གྱི་གླེང་གཞི་དགེ་སློང་ལྗོངས་རྒྱུ་ཚེ། །འདི་དག་གསོད་ལས་མ་ལོག་ཁུག་རྟ་ཡང༌། །དབྱར་གསུམ་ཞུམ་པོར་གནས་ཞེས་འཕྱ་སྤོང་ཕྱིར། །ཚུལ་ཤིང་ཉེ་བར་བཞག་སོགས་སྦྱོར་བ་བཞི། །དམིགས་བསལ་ཡིད་ཀྱི་དམ་བཅས་ཁས་བླངས་འགྱུར། །སྡོམ་མེད་བར་མ་ཡིས་ཀྱང་ཁས་བླངས་དགོས། །བརྒྱུད་པའི་དགོས་པ་སྲོག་ཆགས་ལ་གནོད་སྤོང༌། །མ་དད་སྤོང་ཞིང་སྲོག་ལ་གནོད་པ་སྤོང༌། །དོན་ཉུང་ཤེས་པར་འཕེལ་ཞིང་གནས་འཆོས་དང༌། །དགག་དབྱེ་སྲ་བརྐྱང་འབྱུང་བའི་དགོས་པ་བརྒྱད། །འོན་ཀྱང་ཕྱི་མའི་དབྱར་ལ་སྲ་བརྐྱང་མེད། །དབྱར་གྱི་དམ་ཚིག་དྲུག་སྟེ་འཁྲུག་ལོང་སྤོང༌། །ཐོས་བརྩོན་གནས་འཆོས་གནས་དེར་ཡུན་རིང་གནས། །དབྱར་རལ་སྤངས་ལ་དངོས་དང་རྒྱུ་སྤངས་གཉིས། །ཕྱི་མར་རྙེད་བགོད་གླེང་དྲན་ནན་ཏུར་གསུམ། །དམ་བཅའ་གནས་སུ་འབྲེལ་བྱེད་དོ་དེ་ཡི་དོན། །གང་དུ་གནས་པར་ཁང་བླངས་དེར་གནས་པའོ། །གསོ་སྦྱོང་རྙེད་པའི་ཁྱད་པར་རྩ་བར་གསལ། །དམ་བཅའི་དེར་གནས་མི་བྱེད་ཉེས་བྱས་སུ། །གསུངས་ཤིང་གནས་པ་དཔེ་ཡིན་ཞེས་གསུངས་དོན། །ཆོས་གོས་ལྷུང་བཟེད་བསོད་སྙོམས་སྨན་བཞི་ལ། །དམ་བཅས་ལས་འདས་ཉེས་བྱས་འདིས་མཚོན་ནོ། །འགྲེལ་ཆུང་དེ་དེ་སྦྱིན་བསམ་ལས་འདས་གསུངས། །ཡང་ན་ཕྱག་དར་ཁྲོད་སོགས་དམ་བཅར་སྦྱར། །
ལྟུང་བ་གླེང་དྲན་དགག་དབྱེ་ཕྱོགས་བཅུ་ཡི། །དགེ་འདུན་དབྱར་རལ་མ་རལ་ཀུན་ལ་བྱ། །ཡིག་ཆར་གང་ཟག་འཇོག་པ་དམིགས་བསལ་གསུངས། །མཚོ་ཊཱིཀ་གླེང་བ་པོ་ལ་བཤད་དང་མཐུན། །རིན་ཕྲེང་ཊཱིཀྐར་ལྟུང་བའི་གཞི་ལ་སྦྱར། །སྟོན་ཟླ་འབྲིང་དང་ཐ་མའི་ཉ་ལ་འབྱུང༌། །ཧོར་ཟླ་དགུ་པའམ་བཅུ་པའི་བཅོ་ལྔ་འོ། །འདི་དང་གོང་དུ་དབྱར་གནས་ཁས་བླངས་དུས། །དབྱར་འབྲིང་ཉ་ཡི་ཕྱི་དེ་ཉིན་གསུངས་པ། །བཅུ་གཅིག་པ་ཡི་ཡར་ངོའི་ཚེས་གཅིག་ནས། །མགོ་བཟུང་དུས་བཞིར་གསུམ་གསུམ་ཕྱེ་ཡིན་གྱི། །ལྔར་ཕྱེས་མར་ངོ་སྔོན་འགྲོའི་དབྱར་མགོ་སྟེ། །གྲོ་ཞུན་ཟླ་བའི་ཚེས་གཅིག་ཡིན་ཕྱིར་རོ། །དགག་དབྱེ་ཐ་སྐར་མཇུག་གི་ཉ་ལ་འོ། །ཀུ་ཤ་འཇག་མ་འགྱུར་ཁྱད་དོ་རམ་པ་དོད། །ཡུལ་གྱི་དམིགས་བསལ་གཞི་དང་གང་ཟག་འཇོག །དུས་ཀྱི་དམིགས་བསལ་འཐབ་དཀྲོལ་ཅན་འོང་ན། །གསོ་སྦྱོང་གཉིས་སོང་ཟིན་ན་གསུམ་པ་ཡི། །གསོ་སྦྱོང་དང་སྦྱར་གློ་བུར་དགག་དབྱེ་བྱ། །དེ་ལས་ཐུང་ན་དབྱར་གོ་མི་ཆོད་པས། དེ་ཡི་ཕན་ཡོན་དགག་དབྱེ་ག་ལ་འབྱུང༌། །ཚོགས་ཀྱི་དགག་དབྱེ་ཚེས་གྲངས་ངེས་མེད་དེ། །དམག་འཁྲུག་དབང་ཕྱིར་ལག་བརྡ་ཡིས་ཀྱང་འགྲུབ། །གནས་ཀྱི་དམིགས་བསལ་གཞན་གྱི་དབྱར་གནས་སུ། །བྱེད་དང་འཐབ་བཀྲོལ་ཅན་ཚེ་དཀྱིལ་འཁོར་བྱ། །ཆོ་གའི་དམིགས་བསལ་གཉིས་སམ་ཐོགས་ན་གཅིག །རང་ཕྱོགས་མ་རྫོགས་བུད་མེད་དགག་དབྱེ་མིན། །རྫས་ཀྱི་དེ་ལས་ལྟུང་བའི་དགག་དབྱེ་གཙོ། །དགག་དབྱེ་ཆོས་དང་ཚུལ་ཁྲིམས་དག་པར་འགྱུར། །
ཆོས་གོས་སྲ་བ་གཟེབ་ཀྱི་སྤྲོག་མར་བརྐྱང༌། །གཏན་པ་ཞེས་བཏགས་དེ་སྟེང་གླེགས་བུ་སོགས། །སྡུད་བཞིན་འདིས་ཀྱང་དུ་མའི་བྱིན་རླབས་འདུས། །གཏན་པས་མི་འཁུམ་འདིས་ཀྱང་བག་ཡངས་བྱེད། །གཏན་པས་ཆོས་གོས་ལ་ནི་ཁྱབ་པར་ལྟར། །འདི་ཡི་ཕན་ཡོན་དགེ་འདུན་ཀུན་ལ་ཁྱབ། །ཕན་ཡོན་འཆང་འབྲལ་འཇོག་དང་ཡང་ཡང་ཟ། །འདུས་ཟ་གོས་སློང་མ་སྨྲས་འགྲོ་བ་ལ། །ཉེས་མེད་རྙེད་པ་ཐུན་མོང་འགྱུར་བ་སྟེ། །རྩ་བར་དངོས་སུ་བསྟན་པའི་ཕན་ཡོན་བརྒྱད། །རུང་བར་མ་བྱས་གོས་མང་འཆང་བ་དང༌། །སྣམ་སྦྱར་མེད་པར་ལྗོངས་རྒྱུ་དོན་གྱིས་བསྡུས། །གང་གིས་འདིང་བ་བཅུ་གཅིག་ཆོས་ལྡན་ཏེ། །སྡོམ་ལྡན་ཐ་སྙད་གསུམ་ལྡན་ལྟ་མཚན་མཐུན། །ཆོས་མིན་ཕྱོགས་མིན་ས་གཞན་གནས་མིན་ལ། །ས་གཞན་གནས་པའི་རྒྱུར་ཡང་གནས་མིན་ཏེ། །ལས་རྣམས་ཀུན་ལ་དགོས་པ་བདུན་གྱི་སྟེང༌། །དབྱར་ཁས་བླངས་དང་དེ་ཡང་སྔ་མ་བླངས། །མ་རལ་དེ་ཡང་གནས་དེར་བླངས་པ་དགོས། །གང་ཞིག་འདིང་བ་ཁྱད་པར་བཞི་ལྡན་ཏེ། །རྒྱུ་ཡི་ཁྱད་པར་སྤྱི་རྫས་དབྱར་ནང་རྙེད། །དངོས་པོ་རྒྱུ་དབྱིབས་ཁ་དོག་རུང་གསུམ་ལྡན། །བག་ཡངས་ཕྱིར་ན་ཆེ་ཚད་ལས་ལྷག་རུང༌། །དེ་ཕྱིར་ལྷག་པ་ཡང་ངོ་ཞེས་ཚད་ཀྱི་དང༌། །གྲངས་ཀྱི་ལྷག་པ་གསུམ་ཕྲུགས་མང་པོའང་རུང༌། །འདིང་བའི་བྱེད་པོ་གསུམ་ཕྲུགས་གྲངས་སྙེད་བསྐོ། །གསོལ་གཉིས་ཀྱི་འོ་འབའ་ཞིག་ལས་ཀྱིས་གཏོད། །དགུ་བའི་བཅུ་དྲུག་ནས་བཟུང་ཟླ་ལྔ་སྟེ། །སག་ལྷས་སྨིན་དྲུག་ནས་ནི་ཁྲ་ཡི་བར། །སྲ་བརྐྱང་གདིང་བའི་དུས་སུ་གསུངས་ཞེས་གསུངས། །དབྱུང་བར་བཅོས་མ་རང་འཇུག་བྲལ་དང་གཉིས། །བཅོས་མ་གསོལ་བཞིའི་དུས་སམ་སྔ་བར་ཡང༌། །ཉ་ཤི་གང་རུང་ཞིག་གི་ཕྱི་ཉིནའང་དབྱུང༌། །རང་འཇུག་བྲལ་ལ་དགེ་འདུན་མཐའ་དག་དང༌། །གང་ཟག་སོ་སོའི་རང་འཇུག་བྲལ་བར་གཉིས། །དང་པོར་སྲ་བརྐྱང་མཚམས་ཀྱི་ཕྱིར་ཁྱེར་དང༌། །བརླགས་དང་སྲུང་མཁན་མེད་པར་སྐྱ་རེངས་ཤར། །བྱེད་པོ་དགེ་སློང་མིན་གྱུར་རེ་བ་ཆད། །དུས་མིན་ཤེས་ནས་སླར་ཡང་གསོ་སྦྱོང་བྱས། །གདིང་བའི་འཕེན་པ་ཟད་དང་རྣམ་པ་བདུན། །སོ་སོའི་འཇུག་བྲལ་མ་མ་སུམ་ཅུ་དང༌། །གང་ཟག་ཞིང་མིན་གྱུར་ཏེ་སོ་གཅིག་གོ །མ་ལས་བུ་བཞིན་འདིར་ཡང་ས་བརྐྱང་ནི། །དབྱུང་བའི་ནུས་ལྡན་ཕྱིར་ན་མ་མར་བཏགས། །མཚམས་ལ་རེ་བ་མེད་པས་མ་མར་ཡང༌། །སྦྱོར་འགྲོས་བཞི་དང་ངེས་འབྱེད་མ་མ་བཞི། །དང་པོར་འབྲེལ་བཅས་གསུམ་དང་འབྲེལ་མེད་གཅིག །སྦྱོར་བ་འགྲོ་ཚེ་གནས་འདིར་ཟླ་བ་ལྔར། །མི་འཁོར་སྙམ་ཡང་རྙེད་པར་རེ་བཅས་ན། །དུས་ཀྱི་སྔ་རོལ་དགེ་འདུན་གྱིས་དབྱུང་ཚེ། །དེ་ཡི་རྙེད་ཐོབ་བྱེད་པ་མཐར་ཐུག་དང༌། །རྙེད་བརླགས་བརྩམས་པ་ཞིག་པའི་གཏམ་ཐོས་སམ། །ལེན་འདོད་བསམ་པའི་རྒྱུན་ཆད་གསུམ་གྱིས་དབྱུང༌། །དབྱུང་བ་དུས་ན་འཕེན་ཟད་ཕྱིར་འདི་མིན། །མི་འཁོར་སྙམ་པར་མ་ཟད་རྙེད་པ་ལ། །མི་རེ་འཚམས་འདས་འབྲེལ་མེད་མ་མ་འོ། །ངེས་འབྱེད་འབྲེལ་བཅས་གསུམ་དང་འབྲེལ་མེད་གཅིག །སྔ་མར་མི་འདྲ་འདི་ལ་ཟླ་བ་ལྔར། །མི་འཁོར་སྙམ་པ་མཚམས་ཕྱིར་སྐྱེས་པ་ཡིན། །ཟླ་ལྔའི་ནང་དུ་འཁོར་རམ་མི་འཁོར་སྙམ། །མཚམས་ལ་ཡིད་གཉིས་ཟ་བའི་མ་མ་བརྒྱད། །སྦྱོར་འགྲོ་བཞི་དང་ཡིད་གཉིས་ཟ་བ་བཞིའི། །ཁྱད་དང་འབྲེལ་བཅས་འབྲེལ་མེད་སྔར་དང་འདྲ། །མཚམས་ལ་རེ་བ་ཡོད་པའི་མ་མ་བརྒྱད། །ལྡོག་འདོད་རྙེད་པར་མི་རེས་དེ་ཕྱུང་བ། །མཚམས་ཀྱི་ཕྱི་ནང་ཐོས་པའི་འབྲེལ་མེད་གཉིས། །གཉིས་ཀར་རེ་ན་བྱེད་པ་མཐར་ཐུག་སོགས། །གསུམ་པོ་མཚམས་ཀྱི་ཕྱི་ནང་དབྱེ་བས་དྲུག །རྙེད་པར་ཡིད་གཉིས་ཟ་བའི་མ་མ་དྲུག །མཚམས་རྙེད་གཉིས་ཀར་ཡིད་གཉིས་ཟ་བ་ཡིས། །མཚམས་ལས་འདས་དང་མཚམས་ཕྱིར་དེ་སྐྱེས་གཉིས། །མཚམས་ལ་རེ་མེད་རྙེད་པར་ཡིད་གཉིས་ཀྱིས། །མཚམས་ལས་འདས་དང་མཚམས་ཕྱིར་དེ་སྐྱེས་གཉིས། །ཡིག་ཆར་བཞི་པོ་འདི་ལས་མི་གསལ་ལ། །མཚམས་ལ་རེ་བཅས་རྙེད་པར་ཡིད་གཉིས་ཀྱིས། །མཚམས་ལས་འདས་དང་མཚམས་ཕྱིར་དེ་སྐྱེས་གཉིས། །བསྣན་པས་དྲུག་ནི་མཚོ་ཊཱིཀ་སྟེང་ནས་འདིས་མི་དབྱུང་དཔྱད། །བཏིང་བའི་ཆོས་གོས་ས་བརྐྱང་ངོ་སྤྱད་ན་མིན། །གསུམ་ཕྲུག་རེ་རེ་ལ་ཡང་ཀུན་གྱི་འཆགས། །དབྱར་གནས་དགེ་ཚུལ་རྫོགས་བྱས་གདིང་བར་རུང༌། །གཏེར་མཛོད་སུམ་ཅུར་མ་བུའི་ཆ་ཕྱེ་འཁྲུལ། །ཕྱིར་འོང་ན་ཡང་ངོ་ཞེས་མཚམས་ནང་ཕྱིར་འོངས་ནས། །རེ་བ་ཆད་པའི་ཞིག་པ་བསྟན་ནོ་ལོ། །རང་ལུགས་མཚམས་ཕྱིར་ཞིག་ན་ཕྱིར་འོང་ཀྱང༌། །ཞིག་པ་སོར་ཆུད་སྙམ་པ་ལྡོག་ཕྱིར་རོ། །
གོས་ནི་གཟུགས་ཅན་སྙིང་པོས་འཚོ་བ་བར། །བཏུད་ལས་ལུས་འཕགས་ཞིང་ལྟར་བྱེད་པ་གནང༌། །བལ་གོས་སྲོ་མ་ལ་སོགས་གོས་རྒྱུ་བདུན། །འཚོ་བ་རང་དང་ལྷག་པ་གཞན་གྱི་དང༌། །མཁོ་བའི་ཡོ་བྱད་གཉིས་ཀའི་བསམ་པས་སྤྱོད། །སྤྱོད་ཚུལ་ཁྱད་པར་ལོ་དྲི་ལས། །མི་སློབ་པ་ནི་བདག་པོར་བཤད། །སློབ་པ་བྱིན་ལེན་སྤྱོད་པ་ཡིན། །བསམ་གཏན་འདོན་དང་ལྡན་པ་ནི། །རྗེས་སུ་གནང་རྣམས་དཀའ་ཐུབ་ཅན། །ཞེས་གསུངས་ཁྲིམས་ལྡན་ལེ་ལོ་ཅན། །བུ་ལོན་ནོ་འཆལ་བར་ལྕགས་གོང་འདྲ། །མཚོ་ཊཱིཀ་རས་བལ་ལས་བྱས་པའི། །རས་མ་ཞེས་པ་མ་དག་གསུངས། །ལྷ་གནས་འཇུག་སོགས་ཀུན་བསྡོམ་ན། །ཚིགས་བཅད་གདོན་པའི་སྐབས་བཅུ་བདུན། །གོས་གཞི་ལྷག་མ་རྩ་བར་གསལ། །དབུས་ནས་མཐའ་རེར་དཔག་ཚད་བཅུ་དྲུག་རེ། །ཨསྨ་བ་རན་ཏར་གནང་སྒྲུབ་བཅས་མིན། །
འདོད་ཁམས་པ་ཡི་འཚོ་བའི་རྟེན་བྱེད་པའི། །དྲི་རོ་རེག་གསུམ་གྱིས་བསྡུས་ཁམ་ཟས་དེ། །སྨན་གྱི་དོན་ནོ་ཚགས་ལ་མ་བཙགས་པའི། །བཟའ་བ་དུས་རུང་ཚགས་ལ་བཙགས་པ་ཡི། །བཏུང་བ་དུས་མིན་རུང་བའོ་དེ་ལ་ཡང༌། །སྨན་མཐའ་གསུམ་དང་ཨ་རུ་ར་ལ་སོགས། །བཀྲེས་སེལ་བཟའ་བའི་རིགས་གནས་དུས་རུང་སྨན། །ཐུན་ཚོད་མཐའི་བར་སྤྱོད་རུང་ཐུན་ཚོད་སྨན། །དུས་རུང་ལས་བྱུང་རུས་ཐང་སླ་ཆུས་བཏབ། །བུར་ཁུ་སླ་བ་ཞག་བདུན་ལས་བྱུང་དང༌། །འཚོ་བཅང་ལས་བྱུང་ཨ་བར་ཁུ་བ་འོ། །དང་པོ་ཐུན་ཚོད་མཐའི་བར་ཁོ་ན་དང༌། །གཉིས་པ་ཞག་བདུན་ནམ་ཐུན་ཚོད་བར་དུའོ་གཞན། །ནམ་འཚོའམ་ཐུན་ཚོད་བར་དུ་བྱིན་གྱིས་རློབས། །འོག་ཏུ་ཐུན་ཚོད་རུང་དང་ཞག་བདུན་པ། །མི་འགལ་ཡང་བྱིན་གྱིས་བརླབས་བྱས་གཉིས་འགལ་གསུངས། །དཔྱད་དེ་ཞག་བདུན་བྱིན་བརླབས་ཐུན་ཚོད་ཕྱིར། །འོན་ཀྱང་སྨན་འདིས་ཞག་ཤན་འགལ་ལམ་དཔྱད། །ཞག་བདུན་ནམ་འཚོའི་བར་རུང་དེ་དེ་འོ། །འཚོ་བཅང་ང་གསུམ་མོ་བསྐ་བ་སྨན་ཁུར་བཤད། །ནད་སྲོག་ཇི་སྲིད་འཚོ་ལ་སྦྱོར་ཚུལ་གཉིས། །སྨན་གསུམ་ནད་པའི་བྱིན་རློབས་བྱིན་བརླབས་དང༌། །བྱིན་ལེན་དུས་རུང་སྨན་གྱི་དུས་སུ་བྱེད། །དམིགས་བསལ་དགེ་བསྐོས་སོགས་ཀྱིས་སྤྱད་དུ་རུང༌། །ཕྱིའི་དངོས་སྨན་དུ་འཚོ་ཊཱིཀ་གསུངས་པ་བཀག །དྲི་རོ་རེག་གསུམ་རེ་རེ་བ་ཡང་ཡོད། །བྱིན་གྱིས་བརླབས་ལ་གསོག་འཇོག་མི་འབྱུང་ཡང༌། །བུ་རམ་ཞག་ལྔའི་རོ་གྱུར་ལ་འབྱུང་སྟེ། །བྱིན་རླབས་ཞིག་ཀྱང་བྱིན་ལེན་མ་ཞིག་ཕྱིར། །རུང་ཁང་བཞིའི་སྟེང་ཤེས་པ་ཆུང་ངུའི་དང༌། །འཇུག་པ་མི་ཞན་རུང་ཁང་མདོར་བསྡུས་སྦྱར། །མཚམས་ནང་ཡིན་ཡང་དེར་ཟས་འཚོད་པ་དང༌། །ཞག་ལོན་བཞག་ཏུ་རུང་ཕྱིར་རུང་ཁང་ངོ༌། །
ལས་ཀྱི་གླེང་གཞི་དྲུག་སྡེས་གྲངས་འཆོལ་བྱས། །དགེ་འདུན་གྲངས་ཚང་ཁ་སྐོང་འོས་པ་ཡི། །ལས་བྱེད་ལས་གསུམ་ཅི་རིགས་མ་འཁྲུལ་བརྗོད། །ཉམས་མྱོང་ཐབས་དེ་འདིར་བསྟན་ལས་ཀྱི་དོན། །ལས་དངོས་མཛད་པོ་དགེ་འདུན་མཚན་ཉིད་དང༌། །རྗོད་པར་བྱེད་པོ་ལས་མཁན་མཚན་ཉིད་དང༌། །བསྒྲུབ་པར་བྱ་བ་དོན་གྱི་མཚན་ཉིད་དང༌། །ལས་དེ་འཆགས་པ་བསམ་པའི་མཚན་ཉིད་དང༌། །ལས་ཀྱི་ངོ་བོ་སོགས་སུ་ཡོད་པ་ལས། །དང་པོ་གྲངས་དང་མཚན་ཉིད་ཚང་ཞིང་མཐུན། །མཚོ་ཊཱིཀ་བཞི་བཅུ་ཉི་ཤུ་ཉི་ཤུ་གཉིས། །བཅུ་གཉིས་བཞི་བར་བདུན་མ་གཏོགས་ཞེས་གསུངས། །དབུས་སུ་དགེ་སློང་མ་ཡི་སྤོ་དབྱུང་ལ། །ཕ་མ་ཉི་ཤུ་ཉི་ཤུའོ་ཡུལ་དབུས་སུ། །བུད་མེད་རྫོགས་ལ་ཕ་བཅུ་མ་བཅུ་གཉིས། །མཐའ་འཁོབ་མ་དང་དབུས་སུ་ཕ་དབྱུང་བར། །ཉི་ཤུའོ་མཚོ་ཊཱིཀ་ཕ་མཐའ་ཉི་ཤུ་དབྱུང༌། །དབུས་སུ་ཚངས་སྤྱོད་ཉེར་གནས་དགེ་སློབ་མ། །འཁོར་དང་འཁོར་མང་འཇོག་བཞིར་མ་བཅུ་གཉིས། །མཐའ་འཁོབ་བུད་མེད་བསྙེན་རྫོགས་བཅུ་གཅིག་གོ །དབུས་སུ་དགེ་སློང་བསྙེན་རྫོགས་ལ་བཅུ་འོ། །མ་ཡི་དགག་དབྱེར་ཕ་ལྔ་མ་བཞི་འོ། །མ་ཡི་སྤོ་མགུར་ཕ་མ་བཞི་བཞི་འོ། །ཚངས་སྤྱོད་ཉེར་གནས་སོགས་བཞིར་མཐའ་འཁོབ་དྲུག །མཐའ་འཁོབ་ཕ་ཆོག་ཕ་ཡི་དགག་དབྱེར་ལྔ། །དགག་དབྱེ་བྱེད་པོ་མི་བསྐོ་དགག་དབྱེ་སོགས། །ལས་རྣམས་ཕལ་ཆེར་བཞི་འོ་དེ་ལྟར་ན། །གྲངས་ཚང་བྱེ་བྲག་མི་འདྲ་བཅུ་གཅིག་གོ །དབྱར་དང་དགག་དབྱེར་ཁ་སྐོང་ལྔ་དགོས་ལོ། །ཚུལ་ཤིང་བྲིམ་དང་དགག་དབྱེ་བྱེད་པ་པོར། །བསྐོ་བྱ་དེ་ཡང་ཁ་སྐོང་གྲངས་སུ་འཁྲུལ། །མཚོ་ཊཱིཀ་བཞི་བཅུ་ཉི་ཤུ་བརྒྱད་བཞི་ལས། །གཞན་ལ་མ་ཚང་ཡང་ཉེས་བྱས་འཆགས་པར་གསུངས། །ཡིག་ཆར་དགུ་ལྔ་གཉིས་ལ་མི་འཆགས་གསུངས། །མཚན་ཉིད་ཚང་བ་ཁ་སྐོང་ཆོས་ལྡན་དེ། །གཞིར་བཤད་བཅུ་འོ་མཐའ་གསུམ་ཞུ་བར་བཤད། །ལུས་ཐ་མལ་གནས་ཐ་སྙད་གསུམ་ལྡན་ཏེ། །རུང་མཐུན་སྦྱར་བ་གཉིས་བཅས་ཆོས་བཅོ་ལྔ། །དམིགས་བསལ་རིམ་བཞིན་འགྲོ་ཞིང་གསོ་སྦྱོང་བྱ། །བག་ཡངས་འགའ་དང་ལྟུང་ཐུན་བྱིན་རླབས་ཡུལ། །ཕྱེ་ཚེ་ཆོས་ཕྱོགས་པ་ཡང་ཐ་དད་གནས། །ཆོས་མིན་ཕྱོགས་ཀྱི་ལས་ལ་སྡིག་ལྟ་ཅན། །ལྟུང་ཐུན་བྱིན་གྱིས་བརླབ་ལ་འཁྲུལ་བཅས་ཏེ། །བསྡམ་བྱས་ཉེས་བྱས་ལྡན་ཡང་འཁྲུལ་བཅས་ཕྱིར། །སངས་རྒྱས་མདོ་གདོན་བྱེད་པོར་ལས་ཊཱིཀ་གསུངས། །ཐུན་མོང་ལས་ལ་མཚན་མཐུན་མི་དགོས་ཤིང༌། །ཐུན་མོང་མིན་ལའང་མེད་མི་རུང་ཡིན་ཏེ། །དེ་ཚེ་མཚན་གྱུར་འཆགས་པར་ལས་ཊཱིཀ་གསུངས། །མ་ཡི་ལས་རྣམས་ཕ་ཡིས་བྱེད་པར་རུང༌། །ས་གཞན་སྤོ་མགུ་སྤྱོད་ལྡན་བཅུ་གཉིས་དང༌། །ངོ་བོ་ཉིད་ཚོལ་མཐུན་སྦྱིན་བསླབ་པ་བྱིན། །བསྡིགས་སྨད་བསྐྲད་ཕྱིར་འགྱེད་བཞི་གནས་དབྱུང་བདུན། །ལ་ལ་རྒྱལ་བ་ཁ་སྐོང་མི་འོས་ཕྱིར། །འདུས་པ་ཕྱིར་བཟློག་མི་མཐུན་མི་བསྐྱེད་ཟེར། །རྒྱུ་མཚན་མ་ངེས་དགེ་ཚུལ་ཁ་སྐོང་མིན། །འོན་ཀྱང་རང་ལ་བསྙེན་རྫོགས་བཟློག་པ་འཆགས། །རྒྱལ་བ་མི་མཐུན་བྱེད་ཉིད་མིན་གསུངས་པ། །མ་འདུས་པ་ལ་ལུང་ལས་དམིགས་ཀྱིས་བསལ། །འོ་ན་ལག་རྡུམ་རབ་བྱུང་བཀག་པའི་ཕྱིར། །མི་འཆགས་སམ་ཞེ་ན་དངོས་སུ་མིན་ཕྱིར་མིན། །གླེན་པ་ནང་བཅས་ཚིག་མི་བརྟན་སོགས་བཅུས། །དཀྲུགས་མིན་ཆོས་མིན་ལས་ནི་དེས་ཀྱང་ལྡོག །རྗོད་པར་བྱེད་པོ་མེད་ན་སྤོ་སྤྱོད་སོགས། །གདོན་རུང་ལས་བརྗོད་ཙམ་ལ་ཆོས་བཞི་ལྡན། །གཞི་ལ་སེམས་ཅན་མིན་བརྟེན་བཅུ་གཅིག་སྟེ། །གནས་ལ་བློ་མཐུན་གནས་ཀྱི་སྡོམ་པ་སྦྱིན། །མཚམས་ཆེ་བཅད་དགྲོལ་མཚམས་ཆུང་བཅད་དགྲོལ་བཞི། །རུང་ཁང་བློ་མཐུན་དེ་དགྲོལ་མི་འབྲལ་བའི། །གནང་བ་སྦྱིན་དང་སྲ་བརྐྱང་འདིང་བ་ལ། །བློ་མཐུན་བྱེད་དང་སྲ་བརྐྱང་དབྱུང་བ་འོ། །དེ་ལས་འབའ་ཞིག་ཤི་རྫས་བྱིན་བརླབ་དང༌། །གནས་ལ་བློ་མཐུན་མཚམས་གཅོད་གསོལ་གཉིས་ཏེ། །སྲ་བརྐྱང་དབྱུང་བ་ལ་སོགས་གསོལ་བཞི་འོ། །སེམས་ཅན་ལ་བརྟེན་ཁྱིམ་པ་རབ་བྱུང་གཉིས། །དང་པོར་ལྷུང་བཟེད་སྦུབ་བསྲང་མུ་སྟེགས་ཀྱི། །གནས་པ་སྦྱིན་དང་ཁྱིམ་གྱི་བསླབ་སྡོམ་སྦྱིན། །དེ་ཉིད་བག་ཡངས་བྱེད་པ་དང་བཅས་ལྔ། །གཉིས་པར་བསྙེན་རྫོགས་མ་རྫོགས་ལ་བརྟེན་གཉིས། །དང་པོར་རྩ་བའི་དབྱེ་བ་སྦྱིན་པའི་ལས། །ཞེ་བརྒྱད་བསྐོ་ལས་སོ་གསུམ་བྱིན་བརླབས་དགུ། །མ་མཐུན་བཅུ་གསུམ་ཡོ་བྱད་སྦྱིན་པའི་གསུམ། །རྗེས་གནང་བཞི་དང་རང་དོན་ལ་སྦྱར་གཉིས། །རབ་བྱུང་བ་ལ་མཁོ་བཞག་བཅུ་དྲུག་སྟེ། །རྩ་བ་བརྒྱད་ལ་ཡན་ལག་བརྒྱ་ཉི་ཤུ། །སྦྱིན་ཡུལ་བསྙེན་རྫོགས་གསོ་རུང་ཡན་ཆད