ས་མིང་གིས་ལོ་རྒྱུས་ཞིབ་འཇུག་བྱེད་པའི་ཁྲོད་དེ་སྔའི་ཡིག་ཚང་ནང་གི་ས་མིང་དག་ད་ལྟའི་ཡུལ་དངོས་ཀྱི་ས་མིང་ལ་ཐོད་གཏུགས་ཐུབ་ཚེ་ལོ་རྒྱུས་ཡིག་རྙིང་ནང་གི་ས་ཆ་དེ་དག་ད་ལྟའི་གནས་ཡུལ་གང་དུ་ཡིན་པར་ཤེས་རྟོགས་བྱ་ནུས་ལ། ལོ་རྒྱུས་ཡིག་ཚང་ནང་གི་ས་མིང་ལ་བརྟེན་ནས་གནའ་བོའི་ཡུལ་ལུང་སོ་སོའི་ཁྱབ་ཁོངས་ཇི་ཙམ་ཡིན་པའང་ཤེས་རྟོགས་བྱེད་ནུས། དེར་བརྟེན་ཡིག་ཚང་ནང་གི་ས་མིང་དག་ནི་ལོ་རྒྱུས་ཞིབ་འཇུག་ལ་ཕན་རླབས་ཆེན་པོ་ཡོད་ལ། ལོ་རྒྱུས་ཡིག་རྙིང་ནང་གི་ས་མིང་དེ་དག་དེང་སྐབས་ས་ཆ་གང་དུ་ཡིན་མིན་རྩད་ཞིབ་གསལ་བོར་བྱ་རྒྱུ་ནི་ལོ་རྒྱུས་ཞིབ་འཇུག་ཁྲོད་དེ་བས་གལ་འགངས་ཆེན་པོ་ཡོད། ཏུན་ཧོང་ཡིག་རྙིང་སྤྱི་དང་། ལོ་རྒྱུས་གནད་བསྡུས་ཁྲོད་དུ་ས་མིང་ཧ་ཅང་མང་པོ་འཁོད་ཡོད་ཅིང་། ས་མིང་དེ་དག་དེང་སྐབས་ས་ཆ་གང་དུ་ཡོད་མེད་རྩད་ཞིབ་བྱ་རྒྱུ་དེ་སྤུ་རྒྱལ་བཙན་པོའི་དུས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པའི་གལ་ཆེའི་གནད་དོན་ཞིག་ཡིན། ཉེ་བའི་ལོའི་ནང་མཁས་པ་མང་པོ་ཞིག་གིས་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ས་མིང་དག་ཡུལ་དངོས་ནས་རྩད་ཞིབ་ཐུབ་པའམ། དོགས་སློང་བྱས་པ་དེས་སྤུ་རྒྱལ་གྱི་ལོ་རྒྱུས་ཞིབ་འཇུག་ལ་ཕན་པ་ཆེན་པོ་བྱུང་ཡོད་མོད། ས་ཆ་འགའ་རེ་འོལ་ཚོད་ཙམ་གྱིས་འདི་ཡིན་འདི་མིན་གྱི་ཁ་མཚོན་གཅོད་སྔ་བ་དང་། རང་རང་གི་ལུང་པའི་འཐེན་འཁྱེར་ལྟ་བུའི་སྐྱོན་ཆའང་མེད་པ་མིན། འདིར་རང་ཉིད་ནས་ལོ་ཤས་རིང་ཏུན་ཧོང་ཡིག་རྙིང་དང་ཡུལ་དངོས་བསྡུར་བ་བྱས་པ་བརྒྱུད་ས་མིང་འགའ་ཞིག་རྩད་ཞིབ་བྱས་པ་དེ་དག་མཁས་མང་མདུན་དུ་དོགས་སློང་ཙམ་བྱ་རྒྱུ་ཡིན།
གཅིག གཡུག་ཅེས་པ་གང་དུ་ཡོད་མེད་ཀྱི་དོགས་སློང་།
