ཟླ་4ཚེས་19ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཀ་པོན་གྱི་ཙུང་ཐུང་པང་ཀེ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པང་ཀེ་དང་སྐུ་ཟླ་ཤིར་ཝེ་ཡ་དང་ལྷན་བཞུགས་སྐུ་པར་སྐྱོན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཀ་པོན་གྱི་ཙུང་ཐུང་པང་ཀེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཀའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་བའི་གཏན་འབེབས་གནང་བ་རེད།
ཞི་ཅིན་ཕིང་གིས་པང་ཀེ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་ལོ་ང་ཚོས་ཀྲུང་ཀའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་བསུ་བ་ཞུ་རྒྱུ་དང་དུས་རབས་ཕྱེད་ཀ་ཙམ་རིང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་རབས་ཁ་ཤས་ཀྱི་ཐུགས་ཁུར་དང་སྣེ་ཁྲིད་འོག་ཀྲུང་ཀའི་མཛའ་གྲོགས་སྔ་ཕྱི་བར་གསུམ་དུ་རྡོ་རྗེ་བྲག་ལྟར་བརྟན་པོ་བྱུང་ཡོད། ཕྱོགས་གཉིས་པོས་ཕན་ཚུན་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཡོད། ཀྲུང་གོ་ནི་ཀ་པོན་གྱི་ལྷག་བསམ་རྣམ་དག་གི་གྲོགས་པོ་བཟང་པོ་ཞིག་རེད། ད་ཐེངས་སྐུ་ཉིད་ཀྲུང་གོར་འཚམས་འདྲིར་ཕེབས་པ་ལས། ཀྲུང་གོ་དང་ཀ་པོན་དབར་གྱི་འབྲེལ་བའི་གལ་ཆེའི་རང་བཞིན་དང་ཆུ་ཚད་མཐོ་པོ་སླར་ཡང་གང་ལེགས་མངོན་ཡོད། ཀྲུང་ཀ་དབར་གྱི་འབྲེལ་བར་སྐུལ་འདེད་གཏིང་ཟབ་དང་མུ་མཐུད་གཏོང་བ་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་སྐུལ་འདེད་གཏོང་བའི་ཐད་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཡང་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་མཉམ་དུ་ཀྲུང་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀ་པོན་གྱིས་ཀྱང“གསར་དར་ཀ་པོན”སྔ་ཙམ་སྐྲུན་པའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་བར་འབད་བརྩོན་ཧུར་ཐག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་དང་། འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་ཅིང་། དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་ལ་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀ་པོན་ཕྱོགས་དང་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ནགས་ལས། ཉ་ལས། གྲངས་འཛིན་དཔལ་འབྱོར། ཐོན་ལས་གླིང་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད། ཀ་པོན་གྱི་དཔལ་འབྱོར་སྣེ་མང་འཕེལ་རྒྱས་དང་ཐོན་ལས་ཀྱི་རིམ་པ་སྤོར་བར་རྒྱབ་སྐྱོར། འབྱུང་འཕྲོད་ཀྱི“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་སྐྲུན་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་སྟོན་གཏོད་འདོད་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས། ཡུལ་སྐོར་དང་། གྲོང་གསེབ་དར་རྒྱས། དབུལ་པོ་ཉུང་གཏོང་། ཞིང་ཕན་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་སུ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་དང་། འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་བསུ་བ་ཞུ་ཉེར་ཡོད་པའི་སྐབས་འདིར། ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་ཐད་གྲུབ་འབྲས་ཐོབ་ཡོད་ཀྱང་། ད་དུང་མུ་མཐུད་འབད་བརྩོན་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། དེང་སྐབས་ཀྱི་འཛམ་གླིང་དུ་འགྲན་སློང་མང་པོ་དང་ཉམས་ཉེན་སྣ་ཚོགས་ཉིས་བརྩེགས་སུ་གནས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་སྔོན་ཆད་ཀྱི་དུས་ཚོད་གང་འདྲ་ཞིག་ལས་ཀྱང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དེ་བས་རྒྱག་དགོས། ཕྱོགས་གཉིས་པོས“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་སོགས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་མཐའ་འཁྱོངས་དང་། རྣམ་པ་མཐའ་དག་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