་ལྡན། །ཤེས་པ་རང་བཞིན་གནས་དང་མཚན་མཐུན་དང༌། །གནས་ནས་མ་ཕྱུང་ཆོས་མིན་ཕྱོགས་མ་སོང༌། །ལ་སོགས་བརྒྱད་ལྡན་ནོ་འཁོར་མང་གནས་སྦྱིན་ཡུལ། །གསོ་རུང་མི་ཆོག་རྣམ་པར་དག་པ་དགོས། །སྨྱོས་གནང་སྦྱིན་ཡུལ་མ་ཡི་མགུ་དབྱུང་དང༌། །བསྙེན་རྫོགས་སྦྱིན་ཡུལ་བཟོད་པ་སྦྱིན་ཡུལ་དང༌། །མཐུན་པའི་གསོ་སྦྱོང་སྦྱིན་ཡུལ་རིམ་བཞིན་བཀོལ། །བསྐོ་ཡུལ་བཅུ་བཞི་ཆོས་ལྡན་མའི་དགག་དབྱེ། །བྱེད་པོར་བསྐོ་བྱ་མཚན་མི་མཐུན་པ་དགོས། །མི་མཐུན་ལས་སམ་ཆད་པ་བཅད་པའི་ཡུལ། །ཚོགས་སུ་མ་ལོང་ནད་པ་མིན་སོགས་བཅུ། །དབྱེ་བ་ཞལ་ཏ་བ་ལ་ངོར་འཕྱ་དང༌། །གཞོགས་འཕྱས་བསྒོ་བ་རྣ་གཟོན་མི་སྨྲ་བའི། །རྣ་གཟོན་བྱེད་ལ་དེ་ཡི་གྲངས་གཞུག་བཞི། །བསྒོ་གྱུར་བཅུ་ཡི་བཟློག་པ་བཅུ་སོགས་ཏེ། །དེ་ལས་འགའ་ཞིག་གཞི་ལ་དགེ་ཚུལ་ཡོད། །འདུ་ཤེས་བསྙེན་རྫོགས་སོགས་ལ་བསྒྲུབ་བྱ་དང༌། །སྨྱོས་གནང་ཆད་ལས་དགེ་འདུན་སེམས་ཀྱིས་འཆགས། །འཆགས་པའི་དུས་ནི་འོག་མ་མེད་པ་སྟེ། །གསོལ་བརྗོད་མཐའ་དེའི་སུམ་གཉིས་རྫོགས་ན་འཆགས། །ཡིད་ཀྱིས་གོ་ན་མ་ཐོས་པར་ཡང་འཆགས། །གོ་རྒྱུ་གསོལ་བར་ཚང་ཕྱིར་དེ་ཐོས་ནས། །སོང་ཡང་འཆགས་ལ་མི་མཐུན་མི་བསྐྱེད་དོ། །བསྒྲུབ་བྱའི་མྱོང་མེད་སེམས་ཅན་མིན་བརྟེན་དང༌། །གྲགས་པ་ཙམ་གྱིས་ནན་ཏུར་འཕྲིན་ཆོག་དང༌། །མངོན་དུ་མ་གྱུར་ལས་བཅུ་ལ་སོགས་སོ། །སྡུད་པོ་བསྐོ་དང་དབྱེན་སྤང་སོགས་ཡོད་ཀྱང༌། །མི་མཁོ་ཕྱིར་ན་གཏམ་གཞིར་བརྒྱ་རྩ་གསུངས། །གཏམ་གྱི་གཞི་ལས་འབའ་ཞིག་པ། །ཉེར་བཞི་གསོལ་གཉིས་ཞེ་བདུན་ཏེ། །གསོལ་བཞི་སུམ་ཅུའོ་ཤཱ་ཏམ་ལས། །གསང་དང་ནང་དུ་དྲི་ཕྱིར་དང༌། །གསོ་སྦྱོང་དེ་ལ་ལྟུང་བཅས་དང༌། །དེ་ལ་དགེ་འདུན་ཡིད་གཉིས་དང༌། །རྩོད་དང་ངེས་རྙེད་མ་ཡིན་དང༌། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང༌། །ཆོས་གོས་སྲ་བརྐྱང་གཏད་པ་དང༌། །ཆོས་གོས་སྦྱིན་པར་བྱ་བ་དང༌། །གནས་ངན་ལེན་ནི་བརྗོད་པ་དང༌། །གྲངས་སུ་གཞུག་པ་བཞི་དག་དང༌། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང༌། །ལྷུང་བཟེད་ཁ་སྦུབ་བྱ་བ་དང༌། །དེ་ཉིད་བཟློག་པར་བྱ་བ་དང༌། །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གསོ་སྦྱོང་གདོན་ཆེད་གསོལ་གདབ་སྟེ། །དེ་འོག་ལྟུང་བ་བྱིན་རླབས་བཞི། །དེ་བཞི་དགག་དབྱེའི་ཚེ་ཡང་ནི། །འབྱུང་ཕྱིར་དགག་དབྱེ་རང་དང་ལྔ། །ཤི་བའི་རྫས་དང་ནོར་འདྲ་བསྡོམས། །དབྱར་དང་ཚུལ་ཤིང་འབྲིམ་པ་བསྡོམས། །སྲ་བརྐྱང་གཏད་དང་ཆོས་གོས་ནི། །ངན་ན་དགེ་འདུན་སྦྱིན་པ་བསྡོམས། །གསོལ་གཉིས་གནས་ལ་བློ་མཐུན་ནས། །བག་ཚོས་འབྲིམ་པའི་བར་བཅོ་ལྔ། །ཕྲན་ཚེགས་འབྲིམ་ནས་རྒན་པོ་ལ། །མི་འབྲལ་གནང་སྦྱིན་བར་བཅུ་དྲུག །ལྷག་མ་བཅུ་དྲུག་གོ་དང་པོ་ནི། །གནས་དང་མཚམས་ནི་གཉིས་པོ་དང༌། །མི་འབྲལ་མྱོས་དང་དགག་དབྱེ་དང༌། །གནས་མལ་སྟོབ་པར་བྱེད་པ་དང༌། །རུང་བའི་ས་གཞི་བསྐོ་བ་དང༌། །སྲ་བརྐྱང་དང་ནི་དེ་འདིང་དང༌། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་བསྐོ་བ་ལ་སོགས་དང༌། །ཞེས་ཏེ་མཚམས་ཆེར་མི་འབྲལ་གནང༌། །དགག་དབྱེ་བྱེད་པོ་བསྐོ་བ་སྟེ། །གནས་ཀྱི་ཟས་ཐུག་བག་ཚོས་མཚོན། །ཕྲན་ཚེགས་འབྲིམ་དང་སྣོད་སྤྱད་འཇུག །གོས་དང་རས་ཆེན་སྦེད་འགྱེད་བཞི། །མངག་གཞུགས་མཛེས་འཆོས་བསྐོ་བ་ཡང༌། །གནས་ཁང་བསྐོ་ཞེས་སོགས་སྒྲས་བསྡུས། །ལྷག་མའང་ཀརྨ་ཤཱ་ཏམ་ལས། །གཟུ་དང་གསལ་དང་སྦེད་པ་དང༌། །ཚུལ་ཤིང་འབྲིམ་པར་བྱེད་པ་དང༌། །ཁང་པ་ཁང་ཆེན་བསྟན་པ་དང༌། །གླེང་དང་འབྲལ་བར་མི་འགྱུར་དང༌། །ཞེས་ཏེ་ཚུལ་ཤིང་ཕྱོགས་གཉིས་བརྟགས། །ཁྱིམ་སུན་འབྱིན་ལ་ཆོས་མིན་གླེང༌། །ལྷག་མ་བཅུ་དྲུག་ཡང་ཤཱ་ཏམ་ལས། །སྟན་དང་ལྷུང་བཟེད་འགྲིམ་པ་དང༌། །མ་དད་གོ་བར་བྱེད་པ་དང༌། །སྟོན་པ་དང་ནི་ནགས་ཉུལ་དང༌། །ཕྱག་མི་བྱ་དང་མང་ཕྱིར་དང༌། །འཁར་བ་དྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང༌། །བསླབ་པ་སྦྱིན་དང་ཉེར་གནས་དང༌། །བུ་དང་ཉེ་དུ་ཕྱིར་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །ལག་བླར་ལོ་དྲུག་སྟན་གནང་སྦྱིན། །མ་ཡི་སྟོན་པ་བསྐོ་བ་དང༌། །མང་ཕྱིར་ཞེས་པ་འཁོར་འཁོར་མང༌། །གསོ་སྦྱོང་ཐ་དད་རྙེད་གཅིག་བྱ། །བུ་དང་ཉེ་དུ་ཕྱིར་འགྲོ་བ། །གཉིས་ཀྱིས་དབྱར་འགྲོའི་གནང་བའང་མཚོན། །གསོལ་བཞི་སུམ་ཅུ་ཤཱ་ཏམ་ལས། །བསྙེན་པར་རྫོགས་པར་བྱ་བ་དང༌། །མུ་སྟེགས་གནས་དང་མཚམས་དགྲོལ་དང༌། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དང༌། །བརྒྱད་དང་བྲན་དང་མ་མྱོས་དང༌། །དེ་ཉིད་ཚོལ་དུ་གཞུགས་པ་དང༌། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་དག །གསོལ་དང་བཞི་ཡི་ལས་ཡིན་ནོ། །ཞེས་ཏེ་མུ་སྟེགས་གནས་པ་སྦྱིན། །བདུན་པོ་ཞེས་པའི་ལས་བཅུ་གཅིག །བསྡོམས་པས་གྲངས་ཕན་གཉིས་ཡིན་ཏེ། །བསྡིགས་སྨད་བསྐྲད་འགྱེད་གསོ་སྦྱོང་བཞག །དགག་དབྱེ་བཞག་པ་དྲུག་གི་སྟེང༌། །མ་མཐོང་མི་འཆོས་ལྟ་མ་གཏོང༌། །གནས་དབྱུང་ལ་བསྡུས་ཏེ་ལྟར་བདུན། །ནན་ཏུར་ཡིན་ཕྱིར་གྲངས་ཕན་གཅིག །བཟོད་གསོལ་ལོགས་སུ་གྲངས་ཕན་ནོ། །སྤོ་མགུ་གཞི་ནས་སྤོ་མགུ་དང༌། །གཞི་ནས་བསླང་སྟེ་སྤོ་མགུ་དང༌། །ལྷག་མ་དབྱུང་དང་སྲ་བརྐྱང་དབྱུང༌། །བརྒྱད་པོ་བརྒྱད་དང་ཞེས་པས་བསྡུས། །བསྒོ་གྱུར་བཅུ་པོ་བསྙིལ་དང་བཅས། །འཆབ་མེད་ཅན་ལ་བསླབ་པ་སྦྱིན། །དེ་རྟེན་གང་ལ་བཞག་ན་ཕ་ཉིད་ལ། །མ་ཡི་སྟོན་དང་དགག་དབྱེ་རས་ཆེན་སྦེད། །གཟུགས་གསལ་གསལ་བའི་གསལ་བ་བསྐོ་བ་དྲུག །མ་ལ་ཕྱག་མི་བྱ་བའི་སྡོམ་སྦྱིན་དང༌། །བསྒོ་བ་ལྔ་དང་སྔོན་རོལ་སྡོམ་གཉིས་སྦྱིན། །འཁོར་དང་འཁོར་མང་བུ་དང་ལྷན་ཅིག་ཉལ། །ཉེ་དུར་འབྲེལ་བའི་གནང་སྦྱིན་བཅུ་གཉིས་སོ། །ལྷུང་བཟེད་སྒྲུབ་བསྲང་ཁྱིམ་སྡོམ་སྦྱིན་དང་དགྲོལ། །དགེ་ཚུལ་བསྙིལ་ལྔ་མ་རྫོགས་འབའ་ཞིག་ལ། །བསྒྲུབ་ཕྱིར་ཐོས་པའི་མངོན་སུམ་བྱ་སྙམ་པའི། །དོག་པ་མེད་ཕྱིར་རྩ་བར་མ་བསྟན་ལ། །རྒྱུ་མཚན་དེ་ལས་བཟློག་ཕྱིར་སྨྱོས་གནང་དང༌། །ཕྱག་མི་བྱ་དང་མི་སྨྲ་ལོངས་མི་སྤྱོད། །གཙུག་ལག་ཁང་གི་སྡོམ་ལྔ་དངོས་སུ་བསྟན། །མཐའ་གསུམ་ལས་མིན་བརྒྱད་དང་བཞི་རུ་འགྱུར། །དེ་ཕྱིར་དེ་བཀོལ་ལྷག་མ་མྱོས་གནང་དང༌། །ཕྱག་མི་བྱ་དང་ཁྱིམ་སྡོམ་ལྷུང་བཟེད་སྦུབ། །མཐོང་ཐོས་གཉིས་ཀའི་མངོན་སུམ་མ་གྱུར་ལས། །བསྙིལ་དང་སྡོམ་གཞིག་ལྷུང་བཟེད་ཁ་བསྲང་གསུམ། །མཐོང་བ་མངོན་གྱུར་ཐོས་པ་མངོན་མ་གྱུར། །འདི་ལ་རྩོད་པ་ཊཱིཀྐར་ཁ་སྦུབ་ལ། །ཁ་བསྲང་བྱ་གསུངས་ལོངས་མི་སྤྱོད་དང་འགལ། །ཁྱིམ་སྡོམ་བྱིན་ལ་མི་སྨྲ་ལོངས་མི་སྤྱོད། །དེར་འགྲོ་སྟན་ལ་འདུག་ཅིང་ཆོས་སྟོན་འགལ། །མི་སྨྲ་སོགས་གསུམ་ཆོ་ག་ལུང་ན་མེད། །དེ་ཕྱིར་མངོན་དུ་མ་གྱུར་ལས་ཡིན་འགལ། །རྩོད་འདི་གསུམ་ལ་གོ་དཀའ་གསུམ་ཞེས་གྲགས། །བྱ་གསུངས་བྱས་པར་མ་གསུངས་དང་པོའི་ལན། །འགྲོ་ཡང་ཟ་ཕྱིར་མི་འགྲོ་གཉིས་པའི་ལན། །ལས་སུ་བཏགས་པ་ཙམ་སྟེ་གསུམ་པའི་ལན། །དེ་ལ་ལས་རྣམས་ཐོས་སུ་མི་རུང་བ། །འདི་བས་སྤངས་ཏེ་ཆོས་མིན་ཕྱོགས་སུ་སོང༌། །ཆོས་དང་ཟང་ཟིང་གིས་སྤང་གནས་དབྱུང་ངོ༌། །རྣམ་དག་ལས་ལོག་ཕམ་པས་ཉམས་པ་དང༌། །བདེ་འགྲོ་ལས་ལོག་མཚམས་མེད་བྱས་པ་དང༌། །བསྙེན་རྫོགས་ལས་ལོག་མ་རྫོགས་གྱུར་པ་སྟེ། །སྤངས་པ་གཉིས་དང་ལོག་པ་རྣམ་གསུམ་མོ། །ཁ་སྐོང་མི་འོས་ནའང་མ་སྤང་དང༌། །མ་ལོག་རྣམས་ཀྱིས་མདོ་གདོན་ཐོས་པར་རུང༌། །ལྷག་པོར་འབྲས་བུ་ཆུང་ཕྱིར་བརྗོད་པ་གཅིག །རང་དོན་སྔགས་བརྗོད་གཞན་ལ་ཕལ་ཆེར་གསུམ། །སོར་བཤགས་མཐོལ་བ་དགག་དབྱེ་དུས་ཡོལ་བརྗོད། །ཞག་བདུན་ཉི་མ་འདས་བརྗོད་མ་གཏོགས་སོ། །གཞན་གྱི་དོན་དུ་གང་ཟག་ལ་བརྗོད་ནའང༌། །བརྗོད་པ་གསུམ་ཞེས་ཤུགས་ཀྱིས་དགེ་འདུན་ལ། །བརྗོད་དོ་ཅོག་ནི་ལན་གཅིག་བརྗོད་པར་གསུངས། །དགེ་འདུན་ལ་བརྗོད་སྤོ་བའི་ཉི་མ་དང༌། །གང་ཟག་ལ་བརྗོད་དུས་མིན་འགྲོ་བ་འོ། །སྤོ་བ་བྱེད་པོས་བརྗོད་ན་ཉེར་གནས་ལ། །ཉེས་བཅས་འཆགས་ཤིང་གཞན་ལ་ཉེས་མེད་འཆགས། །ཆོ་ག་འདས་ལ་མི་འཆགས་གསུངས་པ་དེར། །ལ་ལ་དགེ་འདུན་ལ་ལ་ལས་ཆོག་ཟེར། །གྲངས་ཚང་ཙམ་དང་ཆོ་ག་བཏོན་ཙམ་ལ། །ཆོ་ག་མ་ཚང་ཕྱིར་ན་དེ་མི་འཐད། །རང་ལུགས་ལས་འཆགས་ཐབས་ཕྱིར་གསུམ་ཚོགས་སོ། །དགེ་འདུན་དང་འབྲེལ་ལས་ལ་གསོལ་བཞི་སོགས། །གང་རུང་མིན་པ་ཡོངས་དག་འབུལ་བ་འོ།།
ཕྱིར་བཅོས་གཞི་ལ་ལྟུང་བ་ཕྱིར་བཅོས་དང༌། །རྩོད་པ་ཕྱིར་བཅོས་གཉིས་སོ་དང་པོར་ཡང༌། །ཕྱིར་བཅོས་དངོས་ནས་འཁོར་ལོའི་དབྱེན་བར་དྲུག །དང་པོར་རང་མི་སྤྲོ་ན་ཕྱིར་བཅོས་རྒྱུ། །ནན་ཏུར་བྱེད་དང་སྤྲོ་ན་ཕྱིར་བཅོས་དངོས། །ནན་ཏུར་གླེང་གཞི་ནབས་སོ་འགྲོ་མགྱོགས་གཉིས། །མི་འདོད་བཞིན་དུ་ལས་ཀྱི་ཆད་བཅས་འཇུག །བཟོད་གསོལ་དགོས་རུང་ལས་དེ་དེ་ཡི་དོན། །མི་འདོད་བཞིན་ཞེས་ངོ་བོ་ཉིད་ཚོལ་སེལ། །ལས་ཞེས་གནས་ཀྱིས་གནས་བར་ཆད་བཅས་གཅོད། །ཆད་པར་བཅས་པ་ཞེས་པས་གྲངས་གཞུག་བསལ། །བཟོད་གསོལ་དགོས་རུང་ཞེས་པས་ནན་ཏུར་ལས། །བཟོད་གསོལ་མིན་ཡང་གཞན་སྟོབས་ཀྱིས་གྲོལ་སྡུད། །སྒྲས་བརྗོད་དབྱེ་བས་ནན་ཏུར་བཅོ་ལྔ་སྟེ། །དབྱུང་ཞེས་བསྡིགས་དང་གཉེན་པོ་ཆུང་ཞེས་སྨད། །ཁྱིམ་སུན་གནས་དེས་སྐྲོད་དང་མཛའ་གཅུགས་འགྱེད། །གནས་དབྱུང་བདུན་ཏེ་མ་མཐོང་མི་འཆོས་དང༌། །སྡིག་ལྟ་མི་གཏོང་འཐབ་ཀྲོལ་ལ་འབད་དང༌། །རུང་དང་མི་རུང་རྣམ་པར་གཏན་དབབ་ཀྱང༌། །མི་གཏོང་ཉེར་ཞིའི་ཕྱིར་དུ་གནས་དབྱུང་དང༌། །འཐབ་ཀྲོལ་རྒྱུ་བསྒྲུབ་པ་དང་དགེ་སློང་མར། །འདྲེས་ཤིང་གནས་པ་གནས་ནས་དབྱུང་བ་འོ། །གསོ་སྦྱོང་དགག་དབྱེ་བཞག་བསྙིལ་ལྷུང་བཟེད་སྦུབ། །བསྡིགས་པས་མི་གཏོང་གནས་ནས་དབྱུང་བ་ཡི། །རུང་མཐུན་སྦྱར་བ་སྨད་པས་མི་གཏོང་ན། །གནས་དབྱུང་ལ་སོགས་གསུམ་སྟེ་བཅྭོ་བརྒྱད་དོ། །བཅོ་ལྔའི་དང་པོ་བཅུ་བཞི་རབ་བྱུང་ལ། །བྱ་ཞིང་གསོལ་བཞིའོ་ཐ་མ་འབའ་ཞིག་པ། །ནན་ཏུར་འགོ་མེད་པ་ལ་འགོ་གདགས་པ། །རྣམ་པར་གཏན་འབེབས་མ་ཞི་གནས་དབྱུང་ལ། །མངོན་སུམ་བརྒྱད་ཀ་སྔོན་འགྲོའི་ཆོས་གསུངས་པས། །རུང་མཐུན་གནས་དབྱུང་གཞན་ལའང་བཞམས་བསྒོ་སོགས། །སྔོན་འགྲོ་སྦྱར་རོ་སྡིག་ལྟ་མི་གཏོང་ལ། །བཞམས་བསྒོ་དངོས་སུ་གསུངས་ཞེས་མཚོ་ཊཱིཀ་གསུངས། །ནན་ཏུར་མཇུག་མེད་པ་ལ་མཇུག་སྦྱར་བ། །བསྡིགས་པའི་མཐར་དབྱུང་གཞན་གསུམ་ལ་སྦྱར་བའོ། །འོག་ཏུ་བཞག་ཅིང་བཤུང་ཕྱིར་ནན་ཏུར་རོ། །ནན་ཏུར་ཡུལ་གྱི་རབ་བྱུང་གསོ་རུང་སྡོམ། །ནད་པ་གནས་དབྱུང་ཆོས་མིན་ཕྱོགས་དང་ཚོགས། །མ་ཡིན་ལྟུང་བ་གླེང་དྲན་སྔོན་སོང་སོགས། །བཅུ་ལྡན་ནོ་ཁྱིམ་པ་ཆོས་དྲུག་ལྡན་པ་སྟེ། །རང་གི་སྦྱིན་བདག་གཏོགས་ཤིང་ནད་པ་མིན། །ཕམ་པས་བསྐུར་ཞིང་གཤེ་སྤྱོ་སྔར་སྦུབ་མིན། །གང་གིས་བྱེད་པ་དགེ་འདུན་ཆོས་བཞི་ལྡན། །གྲངས་ཚང་མཚན་ཉིད་ཚང་ཞིང་མཐུན་པ་འོ། །དུས་ནི་དབྱར་ནང་མིན་ཞིང་མ་གཡེངས་པའོ། །དགག་དབྱེ་དེ་ཚེ་བཞག་ཕྱིར་དམིགས་བསལ་ལོ། །སྦྱོར་བ་གླེང་མཁན་བསྐོ་ཡི་ཀུན་གཤེ་བ། །མི་མཛེས་མཇུག་ཏུ་ལྟུང་འདི་ཕྱིར་བཅོས་ཤིང༌། །དགེ་འདུན་འདིས་ཁྱོད་བག་ཡངས་བྱེད་འགྱུར་རོ་བརྗོད། །ནན་ཏུར་བསླབ་བྱ་གཞན་གུས་བདག་གིར་བྱེད། །རང་བཞིན་གནས་དང་མཉམ་འགྲོ་མཉམ་དུ་འགྲོགས། །མཁན་སློབ་བྱེད་དང་གཞན་ལྟུང་གླེང་བ་སྟེ། །ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང༌། །བསྐྲད་པ་གང་བསྐྲད་ས་དེར་མི་གནས་ཀྱང༌། །དགེ་འདུན་ལྷན་ཅིག་སྤྱོད་ཕྱིར་གནས་དབྱུང་མིན། །ནན་ཏུར་གྲོལ་རྒྱུ་ཐུན་མོང་མ་ཡིན་པ། །གསོ་སྦྱོང་དགག་དབྱེ་ལྷན་ཅིག་བྱས་ན་དང༌། །གནས་དབྱུང་མིན་པའི་ནན་ཏུར་སྔ་མ་ལ། །ནན་ཏུར་གཞན་ཞིག་ཕྱི་ནས་བྱས་ནའང་གྲོལ། །ཐུན་མོང་བཟོད་གསོལ་བདེན་མཐོང་དགྲ་བཅོམ་སྟེ། །བདེན་མཐོང་གྲོལ་ན་དགྲ་བཅོམ་གསར་གྲོལ་དཔྱད། །མི་འདུ་ཁས་མི་ལེན་ཡང་ནན་ཏུར་རྒྱུ། །ཀུན་ལ་གྲགས་པ་ཙམ་གྱིས་བྱ་བར་རུང༌། །ཁ་ཅིག་བསྡིགས་པ་ནན་ཏུར་ཡོད་མིན་ཏེ། །ལྟུང་བ་གླེང་དྲན་སྔོན་དུ་འགྲོ་དགོས་ལ། །དེ་ཚེ་ཀུན་སྐབས་མི་འབྱེད་ལྷག་མར་ཕྱོགས། །ཕྱོགས་འགར་མི་འབྱེད་བརྗོད་བཅས་ཕུར་བཅས་འགྱུར། །ཕྱི་ཡང་ཁས་མི་ལེན་ན་མ་མཐོང་དབྱུང༌། །ལེན་ཡང་མི་འཆོས་མི་འཆོས་གནས་དབྱུང་ལ། །འཆོས་ན་ནན་ཏུར་མི་བྱེད་ཕྱིར་རོ་ཟེར། །སྐབས་མི་འབྱེད་ནམ་ལྟུང་བ་ཁས་བླངས་ན། །སྐབས་དེར་ནན་ཏུར་གཞི་བཙན་བྱ་བར་གསུངས། །ཕྱིར་བཅོས་མཐོལ་བཤགས་གཉིས་ལས་དང་པོའི་ཡུལ། །ལུས་ས་ལྟ་མཚན་བསྙེན་རྫོགས་ལྔ་ལྡན་ནོ། །བསྒོ་གྱུར་མཐོལ་ཡུལ་བསྒོ་ལས་མཛད་པོ་ཀུན། །སོར་བཤགས་དེར་འཚོག་གོ་གཞན་ནི་དགེ་སློང་ཆོས། །བདུན་ལྡན་ནོ་མ་རྙེད་སོ་ཐར་རིགས་བརྒྱད་རུང༌། །དེ་བཞིན་མཆིམས་གཞན་གནས་པ་ཡང་ངོ་གསུངས། །དངོས་པོ་སྡེ་ལྔར་གཏོགས་ཤིང་རང་རྒྱུད་འབྲེལ། །ཤེས་སམ་ཡིད་གཉིས་ཟ་སོགས་བཞི་ལྡན་ནོ། །ལྟུང་གཅིག་ཞག་གཅིག་བཅབ་དང་ཞག་གཉིས་བཅབ། །ཞག་མང་བཅབ་ལ་ཉེས་གྲངས་ཤེས་མི་ཤེས། །ཞག་གྲངས་མི་ཤེས་པ་ནི་ཞག་དཔག་མེད། །བཅབ་པའོ་དེ་ལྟར་མུ་ལྔ་ལྟུང་གཉིས་དང༌། །ལྟུང་བ་ཚད་མེད་ལ་སྦྱར་རོ་ཉེས་པའི་གྲངས། །ཤེས་བཀོལ་ལྷག་བཞི་ལྟུང་བ་དཔག་མེད་ལ། །སྦྱར་ཏེ་དེ་ལྟར་མཐོལ་སྔགས་མུ་བཅུ་དགུ། །གང་གིས་མཐོལ་བ་གནས་ཕྱུང་མིན་པ་དགོས། །
བཤགས་པར་བཅབ་ཉེས་བཤགས་དང་དངོས་བཤགས་གཉིས། །དང་པོར་བཤགས་ཙམ་ཞག་གི་ཆད་ལས་གཉིས། །བཤགས་ཡུལ་ཆོས་བདུན་སྟེང་དུ་ལྟུང་བ་ཡི། །མིང་རིགས་མི་གཅིག་མ་མཐའ་འང་ལྟུང་མི་གཅིག །རིགས་གཅིག་སྤང་ལྟུང་ལ་མཚུངས་ལྟ་བུ་འོ། །ཞག་འབྲེལ་ལྷག་མ་ལྕི་ཆོས་སྤོ་བ་སྤྱོད། །སྤོ་བ་ལེན་ཡུལ་གྲངས་ཚང་རང་བཞིན་དུ། །གནས་ལས་གང་ཟག་ཁྱད་འཕགས་མིན་པས་ནོད། །བཅབ་པའི་གྲངས་སྙེད་དོ་ཁྱད་འཕགས་སྤྱོད་ལྔ་སྤོང༌། །ནང་དུས་ཆོས་སྟོན་དུས་དང་འདུ་བའི་དུས། །དུས་ཐ་དད་དུས་དགོང་དུས་དམན་སྤྱོད་ལྔའོ། །བྱུང་ཞེས་བརྗོད་ཙམ་གྱིས་ཀྱང་བཅབ་ཉེས་ཁེགས། །དངོས་གཞི་བཤགས་ལ་རྩ་ལྟུང་ལྷག་མ་དང༌། །གཞན་ཕམ་གསུམ་མོ་འཆབ་བཅས་དམན་པས་གསོ་མི་ནུས། །འཆབ་མེད་བྱུང་ལ་ནམ་འཚོའི་བསླབ་པ་བྱིན། །ལྷག་མ་སྔར་བཞིན་སྤོ་མགུ་སྤྱོད་དགོས་ལ། །དགེ་འདུན་མགུ་བར་བྱེད་ཕྱིར་མགུ་བ་འོ། །འབྱིན་པའི་ལྷག་མའི་མགུ་བ་སྤྱོད་བཞིན་པར། །དེ་བྱུང་ཡང་ལེན་སླར་བྱུང་སླར་ཡང་བསྐྱར། །སྔ་མ་ཞིག་ཀྱང་ཕྱི་མའི་ཟླ་ཕྱེད་དམ། །ཞག་དྲུག་ཚང་ན་སྔ་མའི་མཇུག་མི་དགོས། །ལྷག་མ་སྔ་ཕྱིའི་བཅབ་ཡུན་རིང་ཤོས་སྲིད། །སྤོ་སྤྱོད་མི་མཐུན་ལྷག་མས་མི་འཇིག་ན། །སྤོ་སྤྱོད་དེ་ལ་སྤོ་སྦྱིན་རུང་ངམ་དཔྱད། །སྤོ་བ་སྔ་མ་བླངས་ཀྱང་མ་ཆགས་བར། །སླར་ཡང་ལྷག་མ་དེ་ཉིད་བྱུང་བ་ན། །སྤོ་བ་ལེན་གྱི་གཞི་ནས་སྤོ་བ་མིན། །འོན་ཀྱང་བར་མ་མི་འདོར་ཕྱིར་བཅོས་བྱ། །སྤོ་བ་དེ་ཡང་གཉིས་ཀའི་དོན་དུ་སྤྱད། །སྤོ་གསུམ་མགུ་གསུམ་སྤོ་བ་གསུམ་པོ་ལ། །མགུ་བ་གསུམ་གསུམ་ཕྱེ་བས་བཅོ་ལྔ་འོ། །མགུ་རྐྱང་གསུམ་དང་སྤོ་བའི་མཐའི་དགུ་སྟེ། །མགུ་བ་དབྱུང་བ་རྣམ་པ་བཅུ་གཉིས་སོ། །བསླབ་བྱིན་མདོ་སྡེས་འཆབ་བཅས་གསོར་མེད་པས། །འཆབ་མེད་ཕམ་པས་སྦོམ་པོ་དག་ཕྱིར་ཟེར། །གོང་མ་འཆབ་མེད་ཀྱིས་གཏོང་སླར་བླང་ཡང༌། །སྔར་གྱི་ཕམ་པ་དེ་ཉིད་དག་ཆེད་གསུངས། །བྱེ་སྨྲ་འཆབ་མེད་ཀྱིས་ནི་མི་གཏོང་ཡང༌། །མ་དག་གྱུར་པ་དག་ཕྱིར་མཚོ་ཊཱིཀ་གསུངས། །སྦྱིན་ཡུལ་བསྙེན་རྫོགས་གསོ་རུང་ཡན་ཞེས་པའི། །ཚབ་ཏུ་རབ་བྱུང་སྡེ་ལྔ་གསོ་རུང་ཞེས། །སྦྱར་ཏེ་དགེ་ཚུལ་བསླབ་བྱིན་འོད་ལྡན་གསུངས། །ཡན་ལག་གཅིག་བྲལ་ཕམ་པའི་སྦོམ་པོ་ལྕི། །མཚམས་བཅད་མཚམས་གཏོགས་ཀུན་དང་མཚམས་ཕྱིར་དྲུག །གཉིས་བྲལ་ཕམ་པའི་སྦོམ་པོར་ཡང་བ་བཞི། །ལྷག་མའི་སྦོམ་པོ་ལྕི་བ་ལྔ་ལ་སྟེ། །ལྟུང་བྱེད་སོར་བཤགས་ཉེས་བྱས་གཅིག་ལ་བཤགས། །དེ་ལྟར་མིང་རིགས་སྒོ་ནས་ཕྱིར་བཅོས་བྱས། །མཐར་བཙལ་རྐྱེན་མ་འབྱོར་དང་མཚན་གྱུར་དང༌། །དགྲ་བཅོམ་ཐོབ་དང་བདེན་མཐོང་རྣམ་ཐར་རྟོགས། །བྱང་ཆུབ་སེམས་བསྒོམ་བདུན་གྱིས་ལྟུང་བ་དག །བདེན་མཐོང་ཚེ་ན་ལྟུང་བ་ཕྲ་མོ་ཡང༌། །དག་ཕྱིར་དོན་དམ་དགེ་སློང་ཡིན་པར་གསུངས། །ཁྱིམ་པར་དགེ་འདུན་མི་དབང་ཕྱིར་ན་དེར། །ཁ་སྦུབ་ནན་ཏུར་མིན་ཡང་ཆད་ལས་འདོད། །དགེ་ཚུལ་སྨད་པ་ནན་ཏུར་ཡུལ་མིན་ཏེ། །དེ་ལ་ལྷག་མ་འབྱུང་བ་མེད་ཕྱིར་རོ། །གང་ཟག་གཞིར་བཅབ་ལྷག་མ་རང་གི་སྟེ། །གཞན་གྱི་དེ་ནི་འཆང་བའི་ལྟུང་བྱེད་དོ། །ས་གཞན་གནས་པའི་གཞི་ནི་ཉེར་ལྔའི་སྟེང༌། །བསྙིལ་བ་བསྣན་པས་ས་གཞན་ཉེར་དྲུག་གོ །ཞིབ་མོ་རྣམ་འཐག་དབྱེ་བ་ཞེ་བཞི་སྟེ། །སྔར་བཞིན་སྤོ་མགུ་སྤྱོད་པ་བཅོ་ལྔ་དང༌། །ལྡན་པ་བཅོ་ལྔའོ་ལྡན་པའི་དོན་ལ་དཔྱད། །དེ་སྟེང་བསྡིགས་སྨད་བསྐྲད་སོགས་སྔར་དང་འདྲ། །དེ་ལ་བསྡུ་ཚུལ་གསུམ་སྟེ་ངོ་བོའི་སྒོས། །སྤང་པ་ས་གཞན་གནས་དབྱུང་བདུན་དང་བསྙིལ། །སྨད་པ་ས་གཞན་བསྡིགས་སྨད་བསྐྲད་འགྱེད་བཞི། །རྣམ་པར་དག་པ་ས་གཞན་གཞན་རྣམས་སོ། །རྣམ་གྲངས་སྒོ་ནས་གཉིས་ཏེ་ས་གཞན་ལ། །ནན་ཏུར་བྱས་དང་མ་བྱས་གཉིས་ཡིན་ཏེ། །དབྱུང་བདུན་བསྡིགས་སོགས་བསྙིལ་བཅས་དངོས་པོ་གཞན། །བསླབ་བྱའི་སྒོ་ནས་ས་གཞན་ཆེ་ཆུང་གཉིས། །སྤོ་མགུ་བཅོ་ལྔ་ངོ་བོ་ཉིད་ཚོལ་དང༌། །བསླབ་བྱིན་ནོ་འདི་དག་ཁྱད་པར་སྤྱོད་ལྔ་སྤོང༌། །དམན་སྤྱོད་ལྔ་ལེན་ཆུང་ངུའི་དམན་སྤྱོད་མིན། །སྤོ་བ་འཁོར་བས་སྤོ་སྤྱོད་ལས་གྲོལ་ཀྱང༌། །མགུ་བ་མནོས་པས་སྤོ་ལྡན་ལས་གྲོལ་ལོ། །
ཡོངས་སྦྱོང་གཞི་ལ་གང་གིས་གླེང་བ་པོ། །སྡོམ་དག་ལྟ་མཐུན་གླེང་བྱར་ཞེ་འགྲས་མིན། །བུད་མེད་ཀྱིས་གླེང་ཚེ་ན་མཚན་མཐུན་འང་དགོས། །གང་ལ་གླེང་ཡུལ་སྡེ་ལྔ་གསོ་རུང་ལྡན། །ནད་པ་གནས་ཕྱུངས་དགེ་འདུན་འབྱེད་ནུས་མིན། །ལ་སོགས་བརྒྱད་ལྡན་ནོ་དབེན་པའི་གནས་སུ་གླེང༌། །ཚོགས་དབུས་གླེང་གསུངས་ཚོགས་ནང་ཉེས་བྱས་ཡིན། །གླེང་ཚེ་དང་པོར་བསམ་བྱའི་གནས་སུ་བསམས། །བརྟག་བྱའི་གནས་སུ་བརྟག་པར་བྱ་གསུངས་པ། །རང་ལ་གླེང་བྱེད་མཚན་ཉིད་ཚང་མ་ཚང༌། །གླེང་བྱ་ཡུལ་དུས་སོགས་ལ་བརྟགས་པ་འོ། །ཕྱོགས་འགར་སྐབས་མི་འབྱེད་ལ་བརྗོད་བཅས་ཏེ། །ཁྱོད་ཀྱིས་བརྗོད་བཅས་བྱས་ཞེས་བརྗོད་སོགས་སོ། །སྐབས་འབྱེད་ཁས་མི་ལེན་ལ་ཕུར་བཅས་ཏེ། །མི་མཉེན་པ་འམ་དམུ་རྒོད་འདུལ་ཕྱིར་རྟ། །ཕུར་པར་གདགས་བཞིན་ལྟུང་བའི་གཞི་དང་ནི། །གང་དུ་བྱུང་བའི་གནས་སོགས་གསལ་བྱེད་པའོ། །དེ་ལྟར་བྱས་ཀྱང་ཁས་མི་ལེན་ལ་གཉིས། །བརྗེད་པ་ཡིན་ན་ངོ་བོ་ཉིད་ཚོལ་སྦྱིན། །ཤེས་བཞིན་ཁས་མི་ལེན་ན་མ་མཐོང་དབྱུང༌། །
ལས་ཕྱེའི་གཞིར་གསུངས་ཆོས་ནི་མདོ་མངོན་ནོ། །ཆོས་མིན་ཕྱོགས་ལ་རིས་བརྒྱད་ཕྱག་མི་བྱ། །འོན་ཀྱང་དགེ་སློང་མ་སོགས་སྟན་ལས་ལྡང༌། །དེ་ལ་བཟོད་པར་བྱ་བ་གསོལ་བཞིའི་ལས། །དེ་རྗེས་མཐུན་པ་སྦྱིན་པ་གསོལ་བཞིའི་ལས། །དེ་འོག་མཐུན་པའི་གསོ་སྦྱོང་སྦྱིན་གསོལ་བཞི། །དེ་འོག་ལྷན་ཅིག་མཐུན་པའི་གསོ་སྦྱོང་བྱ། །མི་རུང་གཞི་བཅུ་ཞི་བྱེད་བཀྲ་ཤིས་ཏེ། །ཧུ་ལུ་ཧུ་ལུ་ཡི་རངས་དང༌། །ཀུན་སྤྱད་སྣོད་དང་ལན་ཚྭ་དང༌། །ལམ་དང་སོར་གཉིས་དཀྲུགས་དང་གདིང༌། །གསེར་གྱི་རུང་བ་བྱ་བ་ནི། །མི་རུང་བ་ཡི་གཞི་བཅུ་ཡིན། །ཞེས་ཏེ་ཆོས་མིན་བྱས་ན་ཨ་ལ་ལའི། །རུང་བར་བྱེད་པ་ཧུ་ལུ་ཧུ་ལུ་འོ། །ཞེས་སོགས་རྒྱས་པར་བུ་སྟོན་ཆོས་འབྱུང་གསལ། །སྒྲ་མི་སྙན་མ་གཏོགས་པར་མཚམས་གཅིག་ཏུ། །ཁ་སྐོང་འོས་པ་བརྒྱད་ཡན་སོ་སྐྱེས་ཀྱི། །ཆོས་མིན་དེར་འདུ་ཤེས་པའི་དབྱེ་བ་འོ། །
