༄༅།། རྒྱང་རིང་གི་ཕ་ལགས་དྲན་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-20


        སྲིད་པའི་གཏམ་དཔེར། མི་རྒས་ཀྱིན་རྒས་ཀྱིན་ཡུལ་དྲན། བྱ་རྒས་ཀྱིན་རྒས་ཀྱིན་ཚང་དྲན། ཞེས་པ་ལྟར། ད་ལྟ་ངས་ཕ་ཡུལ་དྲན་གྱིན་འདུག ཁོ་བོ་ན་ཚོད་ཀྱི་དབང་དུ་བྱས་ན། རྒས་པའི་ལོ་ཚོད་དེ་འདྲར་སླེབས་མེད་མོད། འོན་ཀྱང་། ཕ་ཡུལ་དང་གྱེས་ཏེ་ལོ་ཟླ་མང་པོ་ཞིག་སོང་དུས་སེམས་ཀྱི་འཆར་སྒོའི་ངོས་སུ་ཕ་ཡུལ་གྱི་རྣམ་པ་ཝ་ལེར་དྲན་ཡོང་གིན་འདུག དེའི་རྒྱུ་མཚན་ནི། ཕ་ཡུལ་ནི་ཕ་ལགས་ཀྱི་གཞིས་ཁྱིམ་དང་ཕུ་ནུ་མིང་སྲིང་དག་གི་དགོད་སྒྲ་ལྷང་ལྷང་སྒྲོག་ས་དེ་ཡིན་འདུག དེའི་ཕྱིར། མི་རྒས་ནས་ཡུལ་དྲན་པའི་སར་སླེབས་མེད་ནའང་། ཕ་ཡུལ་དྲན་པའི་གདུང་བ་ཇེ་ལྕི་ནས་ཇེ་ལྕི་རེད། མ་གཞི་ནས་ངས་རང་གི་ལོ་ཚོད་དང་མི་རན་པའི་སྡུག་ཡུས་དང་སྐྱོ་སྣང་འདང་རྒྱག་སོགས་ཁུར་ནས་མི་ཚེ་སྐྱེལ་བཞིན་ཡོད། ད་ལྟ་ཡང་། ངས་ཕ་ལགས་དྲན་པའི་གདུང་བ་ཁུར་ནས་འགྲོ་བཞིན་ཡོད། ངའི་ཕ་ལགས་ནི་སྤྱིར་བཏང་གི་མི་དང་མཚུངས་པའི་གཤིས་ཀ་ཞིག་ཡོད་ཐོག མི་དཀྱུས་མ་ཞིག་ཡིན། ཁོས་ལས་ལ་ཧུར་བརྩོན་བྱས་ནས། འཇིག་རྟེན་འདིར་གཞིས་ཀ་གཉིས་ཙམ་བརྒྱབ་མྱོང་ཟེར། དེ་ཡང་སེམས་ཀྱིས་རུམ་ཞིང་མིག་ལྟར་སྲུང་བའི་བུ་བུ་མོ་འདི་དག་གི་ཆེད་དུ་ཡིན་ཟེར། ད་ལྟ་ཕ་ལགས་རྒས་ནས་དབུ་སྐྲ་དཀར་པོར་འགྱུར་བཞིན་འདུག གདོང་ལ་གཉེར་མ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག རྐང་པའི་ལྷུ་ཚིགས་དག་ལ་ན་ཟུག་སྐྱེས་ཏེ། ཡར་ལ་འགོ་མི་ཐུབ་པ་དང་མར་ལ་འབབ་མི་ཐུབ་པའི་སར་སླེབས་འདུག ངས་ཞིབ་ཏུ་འདང་བརྒྱབ་ན། འཇིག་རྟེན་འདི་ལ་སྐྱེ་བ་ཡོད་པ་ནས་བཟུང་། རྒ་བ་ཡོད་པའི་གནས་ལུགས་ཤིག་རྙེད་མོད། ཡིན་ན་ཡང་། གནས་ལུགས་དེ་ངའི་སེམས་ཀྱི་ཟབ་སར་བསྡད་པའི་མི་རྣམས་ཀྱི་སྟེང་ལ་འབབ་དུས། ངའི་སེམས་ཀྱིས་རྩ་བ་ནས་བཟོད་ཀྱིན་མི་འདུག