བོད་མི་ས་མཐོར་འཕྲོད་པའི་གཞི་རྒྱུ་གསར་པ་ཤེས་རྟོགས་བྱུང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-24


        ཚེས་18ཉིན། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སུའོ་དེའི་སུའུ་པིང་རུ་ཁག་གིས་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་སོགས་སྡེ་ཚན་དང་མཉམ་ལས་བྱས་ནས། “བོད་མི་སྟོང་གི་གཞི་རྒྱུའི་ཚོགས་པ་”ཁྱབ་བསྒྲགས་བྱས་པ་དང་འབྲེལ། ས་མཐོར་འཕྲོད་པའི་གཞི་རྒྱུ་གསར་པ་ཤེས་རྟོགས་བྱུང་བ་རེད། འབྲེལ་ཡོད་ཞིབ་འཇུག་གི་འབྲས་བུ་ཉེ་ཆར《Genome Biology》ཞེས་པའི་ཐོག་སྤེལ་ཡོད་པ་རེད།

        བོད་རིགས་མང་ཚོགས་ས་བབ་མཐོ་བའི་ཁོར་ཡུག་ལ་འཕྲོད་པ་ནི་དེང་རབས་མིའི་འཚམ་མཐུན་རང་བཞིན་འཕེལ་འགྱུར་གྱི་དཔེ་མཚོན་ཡག་ཤོས་ཀྱི་གྲས་ཤིག་ཡིན། རྒྱུད་འཛིན་རིག་པ་དང་གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་ལས། བོད་རིགས་མང་ཚོགས་ཀྱི་མེས་པོ་རྡོ་ཆས་རྙིང་མའི་དུས་རབས་སུ་མཚོ་བོད་ས་མཐོར་གནས་སྤོ་བྱས་པ་དང་། མི་རབས་ནས་མི་རབས་བར་གྱི་རང་བཞིན་གྱི་གདམ་གསེས་བྱས་པ་དེས་བོད་རིགས་མང་ཚོགས་ལ་མཐུན་འཕྲོད་རང་བཞིན་གྱི་རྒྱུད་འཛིན་གཞན་འགྱུར་བྱུང་བ་མ་ཟད། ད་དུང་ལུས་ཁམས་ཐོག་གི་མཐུན་འཕྲོད་བྱུང་བའི་ཁྱད་ཆོས་ཏེ་ཅུང་དམའ་བའི་ཁྲག་དམར་སྤྲི་དཀར་ཆུ་ཚད་དང་། གསོ་རླུང་ཉུང་བའི་ཁོར་ཡུག་འོག་དབུགས་རྒྱུ་ཚད་ཆེ་བའི་སྣང་ཚུལ། གློ་སྙིང་གི་བྱེད་ནུས་དེ་བས་ལེགས་པོ་དང་། སྐྱེ་འཕེལ་ལ་འཚམ་ཚད་ཆེ་བ་སོགས་ཐོབ་ཡོད་པ་རེད།

        གཞི་རྒྱུའི་ཚོགས་པའི་དུས་རབས་སུ་སླེབས་པ་ནས་བཟུང་། རྒྱལ་ཁབ་ཕྱི་ནང་གི་མཁས་དབང་གིས་གཞི་རྒྱུའི་ཚོགས་པའི་བརྡ་རྟགས་བཤེར་འབེབས་ལ་བརྟེན་ནས་བོད་རིགས་མང་ཚོགས་ཀྱི་གཞི་རྒྱུའི་ཚོགས་པའི་ཁྲོད་དུ་གདམ་གསེས་དངོས་ཀྱི་གཞན་འགྱུར་གྱི་གནས་ས་རབ་དང་རིམ་པ་རྙེད་ཅིང་། བསྡོམས་པས་གཞི་རྒྱུ་682སྒྲོག་སྤེལ་བྱས། ཡིན་ནའང་། མ་དཔེའི་ཚད་ཆུང་བ་དང་། གཞན་འགྱུར་གནས་ཀྱི་སྟུག་ཚད་དམའ་བ། བཤེར་འཇལ་བྱེད་ཐབས་ཁེར་རྐྱང་ཡིན་པ་སོགས་ཀྱི་བཀག་རྒྱའི་རྐྱེན། EPAS1དང་EGNL1གཞི་རྒྱུ་གཉིས་ཁོ་ན་ཁེར་ཚུགས་ཞིབ་འཇུག་མང་པོའི་ཁྲོད་ནས་བདེ་བླག་ངང་བསྐྱར་ཟློས་བྱེད་ཐུབ་པ་ལས། གཞི་རྒྱུ་གཞན་པའི་གདམ་གསེས་བརྡ་རྟགས་སྔར་བཞིན་གཏན་ཁེལ་བྱུང་མེད། གཞན་ཡང་མིག་སྔའི་བྱེད་ནུས་ཞིབ་འཇུག་ལས་གཞི་རྒྱུ་འདི་གཉིས་ཀྱིས་མཐུན་འཕྲོད་རང་བཞིན་གྱི་རྣམ་པ་ཉུང་ཤས་ཤིག་ལས་འགྲེལ་བཤད་བྱེད་མི་ཐུབ་པ་དང་། བོད་རིགས་མང་ཚོགས་ས་མཐོར་མཐུན་འཕྲོད་ཀྱི་ཁྱད་ཆོས་གཞན་དག དཔེར་ན། གློ་སྙིང་གི་ནུས་པ་དེ་བས་ཡག་པོ་ཡོད་པ་དེ་མིག་སྔར་གྱི་གཞི་རྒྱུ་འདིའི་འགྲེལ་བཤད་ཐུབ་ཀྱི་མེད་པ་རེད།