གཡུག་ཅེས་པའི་ས་མིང་ནི། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོད་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་ལས། གླང་གི་ལོ་ལ་བབ་སྟེའ(སྤྱི་ལོ༦༥༣)། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་སྟོང་རྩན་གྱིས། གཡུག་ཏུ་གནག་ལྀང་བཏབ[1]ཅེས་གསལ། ས་མིང་དེའི་སྐོར་ལ་མིག་དམར་ཚེ་རིང་ལགས་ཀྱིས«ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང»ཞེས་པར་ཀོང་པོའི་ཁུལ་གྱི་ས་ཆ་ཞིག་གི་མིང་ཡིན་ནམ་སྙམ་པའི་དོགས་གཞི་བཏོན་པ་ཙམ་ལས། དངོས་སུ་ས་ཆ་གང་དུ་ཡིན་པའི་གསལ་ཁ་གནང་མི་འདུག ཤོ་མོང་ཤང་གྲོང་ཚོ་བཞི་པ་ལྔ་པ་གཉིས་ལུང་པ་དེའི་ནང་དུ་ཡོད།ཅེས་པའི་ལུང་པ་ཆེ་ཙམ་ཡོད་ཅིང་། ཡང་དེ་མིན་འབྲི་རུ་རྫོང་གི་ཟླ་ཐང་ཤང་གཡུག་ནང་གྲོང་ཚོ་ཡོད་སར་ཡང་གཡུག་ཞེས་ལུང་པ་ཆེན་པོ་ཞིག་ཡོད་ཅིང་། ལུང་པ་དེ་གཉིས་ལ་དེང་སྐབས་གཡུག་དང་དབྱུག་གཉིས་ཀ་འབྲི་བཞིན་འདུག་མོད། ལུང་པ་དེ་གཉིས་ཀའི་ས་ཆ་དེ་གའི་ཡུལ་མི་དག་ལ་ནང་དོན་གང་ཡིན་བསྟན་རྒྱུ་མ་མཆིས། སྤྱིར་གཡུག་ཞེས་པ་ནི་ཕྱུགས་ཟོག་མང་པོ་བཤས་ལ་ཕབ་གནས་ཡིན་ནམ་སྙམ་སྟེ། གཡུག་ཏུ་གནག་ལིང་བཏབ་ཅེས་འཁོད་ཡོད་ཅིང་། གནག་ལྀང་བཏབ་ཅེས་པར་མཁས་པ་མང་པོས་ཤ་ཁྲལ་གྱི་དོན་ཡིན་པར་འདོད་ཀྱི་ཡོད་པ་ལྟར་རོ། དེ་ན་གཡུག་ཅེས་པའི་གོ་དོན་ནི་ཟོག་རྣམས་ཐང་ལ་གཡུག་ནས་བཤས་ལ་ཕབ་ཡུལ་ཞིག་ཡིན་པར་འདྲ་ལ། གཡུག་ཅེས་ས་མིང་རེ་ཟུང་མཐོང་དུ་ཡོད་པའང་གནའ་དུས་ཕྱུགས་རིགས་བཤས་ས་ཕབ་སའི་སྤྱི་མིང་ལྟ་བུར་གྱུར་བས་ཡིན་ཡང་སྲིད། འོན་ཀྱང་བློན་ཆེན་པོ་མགར་སྟོང་བཙན་གྱིས་ཤ་ཁྲལ་བསྡུས་པའི་གནས་ནི། ད་ལྟའི་གསེར་རྙེད་ཆུས་ཤོ་མོང་ཤང་དུ་ཡོད་པའི་གཡུག་ཞེས་པའི་ས་ཆ་དེ་ཉིད་ཡུལ་དབུས་དང་ཐག་ཉེ་བས་ཕལ་ཆེར་ས་ཆ་དེ་རང་ལ་ཡིན་ནམ་སྙམ།
གཉིས་པ། དུ་རུ་ཞེས་པ་གང་དུ་ཡོད་མེད་ཀྱི་དོགས་སློང་།
དུ་རུ་ཞེས་པའི་ས་མིང་ནི། བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་སུ་བྱང་ཕྱོགས་སུ་བསྐྱོད་དེ་འབྲོག་ཏུ་རྔོན་རྒྱག་བྱ་ཡུལ་ཞིག་ཡིན་པར་བསྟན་ཡོད་ཅིང་། དེ་ཡང་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོད་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་ལས། བྱྀ་བའི་ལོ་ལ(སྤྱི་ལོ༧༢༤)། བཙན་པོ་དབྱརད་སྤེལ་ན་བཞུགས་ཤིང་། བྱང་རོལ་དུ་གཤེགསྟེ། ཁོ་ཉེ་དུ་རུར། གཡག་རྒོད་ལ་རོལ་མོ་མཛད་ཅིང་། སྒྲོག་ཏུ་བཆུག[2]ཅེས་གསལ། ས་ཆ་དེའི་སྐོར་ལ་ད་བར་ཞིབ་འཇུག་རྣམས་ཀྱིས་དེང་སྐབས་ས་ཆ་གང་དུ་ཡིན་པ་གསལ་བོ་བསྟན་མོད། དེང་གི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་གྱི་ཁོངས་སུ་དུ་རུ་རྫ་ཞེས་པའི་རྫ་རི་ན་སྤང་ཅུང་ཟད་ཡོད་པ་ཞིག་ཡོད་ཅིང་། འབྲོག་པ་ཚོའི་ངག་རྒྱུན་དུ་གླིང་སྒྲུང་ནང་གི་དཔའ་མོ་ཨ་སྟག་ཀླུ་མོས་འབྲོང་བཤོར་སའི་ས་ཆ་ཡིན་ལུགས་ཀྱི་གཏམ་རྒྱུད་མང་པོ་ཡོད། དོན་དུ་ས་ཆ་དེ་ནི་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་འབྲོང་བཤོར་བར་འགྲོ་སའི་དུ་རུ་ཞེས་པ་དེ་ཡིན་ནམ་སྙམ་སྟེ། གཅིག་ནས་ཏུན་ཧོང་ཡིག་རྙིང་ནང་གི་དུ་རུ་ཞེས་པའི་མིང་མ་འགྱུར་བར་གནས་པ་དང་། གཉིས་ནས་སྤུ་རྒྱལ་བཙན་པོའི་བཞུགས་གནས་ཀྱི་བྱང་ངོས་སུ་ཡོད་སྟབས། བྱང་རོལ་དུ་གཤེགས་ཏེ་ཞེས་པའི་དོན་ཡོངས་སུ་མཐུན་ལ། གསུམ་ནས་དམངས་ཁྲོད་ངག་རྒྱུན་དུ་གནའ་དུས་འབྲོང་འདུག་སའི་ས་ཆ་ཞིག་ཡིན་པའི་ཤོད་སྲོལ་ཕ་གཏམ་བུ་འཇགས་ཡིན་པ་བཅས་ཀྱིས་སོ། །
གསུམ་པ། ཟྲིད་འདུ་ལྡུ་ནག་ཅེས་པ་གང་དུ་ཡོད་མེད་ཀྱི་དོགས་སློང་།
སྤྱིར་ཟྲིད་ལྡུ་ནག་དང་། ཟྲིད་ལྡུ་ནག་སླད་མ། ཟྲིད་མདའ་སོགས་ཅུང་མི་འདྲ་བ་ཁ་ཤས་ཡོད་ཀྱང་ཟྲིད་ནི་ཟ་རིད་ཀྱི་སྐུངས་ཡིག་ཡིན་པར་སྣང་ལ། ས་ཆ་དེར་བཙན་པོ་རིམ་བྱུང་གི་བཞུགས་གནས་སམ། དབྱར་འདུན་མ་ཚོགས་ས་ཡིན་འདུག་སྟེ། དེ་ཡང་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོད་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་ལས། སྟགྀ་ལོ་ལ་བབ་སྟེ(སྤྱི་ལོ༦༦༦)། བཙན་པོ་ཟྲིད་ཀྱི་ལྡུ་ནག་སླད་མ་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ནས་སླར་འཁོརད་ཏེ། ཟྲིད་མདའར་ཐོང་མྱིག་བྱུང་བར་ལོ་གཆིག[3]ཅེས་དང་། སྦྲུལ་གྱྀ་ལོ་ལ(སྤྱི་ལོ༦༦༨)།བཙན་པོ་ཟྲིད་ཀྱི་ལྡུ་ནག་ན་བཞུགས་ཤྀང་། འ་ཞ་མྔ་པོ་པྱག་བཙལ་ཏེ་གཏེའུ་བསྡུས་པ་ལོ་ཆིག[4]ཅེས་པ། དབྱར་བློན་ཆེན་ཕོ་བཙན་སྙས་འདུན་མ་ཟྲིད་མདར་བསྡུསྟེ།[5]ཞེས་པ། སྤྲེའུ་ལོ་ལ(སྤྱི་ལོ༦༩༦)། བཙན་པོ་ཟྲིད་མདའ་ན་བཞུགས་ཤྀང་།[6]ཞེས་པ། འབྲུགི་ལོ་ལ(སྤྱི་ལོ༧༢༨)། བཙན་པོ་དབྱརད་མཚོ་བགེོ་བོལ་གངས་ན་བཞུགས་པ་ལས། སླར་བོད་ཡུལ་དུ་གཤེགསྟེ། འདུན་པ་ཟྲིད་གྱྀ་ལྡུ་ནག་དུ་འདུས།ཞེས་གསལ་བ་ལྟར། སྤུ་རྒྱལ་བཙན་པོ་རིམ་བྱུང་གི་བཞུགས་གནས་གལ་ཆེན་ཞིག་དང་། དབྱར་ལ་འདུན་མ་ཚོགས་ས་གལ་ཆེན་ཞིག་ཡིན་པ་ཤེས་ཐུབ། འོན་ཀྱང་ད་བར་ལོ་རྒྱུས་ཞིབ་འཇུག་པ་རྣམས་ནས་ས་མིང་དེའི་སྐོར་ལ་གླེང་སློང་གནང་བ་མ་མཐོང་མོད། དེང་གི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ས་མཚམས་སུ་འདུ་ནག་ལུང་པ་ཞེས་པའི་ལུང་པ་ཆེ་ཙམ་ཞིག་ཡོད་པ་དང་། ལུང་པའི་ཕུ་གཉན་ཆེན་ཐང་ལྷའི་ལྷ་འཁོར་དུ་གཏོགས་པར་གྲགས་པའི་ཟ་རམ་སྐྱེས་དྲུག[7]ཅེས་པའི་རྫ་རི་མཐོན་པོར་ཐུག་ཡོད། ས་ཆ་དེ་ནི་ཏུན་ཧོང་ཡིག་རྙིང་ནང་གི་ཟྲིད་ལྡུ་ནག་གམ། ཟྲིད་མདའ་ཞེས་པ་ཡིན་ནམ་སྙམ་སྟེ། གཅིག་ནས་ལུང་པ་དེའི་མིང་ལ་འདུ་ནག་ཅེས་ཡི་གེའི་གཟུགས་འགྱུར་བ་ཙམ་ལས་སྒྲ་མ་འགྱུར་བར་འབོད་བཞིན་ཡོད་པ་དང་། གཉིས་ནས་ལུང་པ་དེའི་ཕུ་ཟ་རམ་སྐྱེས་དྲུག་ཅེས་པར་ཐུག་ཡོད་སྟབས། ཏུན་ཧོང་ཡིག་རྙིང་ནང་། ཟྲིད་ཅེས་འཁོད་དོན་ཡང་ལུང་པ་དེའི་ཕུ་ཟ་རམ་རི་ལ་ཐུག་ཡོད་པས་ཡིན་པར་འདོད་ལ། དེང་སྐབས་ཟ་རིད་མི་འབོད་ཀྱང་ཟ་རིད་དང་སྒྲ་ཐག་ཤིན་ཏུ་ཉེ་བས་སོ། །
བཞི་པ། ཕོ་དམ་མདོ་ཞེས་པ་གང་དུ་ཡོད་མེད་ཀྱི་དོགས་སློང་།