གནས་ལུགས་དེ་ལ་ཡིད་ཆད་དང་ཕངས་སེམས་ཀྱང་སྐྱེ་བཞིན་འདུག འོན་ཀྱང་། གནས་ལུགས་ནི་གནས་ལུགས་རང་ཡིན་པས་སུས་ཀྱང་ཟློག་ཐབས་བྲལ་ཨང་། སྔོན་སངས་རྒྱས་བཅོམ་ལྡན་འདས་མཆོག་གིས་ཀྱང་གནས་ལུགས་འདི་ལ་བརྩི་སྲུང་བྱས་ནས་སྐྱེ་བ་དང་རྒ་བ་སོགས་ཀྱི་ཚུལ་མཛད་ན། ཕལ་བའི་མི་ཞིག་ལ་གནས་ལུགས་འདི་ཡོང་ངེས་སྙམ་སྟེ་ཡུད་ཙམ་ཞིག་ལ་དབུགས་ཕྱུང་སྟེ་སྡོད་རྒྱུ་བྱུང་། ཡང་གཅིག་བསམ་ན།མ་དྲིན་མོ་ཆེ་འཇིག་རྟེན་འདི་དང་ཁ་བྲལ་བ་ནས་བཟུང་། ངེད་ཕུ་ནུ་མིང་སྲིང་དང་ཕ་ལགས་དང་བཅས་པར་མུན་ནག་གི་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད། ནང་སེམས་ཀྱི་གཏིང་ལ་སྡུག་གི་ན་བུན་སིམ་སྟེ། འཇིག་རྟེན་འདི་ལ་ཕྱིར་དྲན་གྱི་ཡང་སྙིང་ངོ་མ་ཞིག་ལྷག་ཡོད། གལ་ཏེ། ཕ་ལགས་ཀྱང་གློ་བུར་གློ་བུར་དུ་ངེད་ཕུ་ནུ་མིང་སྲིང་དག་བསྐྱུར་ནས་འཇིག་རྟེན་གཞན་ཞིག་ལ་སོང་ཚེ། སྐྱིད་ལ་ཉིས་རྩེག་མེད་པར། སྡུག་ལ་སུམ་རྩེག་ཅེས་པ་ལྟར། ངེད་ཕུ་ནུ་མིང་སྲིང་དག་གི་མིག་ཆུའང་ཅི་འདྲའི་མོད་པོར་འགྱུར་འགྲོ་ཨང་། ངེད་ཕུ་ནུ་མིང་སྲིང་དག་གིས་ལས་དབང་ལ་ཇི་ལྟར་འཁང་ར་བྱེད་ཨང་། དེ་ལྟར་བསམ་ཞིང་བསམ་ན། ཕ་ལགས་དྲན་པའི་གདུང་བ་ལྗིད་ཏིག་གེར་བྱུང་། ང་ལ་མཚོན་ན། ཕ་ཡུལ་དང་གྱེས་ཏེ། བས་མཐའི་ཡུལ་ཞིག་ནས་ངོ་མི་ཤེས་པའི་མི་དང་ལྷན་དུ་མི་ཚེ་སྐྱེལ་བ་ལས། ཕ་ཡུལ་དུ་ལྡོག་སྟེ། ཕ་ལགས་དང་མཉམ་དུ་ཉི་མ་སྐྱེལ་ཐབས་བྱེད་ན་དགའ་ཨང་སྙམ། ཕ་ལགས་ཀྱི་མངར་སྐྱུར་གྱི་གཏམ་རྒྱུད་དག་ཡི་གེར་བྲིས་ཏེ། ཁྱིམ་ཚང་འདིའི་བདེ་སྐྱིད་ཀྱི་དགོད་སྒྲ་མ་ལུས་པ་འཇིག་རྟེན་དཀར་ངོགས་སུ་ལན་གཅིག་བཤམ་ཐུབ་ན་སྙམ། ད་དུང་ཕ་ཡུལ་དུ་ལྡོག་སྟེ། ཕ་ལགས་ཀྱི་རྐང་པ་ལན་གཅིག་བཀྲུ་རྒྱུ་བྱུང་ན་སྙམ། ཕ་ལགས་ལ་སྲི་ཞུ་རྣལ་མ་ཞིག་བསྒྲུབ་རྒྱུ་བྱུང་ན་སྙམ། འོན་ཀྱང་། ངའི་དུངས་པ་རྣལ་མ་འདི་མངོན་འགྱུར་དུ་ཡོང་ཐབས་མི་འདུག