        བོད་རིགས་མང་ཚོགས་ས་མཐོར་འཕྲོད་པའི་རྒྱུད་འཛིན་གནས་ས་དེར་ཁྱོན་ཡོངས་ནས་དཔྱད་དཔོག་བྱ་ཆེད། ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་ཡི་སུའུ་པིང་རུ་ཁག་གིས་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་སོགས་སྡེ་ཚན་དང་མཉམ་ལས་བྱས་ནས། བོད་མི་1001གི་WGSརབས་གཉིས་པའི་གཞི་གྲངས་ཐོན་པ་དང་། མ་དཔེ་དེས་ཀྲུང་གོའི་མཚོ་བོད་ས་མཐོའི་མི་འབོར་ཁྱབ་ཚུལ་ཁུལ་གཙོ་བོར་ཁྱབ་ཡོད་པ་རེད། “བོད་མི་སྟོང་གི་གཞི་རྒྱུའི་གྲུབ་ཆའི”གཞི་གྲངས་ལ་རྒྱུད་རིམ་ལྡན་པའི་དབྱེ་ཞིབ་བྱས་པ་བརྒྱུད། གཞན་འགྱུར་ཁྲི་3500ཤེས་རྟོགས་བྱུང་བའི་ནང་། སུམ་ཆ་གཅིག་ལས་བརྒལ་བ་ནི་གསར་དུ་ཤེས་རྟོགས་བྱུང་བའི་གཞན་འགྱུར་ཞིག་རེད།

        གཞི་ཁྱོན་ཆེ་བའི་WGSགཞི་གྲངས་སྤྱད་དེ། བོད་རིགས་མང་ཚོགས་ཀྱི་གཞན་འགྱུར་གནས་སའི་བརྒྱུད་ལམ་དང་འབྲེལ་ཕྲེང་དོ་མཉམ་མིན་པའི་ཐབས་ལ་བརྟེན་ནས། ཞིབ་འཇུག་མི་སྣས་བོད་རིགས་མང་ཚོགས་ཀྱི་གཞི་རྒྱུའི་ཚོགས་པའི་དཔྱད་གཞིའི་ངོས་པང་ཐོག་མར་དེ་བསྐྲུན་ཡོད་པ་རེད། གཞན་ཡང་། བརྡ་རྟགས་མང་བོའི་ཕྱོགས་བསྡུས་དབྱེ་ཞིབ་བྱེད་ཐབས་སྤྱད་པ་བརྒྱུད། བོད་རིགས་མང་ཚོགས་ཀྱི་གཞི་རྒྱུའི་ཚོགས་པའི་ཁྲོད་ཏར་ཝུན་གྱིས་གདམ་གསེས་དངོས་རྒྱུད་འཛིན་གནས་ས་དང་གཞི་རྒྱུ་སླར་ཡང་གཏན་འཁེལ་བྱས་པ་དང་། དེའི་ནང་མཐོ་ལ་བློས་འགེལ་ཆོག་པའི་གནས་4320ཚུད་ཡོད་པ་དང་། གཞི་རྒྱུ་192འབྲེལ་བ་ཡོད་པ་རེད།

        བྱེད་ནུས་མཆན་འགྲེལ་དང་འབེལ་ཚོགས་དབྱེ་ཞིབ་བྱས་པ་ལས་མངོན་པར། གཞི་རྒྱུ་192དེ་གཞི་རྒྱུ་དབང་པོ་དང་ལུས་ཁམས་མ་ལག་མང་པོ་དང་འབྲེལ་བ་ཡོད་པ་དང་། དེས་བོད་རིགས་མང་ཚོགས་ས་མཐོར་འཕྲོད་པ་ནི་གཞི་རྒྱུ་མང་བའི་ནུས་སྣང་ཡིན་པའི་རྟོག་བཤད་རྒྱབ་སྐྱོར་བྱས་ཡོད། དེ་དང་ཆབས་ཅིག ཞིབ་འཇུག་ཚོགས་པས་གདམ་གསེས་བརྡ་རྟགས་དྲག་པོ་ལྡན་པའི་གཞི་རྒྱུ་གསར་པ་4ཤེས་རྟོགས་བྱུང་བ་སྟེ།TMEM132C、ATP13A3、SANBR、KHDRBS2བཅས་བོད་མིར་གློ་སྙིང་གི་ནུས་པ་ཡག་པོ་ཡོད་པ་དང་འབྲེལ་བ་ཡོད་པ་རེད།

        ཞིབ་འཇུག་དེ་གཞི་ཁྱོན་ཆེ་བའི་བོད་རིགས་གཞི་རྒྱུའི་ཚོགས་པའི་ཚད་ལེན་གོ་རིམ་གྱི་གཞི་གྲངས་དང་། ཤེས་རྟོགས་བྱུང་བའི་མཐུན་འཕྲོད་རང་བཞིན་གྱི་གཞི་རྒྱུ་ལ་རྨང་གཞི་བྱས་ཤིང་། འབྱུང་འགྱུར་ས་མཐོའི་ས་ཁུལ་མི་ཚོགས་ཀྱི་རྒྱུད་འཛིན་དང་གསོ་རིག་ཞིབ་འཇུག་གི་རྩ་ཆེའི་ཐོན་ཁུངས་ཤིག་ཏུ་འགྱུར་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1