༄༅། །རྒྱུ་མའི་ཤ་འཛེར་ལ་དོགས་ཟོན་བྱོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-21



ཅི་ཞིག་ལ་རྒྱུ་མའི་ཤ་འཛེར་ཟེར།

        ཤ་འཛེར་གྱི་འཛེར་ཞེས་པ་ནི་ལྷག་མའི་དོན་ཡིན་པ་དང་། ཤ་འཛེར་གྱི་གོ་དོན་ནི་མི་ལུས་དབང་པོའི་འབྱར་སྐྱིའི་ནང་དུ་ཤ་ལྷག་མ་སྟེ་ཤ་འཛེར་སྐྱེས་པར་གོ། རྒྱུ་མའི་ཤ་འཛེར་དེ་རྒྱུ་མའི་ནང་གི་སྐྲངས་འབུར་ཞིག་ཏུ་བརྩི་ཆོག་སྟེ། གསོ་རིག་ཏུ་རྒྱུ་མའི་འབྱར་སྐྱིའི་ཕྱི་ངོས་སུ་འབུར་ནས། རིམ་བཞིན་རྒྱུ་མའི་ནང་དུ་ནད་འགྱུར་བྱུང་བར་ངོས་འཛིན་གནང་བ་དང་། དེ་ཇི་ལྟར་བྱུང་བ་དང་འགོས་མཆེད་འགྲོ་ཚུལ། ལོ་ཚོད། མངལ་ཕུང་རྒྱུན་ལྡན་ཡིན་མིན། འཚོ་བ་རོལ་སྟངས། རྒྱུད་བཞག་སོགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད། མི་ལ་ལར་རྒྱུ་མའི་ཤ་འཛེར་གཅིག་ལས་མེད། ཡང་ལ་ལར་བརྒྱ་ཕྲག་ནས་སྟོང་ཕྲག་ཀྱང་སྐྱེས་སྲིད། དེར་ཆེ་ཆུང་འདྲ་མིན་སྣ་ཚོགས་ཡོད་ལ། ཆུང་བ་ལ་སྲན་མ་ལྟ་བུ་དང་། ཆེ་བ་ལ་ཁ་སུར་དམར་པོ་ལྟ་བུ་ཡོད་པས། ཆེ་ཆུང་དང་རྣམ་པ་འདྲ་མིན་ཡོད་ལ་བཟོ་ལྟའང་འདྲ་མིན་སྣ་ཚོགས་ཡོད།

རྒྱུ་མའི་ཤ་འཛེར་ཡོད་ཚད་འབྲས་སྐྲན་དུ་འགྱུར་སྲིད་དམ།

        རྒྱུ་མའི་ཤ་འཛེར་ལ་རིགས་གཉིས་སུ་དབྱེ་སྟེ། རིགས་གཅིག་ནི་འབྲས་སྐྲན་དུ་མི་འགྱུར་བའི་ཤ་འཛེར་ཏེ། མཛེར་སྐྱེས་ཤ་འཛེར་དང་གཉན་ཚད་ཤ་འཛེར་སོགས་ཡིན། དེ་དག་སྤྱིར་བཏང་འབྲས་སྐྲན་དུ་འགྱུར་མི་སྲིད། རིགས་གཞན་ཞིག་ནི་སྦུག་དབྱིབས་གཤེར་མའི་སྐྲན་དང་། ཁུལ་དབྱིབས་གཤེར་མའི་སྐྲན། སྦུག་དབྱིབས་ཁུལ་དབྱིབས་གཤེར་མའི་སྐྲན་སོགས་འབྲས་སྐྲན་རང་བཞིན་གྱི་ཤ་འཛེར་ཡིན་ལ། སྐྲན་ནད་མ་བྱུང་སྔོན་གྱི་ནད་འགྱུར་དུ་གཏོགས་ཏེ། སྐྲན་འགྱུར་འབྱུང་ཉེན་ཆེ། ཁུལ་དབྱིབས་གཤེར་མའི་སྐྲན་ནི་སྐྲན་འགྱུར་ཆེས་སླ་བ་དང་། སྦུག་དབྱིབས་གཤེར་མའི་སྐྲན་ནི་སྐྲན་འགྱུར་ཚད་དམའ་ཤོས་ཡིན། ལོང་གའི་འབྲས་སྐྲན་མང་ཤོས་ནི་གཤེར་མའི་སྐྲན་ནས་གཤེར་རྨེན་འབྲས་སྐྲན་དུ་གྱུར་པ་རེད། སྤྱིར་བཏང་དུ་ཤ་འཛེར་ཇི་ལྟར་ཆེ་ན་ཚབས་ཆེན་དང་ཡང་ན་སྐྲན་ནད་སྔོན་གྱི་ནད་འགྱུར་ཡིན་སྲིད། འོ་ན་ཕྱི་ཚུལ་ནས་བལྟས་ན། ཤ་འཛེར་ལ་ལར་ཏི་ཡོད་པ་དང་། ལ་ལར་ཏི་མེད། ཏི་མེད་པའི་ཤ་འཛེར་ནི་ཏི་ཡོད་པའི་ཤ་འཛེར་ལས་སྐྲན་འགྱུར་བྱུང་སྲིད་མོད། འོན་ཀྱང་ནད་འགྱུར་གྱི་བརྒྱུད་རིམ་འདི་ཤིན་ཏུ་དལ། དེའི་བྱུང་བ་ནས་འཕེལ་བའི་དུས་ཚོད་རིང་ན་ལོ་བཅུ་ཕྲག་འགོར་སྲིད།