ཕོ་དམ་མདོ་ཞེས་པ་ནི་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོད་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་ལས། བྱ་གགྀ་ལོ་ལ(སྤྱི་ལོ༦༧༣)། བཙན་པོ་དབྱར་སྟོད་ཕོ་དམ་མདོ་ན་བཞུགས་ཤིང་།[8]ཞེས་གསལ་བ་དང་། དེའི་གཤམ་ཙམ་ན། དགུན་ཕོ་བྲང་ཤངས་གྱྀ་རབས་ཀ་ཚལ་དུ་བཞུགས་གསལ་བ་དེ་ལས། ཤངས་ཀྱི་ཕྱོགས་མེད་དམ་སྙམ་པའི་དོགས་གཞི་བསྐྱེད་ཐུབ་ཀྱི་ཡོད། འོན་ཀྱང་ད་བར་ས་ཆའི་སྐོར་ལ་དོ་སྣང་མཛད་བྱུང་མེད་ཚོད་དུ་སྣང་། དོན་དུ་ས་ཆ་དེ་ནི་དེང་གི་གཞིས་རྩེ་གྲོང་ཁྱེར་ཤངས་རྣམ་གླིང་རྫོང་གི་ཕུ་ཐང་ཤང་ཁོངས་སུ་ཡོད་པར་མངོན་ཏེ། རྩེ་ཤོད་ལུང་པ་དང་ཉང་ར་ལུང་པའི་འདུས་མདོ་དེར་ཕོ་དམ་མདོ་ཟེར་གྱི་ཡོད་ཅིང་། ཡུལ་དེའི་མི་རྣམས་ཀྱི་ངག་ནས་སྒྲ་མ་ཉམས་པར་འབོད་ཀྱི་ཡོད། འོན་ཀྱང་ས་ཆ་དེར་ཤང་གསར་དུ་ཆགས་ཚུན་ཕུ་ཐང་ཞེས་འབྲི་སྲོལ་གསར་པ་བྱུང་འདུག་མོད། དེ་ནི་རྒྱུས་མེད་མིས་ས་མིང་གི་ནང་དོན་དང་ལོ་རྒྱུས་ཡིག་རིགས་ནང་འཁོད་ཡོད་མིན་དོ་སྣང་མ་བྱུང་བར་སྒྲ་ཙམ་ལ་ལྟོས་ནས་དག་ཆ་གསར་པ་བཟོས་པར་ངེས།
ལྔ་པ། དུ་གུལ་ཞེས་པ་གང་དུ་ཡོད་མེད་ཀྱི་དོགས་སློང་།
དུ་གུལ་ཞེས་པའི་ས་ཆ་དེ་ནི་ཏུན་ཧོང་ཡིག་རྙིང་ལས། "ཁྱིའི་ལོ་ལ(༦༦༢)། བཙན་པོ་རྐོང་ཡུལ་དུ་འགོར་མཛད་ཅིང་། བློན་ཆེན་སྟོང་རྩན་གྱིས། དུ་གུལ་དུ་ཞང་ཞུང་གྱིས་འཁོས་བགྱིས་པར་ལོ་གཆིག"[9]ཅེས་ཞང་ཞུང་བོད་རྗེ་བཙན་པོ་སྲོང་བཙན་སྒམ་པོས་དབང་དུ་བསྡུས་ནས་ལོ་བཅོ་བརྒྱད་སོང་བ་དང་། བཙན་པོ་མང་སྲོང་མང་བཙན་གྱི་སྐབས་སུ་བློན་ཆེན་མགར་སྟོང་བཙན་ས་ཆ་དེར་ཡོང་ནས་ཁྲིམས་ལུགས་ཀྱི་སྒྲིག་གཞི་གཏན་འབེབས་བྱ་ཡུལ་གྱི་ལོ་རྒྱུས་ས་ཆ་གལ་ཆེན་ཞིག་རེད། འོན་ཀྱང་ས་ཆ་དེ་ཉིད་གང་དུ་ཡོད་མེད་ཐད་ད་བར་བོད་རིག་པའི་ཞིབ་འཇུག་པ་ཀུན་གྱིས་མཁྱེན་རྟོགས་ཐུབ་མེད་ཅིང་། ས་ཆ་དངོས་ལ་རྒྱུས་མངའ་མེད་པ་འགའ་རེ་ནས"དུ་གུལ་ནི་དྲུ་གུ་ཞེས་པའི་འབྲི་ལུགས་ཤིག་ཡིན"པའི་འདོད་ཚུལ་ཡང་འདོན་མྱོང་ཡོད། དོན་དངོས་ཐོག་ས་ཆ་དེ་ནི་ད་ལྟའི་ནག་ཆུ་ས་ཁུལ་ཉི་མ་རྫོང་ཁོངས་སུ་ས་མིང་དུ་གུལ་བྱས་པའི་ས་ཆ་ཁག་གཉིས(གྲོ་བ་ཤང་ཁོངས་དང་ཨ་ཟུར་ཤང་ཁོངས)ཡོད་འདུག་ཅིང་། སྔར་གྱི་མིང་མ་འགྱུར་བར་རང་འཇགས་འབོད་བཞིན་ཡོད་པ་རེད། ཞང་ཞུང་ཐ་སྙད་ལ"དུ་གུ" ཞེས་གུ་ལ་རྗེས་འཇུག་མེད་པ་དང་གྲངས་དགུའི་དོན་ཡིན་པར་ཡང་བསྟན་ཡོད།
དྲུག ན་མར་ཞེས་པ་གང་དུ་ཡོད་མེད་ཀྱི་དོགས་སློང་།
ཏུན་ཧོང་ཡིག་རྙིང་དུ། “རྟའི་ལོ་ལ་བབ་སྟེ(སྤྱི་ལོ༧༠༦)། བཙན་པོ་དང་། ཕྱྀ་དབྱརད་དྲོན་ན་བཞུགས། བཙན་པོ་ཡབ་གྱི་དཔུང་མེར་ཀེ་ན་བཞུགས། འདུན་མ། ན་མར་དུ་འབོན་ད་རྒྱལ་བཙན་ཟུང་དང་། བློན་ཆེན་ཕོ་ཁྲི་གཟིགས་གྱྀས་བསྡུསྟེ།”[11]ཞེས་གསལ། ས་མིང་དེའི་སྐོར་ད་ཡོད་ཞིབ་འཇུག་དང་གང་དུ་ཡོད་ཀྱི་དོགས་གཞི་བཏོན་པ་མཐོང་མ་མྱོང་མོད། དེང་གི་ནག་ཆུའི་གསེར་རྙེད་ཆུས་ན་དམར་ཆེ་ཤང་གནས་ཡུལ་དེར་གནའ་དུས་ནས་ན་དམར་རམ་ན་མར་ཞེས་འབོད་སྲོལ་ཡོད་འདུག་ཅིང་། དེའི་མི་འགྱང་བའི་ས་ཆར་གནའ་བོའི་བང་སོའང་མི་ཉུང་བ་ཞིག་རྙེད་སོན་བྱུང་ལུགས་བཅས་ལ་གཞིགས་ན་བཙན་པོའི་དུས་སུ་འདུན་མ་བསྡུ་གནས་ཤིག་མིན་པའི་ངེས་པ་གཏན་ནས་མ་མཆིས། དེར་བརྟེན་ས་མིང་དེ་ཉིད་བཙན་པོའི་དུས་ཀྱི་ན་མར་ཞེས་པ་དངོས་སུ་ཡིན་མིན་ཐད་ལ་དོགས་གཞི་གནང་ཆོག་པར་སྙམ།
མཇུག་བསྡུ་བ།
དེ་ལྟར་རང་ཉིད་ནས་ཉེ་བའི་ལོ་ཤས་རིང་། བོད་ཀྱི་ས་ཆ་ཁག་གཅིག་ནས་སྤུ་རྒྱལ་བཙན་པོའི་དུས་ཀྱི་ལོ་རྒྱུས་ཡིག་རྙིང་ནང་གི་ས་ཆའི་མིང་དང་ཆ་འདྲ་བ་ཁ་ཤས་རྒྱུས་ལོན་ནམ། རྙེད་སོན་བྱུང་བ་དག་བོད་རིག་པའི་ཞིབ་འཇུག་པ་དག་ལ་དོགས་སློང་གི་ཚུལ་དུ་ཕུལ་བ་ཡིན་ཞིང་། དེ་དག་ནི་ཐོག་མའི་རྒྱུ་ཆ་ཙམ་དང་། ཐོག་མའི་དོགས་སློང་ཙམ་ཡིན་པས། མུ་མཐུད་མཁས་དབང་རྣམ་པས་ལོ་རྒྱུས་ཡིག་ཚང་དང་། ཡུལ་དངོས་ལ་གནའ་ཤུལ་རྟོག་དཔྱོད་བྱེད་པའི་ཐབས་ལ་བརྟེན་ནས་ཆུ་དྭངས་ཉ་མོ་ལྟར་གསལ་ལེར་མངོན་རྒྱུར་སོ་ཕག་འཕངས་ནས་གཡང་ཏྲི་ལེན་པའི་ཀུན་སློང་ཁོ་ན་ཙམ་མོ། །