འཁོར་ལོ་ཕྱེ་བ་ལུང་གཞི་ལས། །འོ་མ་ཤ་དང་ལན་ཚྭ་དང༌། །གོས་དྲས་དགོན་པར་གནས་པ་དང༌། །ཞེས་ཏེ་ལྡོག་ཕྱོགས་བསླབ་ཚིགས་ལྔའི། །ཚུལ་ཤིང་བྲིམ་ནས་དགེ་འདུན་ཕྱེ་བ་སྟེ། །ཞག་ཏུ་མི་གནས་དེ་བར་ལམ་ལྔ་ཆད། །དབྱེན་དང་དགེ་འདུན་ལྟུང་བར་འབྱེད་པོ་ལྡན། །བཅས་པའི་དང་པོ་པ་ཕྱིར་ལྷག་མ་དཀའ། །
རྩོད་རྒྱུ་ཕྱི་ན་ཡོད་པ་རྣམ་བཞི་སྟེ། །དེ་བཞིན་ཉིད་ལ་ལོག་སྒྲུབ་རྟག་སྨྲ་སོགས། །སྤོང་བ་ཞེས་བྱ་གདམས་ངག་ལ་སོགས་འཇོག །ལྟུང་བཅས་ལྷག་མ་མེད་ན་རྩོད་ཟླ་མིན། །བཞི་པ་ལས་ལ་འདུ་བ་མི་སྟེར་བའོ། །མི་མཐུན་སྨྲས་ལ་འཁོན་འཛིན་རྩོད་པའི་དངོས། །ཆེ་ལོང་དབྱེ་ན་འགྱེད་ཕྱིར་མི་གདམས་ཕྱིར། །ལྟུང་ཕྱིར་བྱ་བ་ལས་ཕྱིར་རྩོད་པ་བཞི། །ཞིབ་མོ་རྣམ་འཐག་དབྱེ་བ་བཅུ་གཅིག་སྟེ། །མི་གདམས་ཕྱིར་རྩོད་པ་ལ་རྒྱུ་བཅས་ནི། །ལྟུང་བ་ཡོད་ཀྱང་གླེང་ལ་མི་ཉན་པའོ། །རྒྱུ་མེད་གྱད་བུ་ནོར་ལ་ལོག་གཡེམ་གྱིས། །གླེང་བ་ལྟ་བུ་གླེང་བའི་གཞི་མེད་དང༌། །མངོན་ཚན་ཅན་གྱི་ལྟུང་བ་བྱུང་བ་ལ། །ཉོ་ཚོང་གིས་གླེང་གཞི་གཞན་རྗེས་སྒྲུབ་དང༌། །ཆང་འཐུང་ཡང་ཕྱིར་བཅོས་བྱས་པ་མི་ཤེས་པར། །གླེང་བ་ཕྱིར་བཅོས་པ་ལ་མི་ལྟོས་དང༌། །སྨྱོས་པར་མ་ཤེས་གླེང་བ་རྣམ་བཞི་འོ། །ལྟུང་ཕྱིར་རྩོད་ལ་གཉིས་ཏེ་གླེང་བྱ་དེས། །བྱུང་བ་ཤེས་ཤིང་དྲན་བཞིན་རྩོད་པ་དང༌། །བཟློག་པའོ་དང་པོ་ལ་ནི་རྣམ་གསུམ་སྟེ། །ཕྱིར་འཕྲོས་མེད་པ་ཁོ་རང་གཉིས་ཙམ་རྩོད། །རེ་གཉིས་ཕྱོགས་བཅས་ཕྱིར་འཕྲོས་ཉི་ཚེ་དང༌། །མཚམས་ནང་དགེ་འདུན་མཐའ་དག་རྩོད་པ་འོ། །ཞི་བྱེད་གཅིག་གིས་རྩོད་ཀུན་ཞི་བ་དང༌། །རྩོད་པ་གང་ལ་ཞི་བྱེད་ཀུན་འཇུག་དང༌། །སོ་སོར་ཞི་བྱེད་སོ་སོར་སྦྱར་བ་འོ། །དང་པོ་འཆི་བཞིན་པ་འམ་བསླབ་དབུལ་ལོ། །གཉིས་པ་བྱ་བ་ལས་ཕྱིར་རྩོད་པ་ལ། །དངོས་སམ་བརྒྱུད་པས་ཞི་བྱེད་ཐམས་ཅད་འཇུག །གསུམ་པར་འགྱེད་ཕྱིར་རྩོད་སོགས་ཞི་བྱེད་བཞི། །དང་པོར་མངོན་སུམ་དང་ནི་གང་མང་གཉིས། །མངོན་སུམ་ལའང་བརྒྱད་དེ་མཚོ་ཊཱིཀ་ལས། །རྒོལ་དང་གཟུ་དང་དགེ་འདུན་གཞི་པོ་དང༌། །གསལ་བ་དང་ནི་གསལ་བའི་བསལ་བ་དང༌། །དགེ་འདུན་གཞན་དང་སྡེ་སྣོད་འཛིན་པ་དང༌། །གནས་བརྟན་མཐུ་དང་ལྡན་པའི་མངོན་སུམ་མོ། །ཞེས་གསུངས་རྒོལ་དང་ཕྱིར་རྒོལ་མངོན་སུམ་ནི། །བརྒལ་ལན་ཚུལ་གྱིས་རྣམ་པར་གཏན་འབེབ་པོ། །གང་མང་ཞེས་བྱ་ཚུལ་ཤིང་བྲིམ་པ་སྟེ། །ལྟ་ཕྱིར་ཡིན་གྱི་ཚུལ་ཁྲིམས་ཕྱིར་ནི་མིན། །མི་གདམས་ཕྱིར་རྩོད་ཞི་བྱེད་ལ་གཉིས་ཏེ། །རྒྱུ་བཅས་ལ་ནི་མངོན་སུམ་འདིས་བྱེད་ཀྱང༌། །རྒྱུ་མེད་གསུམ་ལ་དྲན་པའི་འདུལ་བ་དང༌། །ཐ་མར་མ་སྨྱོས་འདུལ་བའི་དག་པ་སྟེར། །ལྟུང་ཕྱིར་རྩོད་གཉིས་ངོ་ཤེས་ཞི་བྱེད་གསུམ། །ཕྱིར་འཕྲོས་མེད་པའི་ཞི་བྱེད་ཡང་གཉིས་ཏེ། །ཁས་མི་ལེན་ཞིང་མི་འཆོས་ཕྱིར་རྩོད་ན། །ཁས་བླངས་ནས་ནི་ཕྱིར་བཅོས་བྱ་བས་ཞི། །ཁས་མི་ལེན་ཕྱིར་ཙམ་རྩོད་བླངས་པས་ཞི། །ཕྱིར་འཕྲོས་ཉི་ཚེ་བ་ལ་མངོན་སུམ་སྟེ། །ཀུན་ནི་རྩ་བཀྲམ་བཞིན་དུ་ཕན་ཚུན་འདུད། །མི་ཤེས་པ་ལ་ངོ་བོ་ཉིད་ཚོལ་སྦྱིན། །ལས་ལ་རྩོད་ན་ལས་ལ་མཐུན་པ་སྦྱིན། །རྩོད་པ་འཁྲུལ་བ་རུང་མཐུན་སྦྱར་བྱས་ན། །ཕྱིར་འཕྲོས་མེད་སོགས་མི་གདམས་ཕྱིར་ལ་སྦྱར། །ལྟུང་ཕྱིར་རྩོད་ལའང་གཞི་མེད་སོགས་བཞི་སྦྱར། །ལྟུང་ཕྱིར་རྩོད་པ་དང་པོར་ཁས་བླངས་པས། །ཞི་གསུངས་གཉིས་པར་སྦྱར་ཞིང་གཉིས་པ་ལ། །མངོན་སུམ་གསུངས་པ་དང་པོར་སྦྱར་དུ་རུང༌། །རྩོད་པ་མཐར་བསྐྱལ་བ་ནི་མཐར་དབྱུང་ངོ༌། །འཐབ་ཅིང་མ་ཞི་པ་ལ་བསྡིགས་པ་དང༌། །བརྐྱངས་ཏེ་མ་ཞི་བ་ལ་ཕྱིར་འགྱེད་དོ། །ཕྱོགས་རེས་གཅིག་གི་ས་གཞན་མིང་སྨོས་ནས། །མཐོལ་ན་ཀུན་གྱི་ལྟུང་ཕྱིར་རྩོད་པ་ཞི། །ཁ་ཅིག་ངོ་བོ་ཉིད་ཚོལ་ནན་ཏུར་ཏེ། །དགེ་འདུན་དབུས་སུ་བཞག་ནས་བྱ་གསུངས་ཕྱིར། །རྒན་མཐར་གསོལ་བ་འདེབས་པ་མ་གསུངས་ཕྱིར། །བསྡིགས་བཞིན་མཇུག་ཏུ་བཟོད་གསོལ་གསུངས་ཕྱིར་ཟེར། །གསོལ་འདེབས་རྣམ་འབྱེད་མེད་ཀྱང་ལུང་གཞིར་གསུངས། །ནན་ཏུར་ཡིན་ན་སྐབས་འདིར་གསུངས་པའང་འཆོལ། །རྩོད་པ་བཅུ་གཅིག་སོ་སོར་མངོན་སུམ་ཀྱང༌། །ལན་གསུམ་བགྲང་བའི་ཞི་བྱེད་སོ་གཉིས་སོ། །ཞི་བྱེད་བསྡུས་ན་ལོ་དྲི་ལས། །མངོན་སུམ་དྲན་པ་མ་སྨྱོས་དང༌། །དེ་བཞིན་གང་མང་ངོ་བོ་ཉིད། །རྩ་རྣམས་བཀྲམ་པ་ལྟ་བུ་དང༌། །ཁས་བླང་བར་ཡང་བྱ་བ་འོ། །ཞེས་ཏེ་བདུན་ནོ་མཚོ་ཊཱིཀ་ལས། །བརྒྱད་པ་ལས་ལ་མཐུན་པ་སྦྱིན། །གཙུག་ལག་ཁང་མཆོག་གཙང་ཁང་ཁྱམས་དང་བཅས། །རྒྱལ་བའི་བཀས་བཀོད་རི་མོ་རྣམ་བཀྲ་བར། །ཞིང་མཆོག་རྒན་གཞོན་རིམ་པའི་མཛད་བཟང་གིས། །བཤད་སྒྲུབ་བྱ་བ་ལས་ཀྱིས་བསྟན་པ་སྐྱོངས།།