དེའི་རྒྱུ་མཚན་ནི། རྒྱང་རིང་ནས་ཕ་ལགས་ཀྱིས་ཁ་པར་ལམ་ནས་འཕྲིན་པ་བཏང་སྟེ།གནས་དེ་ནས་སློབ་སྦྱོང་ཡག་པོ་བྱོས། ཕ་ཡུལ་དུ་ལྡོག་མི་དགོས། ཞེས་ངའི་མི་ཚེའི་རྒྱབ་ལ་ཤུགས་སྣོན་པ་ལས་ཕ་ཡུལ་དུ་ལོག་ཤོག་ཅེས་པའི་ཚིག་གཅིག་ཀྱང་འབྱུང་གིན་མེད།དེའི་ཕྱིར། ཕ་ལགས་དྲན་ཡང་། ཕ་ལགས་ཀྱི་ཐུགས་བློ་བདེ་ཕྱིར། གནས་འདི་ནས་ལོ་ཟླ་མི་སྐྱེལ་ཀ་མེད་བྱུང་། ཡིན་ན་ཡང་། ངས་ལོ་ཟླ་ཞག་གསུམ་མཛུབ་མོས་བགྲངས་ཏེ་ཕ་ལགས་དང་མཉམ་དུ་ཉི་མ་སྐྱེལ་རྒྱུར་བསྒུགས་ཡོད། ངས་ཕ་ལགས་ཀྱི་དབུ་སྐྲ་མིག་གིས་འཚོས་ཏེ་ལོ་ཟླ་ཞག་གསུམ་སྐྱེལ་བཞིན་ཡོད། ད་དུང་། མིག་སྔའི་སྟོང་བསམ་དང་འཆར་ཡན་གྱི་ནང་ནས་ལོ་ཟླ་ཞག་གསུམ་ཕར་ལ་སྐྱེལ་བཞིན་ཡོད། ཕ་ལགས་དྲན་པའི་གདུང་བ་ཁུར་ཏེ་མིག་ལྕིབས་ཀྱི་མཐའ་ནས་མཆི་མའི་རྡོག་པོ་འགའ་དབང་མེད་དུ་འཆོར་གྱིན་འདུག

        རེད་ཨང་། འཇིག་རྟེན་འདི་ལ་བརྩེ་བ་ཞེས་པའི་གཟུགས་མེད་ཀྱི་དངོས་པོ་ཞིག་ཡོད་པ་ནས་བཟུང་། དྲན་པ་ཞེས་པའི་ཁུར་བོ་ལྕི་མོ་དེ་ཡང་རང་ཆས་སུ་ཡོད་པ་རེད་ཨང་། དེ་ལྟར་བསམ་ཞིང་བསམ་ན། འཇིག་རྟེན་འདིའི་སྟེང་གི་བྱ་དངོས་ཡོད་ཚད་ལ་སྙིང་པོ་ཅི་ཡང་མེད་པར་སྒོམ་ཐུབ་ཀྱང་། བརྩེ་དུངས་ལ་སྙིང་པོ་མེད་པར་སྒོམ་ཐུབ་མཁན་སུ་ཞིག་ཡོད་ཨང་། དེའི་ཕྱིར། ཕ་ལགས་ཡོད་པས། ངས་ད་གཟོད་འཇིག་རྟེན་གྱི་སྙིང་པོ་ཤེས་ཡོད། ཕ་ལགས་ཡོད་པས། ངས་ད་གཟོད་འཇིག་རྟེན་འཇིག་རྟེན་དུ་ཤེས་ཡོད། ནམ་རྒྱུན། ངས་རོལ་དབྱངས་སྙན་མོ་ཞིག་ལོངས་སུ་སྤྱོད་དུས་ཕ་ལགས་དྲན་ཡོང་། ཕ་ལགས་ཀྱི་བརྩེ་བའི་འཛུམ་དང་དུངས་པའི་མིག་ཟུང་དྲན་ཡོང་། ད་ལྟ་ཡང་། ངས་རོལ་དབྱངས་སྙན་མོ་ཞིག་ལོངས་སུ་སྤྱོད་ཀྱིན་ཕ་ལགས་དྲན་པའི་གདུང་བ་དག་ཡི་གེར་འབྲི་བཞིན་ཡོད། བག་ཆགས་ཀྱི་གཏིང་རིམ་ན་ཡིབས་པའི་དྲན་གདུང་རྣལ་མ་དག་འབྲི་བཞིན་ཡོད། སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་རྣམས་ཡི་གེར་བྲིས་ཏེ། རང་ཉིད་ཀྱི་འཆར་སྒོ་ཇེ་ཡངས་སུ་གཏོང་གིན་ཡོད། ད་དུང་། ཕ་ལགས་དྲན་པའི་གདུང་བ་ཇེ་ཟབ་ཏུ་གཏོང་གིན་ཡོད། དེ་ལྟར། ལྷིང་འཇགས་ཀྱི་རང་ཁྱིམ་ཆུང་ཆུང་འདིའི་ནང་དུ་བསྡད་དེ། འཚོ་བའི་ཡང་སྙིང་ནི་ཅི་ཞིག་ཡིན་ནམ། མི་ཚེའི་མཐར་ཐུག་དེ་ཅི་ཞིག་ཡིན་ནམ། ངས་བསམ་གཞིག་ཇི་ལྟར་བྱས་ནའང་། གཏིང་ནས་ངེས་པ་འདྲེན་པའི་ལན་ཞིག་མ་རྙེད་མོད། ཡིན་ན་ཡང་ངས་རྟོགས་པ་ནི། མི་ཚེ་འདིའི་སྟེང་དུ་ཕ་ཞེས་དཀའ་སྡུག་གི་དུས་སུ་ལམ་སྟོན་གནང་མཁན་དང་། བློ་ཕུགས་གཏན་གྱི་འདུན་མ་བཅོལ་ས་ཞིག་ཡོད་པ་ནི། ངའི་མི་ཚེའི་ནང་གི་ཆེས་གལ་ཆེ་བའི་གཞི་རྩ་ཞིག་ཡོད་པ་དེ་ཡིན་ལ། ཡང་ན། ངའི་མི་ཚེའི་ནང་དུ་ཆེས་སྙིང་ཉེ་བའི་མཐར་ཐུག་གི་རྩ་དོན་དེ་ཡོད་པ་ཡིན་ཨང་། དེའི་ཕྱིར། ཕ་ལགས་རྒས་ཀྱིན་རྒས་ཀྱིན། ང་ལ་ག་ཤེད་ནས་སྡོད་མི་ཚུགས་པའི་ཚོར་བ་ངན་པ་ཞིག་གིས་འདེད་ཀྱིན་འདུག ང་ལ་སེམས་ཁྲལ་རྣལ་མ་ཞིག་ཡོང་གིན་འདུག འོན་ཀྱང་། མི་རྟག་པའི་རང་གཟུགས་འདི་སུ་ལའང་ཡོད་འདུག་པས། ངས་དེ་དག་ལ་འཁང་ར་དང་སྡུག་ཡུས་ཅི་ལ་བྱེད་ཨང་།

        མཇུག་མཐར། ཕ་ལགས་དགོངས་དག་ཞུ། ངས་ཁྱེད་ཀྱི་མི་ཚེར་འོ་ཇ་མངར་མོ་ཞིག་འདྲེན་མ་ཐུབ་ལ། གོན་པ་གཙང་མ་ཞིག་ཀྱང་འབུལ་མ་ཐུབ། ཡིན་ན་ཡང་། ཁྱེད་ཀྱིས་ང་ལ་གནང་བའི་དམ་ཚིག་གི་མདུད་པ་དག་ངས་བརྗེད་ག་ལ་ཐུབ་ཨང་། ཁྱེད་རང་བདེ་ཞིང་སྐྱིད་དགོས། ཁྱེད་ཀྱི་མི་ཚེར་འོད་སྣང་གིས་ཕྱུག་ཅིང་འོད་སྣང་གིས་སྤུད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1