མཛོད་དགེ་རྫོང་དུ་ཅང་ཤེས་རྟ་ཕོས་བང་རྩལ་འགྲན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-20


        དཔྱིད་མགོ་མའི་སྐབས་འདིར་མཛོད་དགེའི་རྩྭ་ཐང་ཆེན་མོར་ད་དུང་གྲང་ངར་ཅུང་ཙམ་ལུས་འདུག །ཡིན་ཡང་རྩྭ་ཐང་དུ་ཅང་ཤེས་རྟ་ཕོས་མཚེར་སྐད་སྒྲོག་བཞིན་བང་རྩལ་འགྲན་བཞིན་པས་སྤྲོ་བས་ཁེངས། ཉེ་ཆར་མཛོད་དགེ་རྫོང་ཨ་སྐྱིད་གྲོང་རྡལ་གྱི་གཞུང་གི་རྩ་ས་རུ། སྤྲོ་སྣང་དང་ངར་ཤུགས་ཀྱིས་ཁེངས་པའི་རྟ་རྒྱུག་འགྲན་སྡུར་སྤེལ་བཞིན་པས།  མང་ཚོགས་དང་ཡུལ་སྐོར་བ་མང་པོ་ལྟད་མོར་བཀུག་ཡོད།

        འགྲན་རར་རྩྭ་ཐང་གི་ཕོ་རྒོད་རྣམས་ཀྱིས་ཅང་ཤེས་རྟ་ཕོ་རྩལ་གྱིས་ཞོན་བཞིན། འགྲན་བརྡ་བཏང་མ་ཐག་སྐད་ཅིག་ཉིད་ལ་མང་ཚོགས་ཀྱི་དགའ་འབོད་ཁྲོད་ནས་བྱ་འཕུར་བ་ལྟར་སྨི་བརྒྱ་ལ་བང་གིས་འགྲན། རྟ་པ་རྣམས་ཀྱིས་རྟ་རྩལ་སྣ་ཚོགས་ངོམས་པས། ཡུལ་དངོས་ཀྱི་ལྟད་མོ་བའི་སེམས་པ་རབ་ཏུ་བཀུག་སྟེ། ཚང་མ་དགའ་སྤྲོའི་ཀི་འབོད་དང་མཆིང་ལྡིང་ལ་རོལ་བས་ཡུལ་དངོས་འདུ་འཛིས་ཁེངས།

        གཟུགས་བོངས་ཆེ་ལ་རྣམ་པ་མཛེས་པ། ངར་ཤུགས་རྒྱས་པའི་ཅང་ཤེས་རྟ་ཕོ་རྣམས་ནི་རྩྭ་ཐང་གི་རྒོད་པོ་སྟེ་རྨ་ཁུགས་གྱི་ལིང་ཡིན།  རྨ་ཁུགས་གྱི་ལིང་གི་ལོ་རྒྱུས་རིང་ལ།  ནང་སོག་གི་ཆུ་གསུམ་རྟ་མཆོག་དང་ཞིན་ཅང་གི་དབྱི་ལི་རྟ་མཆོག་བཅས་ལ། ཀྲུང་གོའི་རྟ་མཆོག་གསུམ་དུ་འབོད་ལ། ས་གནས་དེའི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་མཛའ་གྲོགས་ཀྱང་ཡིན།

        མེན་དབྱང་གི་ཡུལ་སྐོར་བ་སྐུ་ཞབས་ལི་ཡིས་གསར་འགོད་པར་བཤད་རྒྱུར། ང་ཚོ་མེན་དབྱང་ནས་ཡོང་བའི་ཡུལ་སྐོར་བ་ཡིན། དེ་རིང་མཚོ་ཁྲར་བསྐྱོད་པ་དང་། འདིར་བརྒྱུད་སྐབས་རྟ་རྒྱུག་འགྲན་སྡུར་ལ་བལྟས་པ་ཡིན། གྲངས་ཉུང་མི་རིགས་ནི་ངར་སེམས་ཀྱིས་ཁེངས་པ་ཞིག་རེད་ལ།  རྟ་རྒྱུག་ཀྱང་ངོ་མཚར་ཆེ་བ་ཞིག་རེད་ཟེར།

        རྟ་རྒྱུག་ནི་བོད་མི་དམངས་ལ་མཚོན་ན་ཧ་ཅང་དགའ་ཞེན་ཆེ་ལ་ཁྱབ་གདལ་ཆེས་ཆེ་བའི་ལུས་རྩལ་བྱེད་སྒོ་ཞིག་ཡིན། རྟ་རྒྱུག་གི་ལོ་རྒྱུས་རིང་ལ་རྣམ་གྲངས་མང་བ། ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་རང་དབང་ཆེ་ལ། མི་རིགས་དང་ས་ཁོངས་ཀྱི་ཐུན་མིན་ཁྱད་ཆོས་ལྷག་ཏུ་འཛོམས་པ་ཞིག་ཡིན།

        རྒྱུས་ལོན་བྱུང་བ་ལྟར་ན། ལོ་རེར་དཔྱིད་ཀྱི་མེ་ཏོག་བཞད་པ་དང་བསྟུན། མཛོད་དགེ་རྫོང་གི་ཡུལ་གྲོང་སོ་སོས་རྟ་རྒྱུག་འགྲན་སྡུར་སྤེལ་ཏེ། འབྲོག་པ་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མཚོན་ལ། འབྲོག་པ་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བ་དང་སྦྲགས། ལོ་རེར་སྤེལ་བཞིན་པའི་མཛོད་དགེ་རྫོང་ཨ་མདོ་རྟ་རྒྱུག་འགྲན་ཚོགས་ཆེན་མོར་སྟ་གོན་བྱེད། སྐབས་དེར་འགྲན་ཚོགས་ཆེན་མོའི་རྣམ་པ་ཟིལ་ཤུགས་ཆེ་ལ། ཁྲོན་ཀན་མཚོ་གསུམ་གྱི་རྫོང་ཁག་32ཀྱི་འགྲན་ཞུགས་པ་འགྲན་སྡུར་དུ་ཞུགས་ལ། ལྷག་ཏུ་མང་ཚོགས་ཁྲི་ཕྲག་མང་པོ་ལྟད་མོར་འགུག་ངེས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1