་མཐའ་གཅིག་ཏུ་ངོ་རྒོལ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་རང་བཙན་རང་བདག་གི་འཕེལ་རྒྱས་ལམ་བུར་སྐྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། ཨ་ཧྥེ་རི་ཁའི་འབྲུ་རིགས་ཀྱི་བདེ་འཇགས་དང་། བཟོ་ལས་ཅན་གྱི་འཕེལ་རིམ། འབྱུང་འཕྲོད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་མཐའ་གཅིག་ཏུ་རྒྱབ་སྐྱོར། ཨ་ཧྥེ་རི་ཁ་ནི་འཛམ་གླིང་གི་ཆབ་སྲིད་དང་། དཔལ་འབྱོར། ཤེས་དཔལ་བཅས་འཕེལ་རྒྱས་ཀྱི་སྣེ་གལ་ཆེན་ཞིག་ཏུ་འགྱུར་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བཅས་བྱས་ཏེ། རང་ངོས་ཀྱི་འཕེལ་རྒྱས་གསར་པར་བརྟེན་ནས་ཨ་ཧྥེ་རི་ཁ་ཕྱོགས་ལ་གོ་སྐབས་གསར་པ་མཁོ་འདོན་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་དངོས་སྒྲུབ་མཉམ་ལས་ལྷོ་ལྷོ་མཉམ་ལས་དང་རྒྱལ་སྤྱིའི་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་དཔེ་སྟོན་དུ་འགྱུར་བར་བྱེད་འདོད་ཡོད།
པང་ཀེས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སླར་ཡང་ཀྲུའུ་ཞིའི་འགན་མུ་མཐུད་བཞེས་ནས་ཡུན་རིང་མ་སོང་བར་གདན་ཞུས་ལྟར་ཀྲུང་གོར་འཚམས་འདྲིར་སླེབས་པར་གཟི་བརྗིད་ཆེན་པོ་ཚོར་གྱི་འདུག ངས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལེགས་གྲུབ་ལྡན་པའི་ངང་འཚོགས་པར་སླར་ཡང་རྟེན་འབྲེལ་ཞུ་གི་ཡིན། ཚོགས་འདུ་གཟབ་རྒྱས་དེ་གཉིས་ལས་ཀྲུང་གོ་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཡིད་ཆེས་ཆེན་པོ་བྱས་པ་གང་ལེགས་མཚོན་པར་མ་ཟད། ཀྲུང་གོས་མུ་མཐུད་དར་རྒྱས་གོང་འཕེལ་གཏོང་བའི་ལམ་བུར་གྲུབ་འབྲས་དེ་བས་མང་བ་འཐོབ་པར་ང་ཚོར་ཡིད་ཆེས་དེ་བས་བརྟན་པོ་ཡོད། ཀ་པོན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ དེ་བཞིན་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པ་སོགས་ཀྱི་འདུ་ཤེས་གལ་ཆེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀ་ཀྲུང་ཕྱོགས་གཉིས་པོས་ཆབ་སྲིད་ཀྱི་ཐད་ཕན་ཚུན་ཡིད་ཆེས་ཆེན་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ལ་རྩ་ཆེའི་རོགས་རམ་ཡུན་རིང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀ་པོན་གྱི་དཔལ་འབྱོར་སྣེ་མང་ཅན་གྱི་འཕེལ་རྒྱས་དང་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀ་པོན་དུ་བཟོ་ལས་གླིང་འཛུགས་སྐྲུན་ལ་ཞུགས་པར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ལ་ཁོར་ཡུག་བཟང་པོ་སྐྲུན་འདོད་ཡོད། ཀ་པོན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱི་ལོ་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ནས་མཛའ་གྲོགས་མཉམ་ལས་སྲ་བརྟན་དང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད།
གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མ་དངུལ་གཏོང་བ་དང་། ཞིང་ལས། སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པའི་བདེན་དཔང་གནང་བ་རེད། ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་པང་ཀེར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
པང་ཀེ་དེ་གར་འབྱོར་སྐབས་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཀྱི་སྒྲ་21གྲགས་པ་དང་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཀ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། པང་ཀེས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་གི་རུ་སྟར་གྲུ་བཞིར་གཟིགས་པ་རེད།
ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་པང་ཀེའི་སྐུ་ཟླ་ཤིར་ཝེ་ཡ་ལྷན་དུ་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ་རེད།
ཉིན་དེའི་དགོང་མོ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་པང་ཀེ་དང་སྐུ་ཟླ་ཤིར་ཝེ་ཡར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།