རྒྱུ་མའི་ཤ་འཛེར་ལ་ནད་རྟགས་ཅི་འདྲ་ཡོད་དམ།

        སྤྱིར་བཏང་དུ་རྒྱུ་མའི་ཤ་འཛེར་ལ་མི་བདེ་བའི་ནད་རྟགས་ཤིན་ཏུ་ཉུང་། རྒྱུ་མའི་ཤ་འཛེར་མང་ཤོས་ནི་ལུས་པོར་བརྟག་དཔྱད་དམ་ཡང་ན་ནད་རིགས་གཞན་བརྟག་དཔྱད་བྱེད་སྐབས་ད་གཟོད་ཤེས་ཀྱི་ཡོད། འོན་ཀྱང་ཤ་འཛེར་ཅུང་ཆེ་བ་ལ་ལས་དེར་མཐུན་གྱི་རྒྱུ་མའི་ནད་རྟགས་འབྱུང་སྲིད། དཔེར་ན་ནད་པའི་སྐྱག་པ་གཏོང་བའི་གོམས་གཤིས་འགྱུར་བ་དང་། ཐེངས་གྲངས་མང་དུ་འགྱུར་བ། སྐྱག་པའི་ནང་དུ་འབྱར་ཁུ་ཡོད་པའམ་སྐྱག་ཆུའི་ནང་དུ་ཁྲག་ཡོད་པ་དང་། ལན་རེར་ཕོ་བ་གཟེར་བ་སོགས་ཡོད། ནད་པ་ལ་ལར་དུས་ཡུན་རིང་པོར་ཁྲག་བཤལ་བ་དང་ཁྲག་མི་འདང་བའི་ནད་རྟགས་ཡོད།

རྒྱུ་མའི་ཤ་འཛེར་ཡོད་མེད་ཅི་ལྟར་བརྟག་དགོས།

        སྔ་མོ་ནས་བརྟག་དཔྱད་བྱ་རྒྱུ་ཤིན་ཏུ་གལ་ཆེ། རྒྱུ་ཤེལ་བརྟག་དཔྱད་དེ་མིག་སྔའི་ཞིབ་བཤེར་བྱེད་ཐབས་ཡིན་ལ། ལོ་ལྔ་བཅུ་ནས་དོན་ལྔ་བར་གྱིས་བརྟག་དཔྱད་བྱས་ཆོག །གལ་ཏེ་རང་ལ་རྒྱུ་མའི་ཤ་འཛེར་བྱུང་མྱོང་བའམ་ཕ་མ་བུ་ཕྲུག་ལ་གཞང་སྐྲན་བྱུང་མྱོང་བ་དང་།རྒྱུ་མའི་ནུས་ཉམས་པའི་གནས་ཚུལ་ཡོད་ན། དུས་བཅད་ལྟར་རྒྱུ་ཤེལ་བརྟག་དཔྱད་བྱ་རྒྱུ་ཤིན་ཏུ་གལ་ཆེ།

རྒྱུ་མའི་ཤ་འཛེར་ཇི་ལྟར་སྨན་བཅོས་བྱེད་དགོས།

        རྒྱལ་སྤྱིའི་ཐོག་གི་བཤད་པ་ལྟར་ན། རྒྱུ་མའི་ཤ་འཛེར་ཡོད་མཁན་ཡིན་ན་རྒྱུ་མའི་ནང་ངོས་ནས་ལེན་དགོས་ལ། རྒྱུ་ཤེལ་བརྟག་དཔྱད་བྱེད་སྐབས་རྒྱུ་མའི་ཤ་འཛེར་ཡོད་པ་མཐོང་ན། སྨན་པས་རྒྱུ་མའི་ཤ་འཛེར་གྱི་ཆེ་ཆུང་དང་མང་ཉུང་། དེ་འབྲེལ་གྱི་ནད་ཡོད་མེད་དང་། ནད་གཞིའི་གནས་ཚུལ་ལ་གཞིགས་ནས་སྨན་བཅོས་ཐབས་ལམ་འདོན་པ་དང་། མྱུར་བར་སྨན་བཅོས་དང་ལེན་པའི་རེ་བ་འདོན་སྲིད། ཤ་འཛེར་བླངས་རྗེས་ད་དུང་བསྐྱར་བརྟག་ཡག་པོ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1